ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས།(གསུམ་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཐུ་བོ་ཆེས་བསྒྱུར།   སྤེལ་དུས། : 2023-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལེའུ་གཉིས་པ། སྐྱེ་ཁམས་བདེ་འཇགས་ཁྱབ་ཚུལ།

དོན་ཚན་བཅུ་གཅིག་པ། རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཁྱབ་ཚུལ་ལ་སྤྱི་འདོམས་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་དང་བྱེ་མ་འཁྱགས་དར་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། གཙོ་གནད་སྐྱེ་ཁམས་མ་ལག་གི་སྲུང་སྐྱོང་སླར་གསོའི་བཟོ་འགོད་གལ་ཆེན་ལག་བསྟར་བྱེད་པ་དང་། ཆུའི་ཐོན་ཁུངས་ཀྱི་གསོག་ཉར་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་། ས་ཆུ་སྲུང་འཛིན། རླུང་འགོག་བྱེ་འཇགས། སྐྱེ་ཁམས་མ་ལག་གི་ཐཱན་འདུས་སོགས་སྐྱེ་ཁམས་བྱེད་ནུས་གཙོ་བོ་ཡིན་པའི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་མ་ལག་ལེགས་བཅོས་བྱས་ནས། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་སྣ་མང་རང་བཞིན། གཏན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོར་འདེགས་སུ་གཏོང་བ་དང་། སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་ནུས་པ་དང་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་བྱེད་ནུས་ཇེ་ཆེར་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་འཐབ་ཇུས་རྟེན་གཞི་འཛུགས་སྐྲུན་བྱེད་དགོས།

དོན་ཚན་བཅུ་གཉིས་པ། མཚོ་བོད་མཐོ་སྒང་གི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ཀྱི་རྒྱལ་ཁོངས་བར་སྟོངས་འཆར་འགོད་བྱེད་པར། ངེས་པར་དུ་རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་གི་རྒྱལ་ཁབ་མངའ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོང་བྱེད་པའི་འབྲེལ་ཡོད་བླང་བྱ་དངོས་འབེབས་བྱས་ནས། ཞིང་ལས་དང་སྐྱེ་ཁམས། གྲོང་རྡལ་སོགས་ཀྱི་བྱེད་ནུས་བར་སྟོངས་ཞིབ་ཕྲས་བཀོད་སྒྲིག་བྱེད་དགོས་ལ། རྨོ་ཞིང་དང་སྐྱེ་ཁམས། མཁར་གྲོང་སོགས་ཀྱི་བྱེད་ནུས་བར་སྟོངས་བཀོད་སྒྲིག་ཞིབ་ཕྲ་བྱེད་པ་དང་། རྨོ་ཞིང་དང་གཏན་ཆགས་གཞི་རྩའི་ཞིང་ས། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག མཁར་གྲོང་གསར་སྤེལ་སོགས་ཀྱི་མཐའ་མཚམས་དབྱེ་འབྱེད་ལ་སྤྱི་འདོམས་བྱེད་དགོས། མཚོ་བོད་མཐོ་སྒང་གི་རྒྱལ་ཁབ་མངའ་ཁོངས་བར་སྟོངས་བེད་སྤྱོད་དང་འབྲེལ་བའི་ཆེད་དམིགས་འཆར་འགོད་དེ་ངེས་པར་དུ་རྒྱལ་ཁབ་བར་སྟོངས་འཆར་འགོད་དང་ཕན་ཚུན་འབྲེལ་མཐུད་བྱེད་དགོས།

དོན་ཚུན་བཅུ་གསུམ་པ། མཚོ་བོད་མཐོ་སྒང་གི་རྒྱལ་ཁབ་མངའ་ཁོངས་བར་སྟོངས་གསར་སྤེལ་བེད་སྤྱོད་ཀྱི་བྱ་འགུལ་དེ་ངེས་པར་དུ་རྒྱལ་ཁབ་བར་སྟོངས་ཀྱི་སྤྱོད་ཡུལ་རྩིས་སྤྲོད་དོ་དམ་བླང་བྱ་དང་མཐུན་དགོས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བར་སྟོངས་ནང་གི་སྤྱོད་ཡུལ་བརྗེ་སྒྱུར་བྱེད་པར་ངེས་པར་དུ་ནགས་ཚལ་དང་རྩྭ་ཐང་། ཆུ་བོ། མཚེའུ། རླན་ས། གངས་འཁྱགས། བྱེ་མ་སོགས་སྐྱེ་ཁམས་མ་ལག་གི་སྐྱེ་ཁམས་བྱེད་ནུས་ཇེ་ཆེར་གཏོང་བར་ཕན་ནུས་ཡོད་དགོས། 

མཚོ་བོད་མཐོ་སྒང་གི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་ནང་ཁུལ་གྱི་མིའི་རིགས་ཀྱི་འགུལ་སྐྱོད་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ཏེ། དུས་བཅད་ལྟར་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་ལ་དཔྱད་འཇོག་བྱེད་དགོས།

དོན་ཚུན་བཅུ་བཞི་པ། མཚོ་བོད་མཐོ་སྒང་གི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་བེད་སྤྱོད་གནས་ཚུལ་ལ་གཞིགས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དང་ཁོར་ཡུག་སྤུས་ཚད་ཀྱི་ཚད་མཐའ། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་ཐིག་གི་བླང་བྱ་ལྟར། ནན་ཏན་སྒོས་སྐྱེ་ཁམས་ཁོར་ཡུག་གི་ས་ཁོངས་དབྱེ་བགོའི་དོ་དམ་ཚོད་འཛིན་བྱེད་ཐབས་དང་སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་གསལ་ཐོ་བཟོ་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཁག་ལ་སྙན་ཞུ་ཐོ་འགོད་བྱས་རྗེས་ལག་བསྟར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་དབྱེ་བགོའི་དོ་དམ་ཚོད་འཛིན་འཆར་འགོད་དང་སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་གསལ་ཐོ་དེ་ངེས་པར་དུ་རྒྱལ་ཁབ་བར་སྟོངས་འཆར་འགོད་དང་ཕན་ཚུན་འབྲེལ་མཐུད་བྱེད་དགོས།

དོན་ཚན་བཅོ་ལྔ་པ། རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་གི་ནགས་ཚལ་དང་མཐོ་གྲང་ན་སྤང་། རྩྭ་ཐང་། ཆུ་བོ། མཚེའུ། རླན་ས། གངས་རི་འཁྱགས་དར། མཐོ་སྒང་ས་འཁྱགས། བྱེ་མ། ཆུ་ཁུངས་སོགས་སྐྱེ་ཁམས་མ་ལག་གི་སྲུང་སྐྱོང་ལ་ཤུགས་བསྣན་ཏེ། གཙང་གསུམ་འབྱུང་ཡུལ(འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ)གྱི་རྩྭ་ཐང་ན་སྤང་རླན་སའི་སྐྱེ་ཁམས་བྱེད་ནུས་ཁུལ་དང་མཛོད་དགེ་རྩྭ་ཐང་གི་རླན་ས་སྐྱེ་ཁམས་བྱེད་ནུས་ཁུལ། ཀན་ལྷོའི་རྨ་ཆུའི་ཆུ་ཁུངས་གསབ་ས་གལ་ཆེན་གྱི་སྐྱེ་ཁམས་བྱེད་ནུས་ཁུལ། མདོ་ལ་རི་བོའི་གངས་འཁྱགས་དང་ཆུའི་ཐོན་ཁུངས་གསོག་ཉར་སྐྱེ་ཁམས་བྱེད་ནུས་ཁུལ། ཨར་ཅིན་རྩྭ་ཐང་བྱེ་འགྱུར་ཅན་འགོག་བཅོས་བྱེད་པའི་སྐྱེ་ཁམས་བྱེད་ནུས་ཁུལ། ཁྲོན་ཏེན་ནགས་ཚལ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྐྱེ་ཁམས་བྱེད་ནུས་ཁུལ། བོད་ལྗོངས་ཤར་རྒྱུད་ཀྱི་མཐོ་སྒང་ས་མཐའི་ནགས་ཚལ་སྐྱེ་ཁམས་བྱེད་ནུས་ཁུལ། བོད་ལྗོངས་ལྷོ་བྱང་གི་བྱང་ཐང་མཐོ་སྒང་བྱེ་མའི་སྐྱེ་ཁམས་བྱེད་ནུས་ཁུལ། ཇོ་མོ་གླང་མའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཆུའི་ཐོན་ཁུངས་གསོག་ཉར་སྐྱེ་ཁམས་བྱེད་ནུས་ཁུལ་སོགས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་གྱི་ཆུའི་ཐོན་ཁུངས་གསོག་ཉར་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། ས་ཆུ་སྲུང་འཛིན། རླུང་འགོག་བྱེ་འཇགས་སོགས་ཀྱི་སྐྱེ་ཁམས་བྱེད་ནུས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་དགོས།

དོན་ཚན་བཅུ་དྲུག་པ། རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་རང་བྱུང་སྲུང་སྐྱོང་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོབ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཚོ་བོད་མཐོ་སྒང་གི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་མཚོ་བོད་མཐོ་སྒང་གི་དཔེར་མཚོན་སྐྱེ་ཁམས་མ་ལག་གལ་ཆེན་གྱི་ཆ་ཚང་ཁྱབ་ཁུལ་དང་སྐྱེ་ཁམས་ཁོར་ཡུག་གི་ཚོར་སྐྱེན་ཁུལ། རྩ་ཆེའི་སྟོངས་ཉེན་ཆེ་བའམ་ཡང་ན་དམིགས་བསལ་དུ་ཡོད་པའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་རང་བྱུང་གཅིག་སྡུད་ཁྱབ་ཁུལ་དང་ངལ་གསོ་ས་གལ་ཆེན། རང་བྱུང་ཤུལ་བཞག་གལ་ཆེན། རང་བྱུང་ལྗོངས་ཁུལ་གལ་ཆེན་ཁྱབ་ཁུལ་སོགས་ཀྱི་ས་ཁོངས་སུ། ཁྲིམས་ལྟར་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ། རང་བྱུང་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ས་ཁུལ་བཙུགས་ཆོག་ལ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། བྱང་ཐང་། ཇོ་མོ་གླང་མ། ཀའོ་ལིའི་རི་བོ་ཀུང་ཧྲན། གངས་དཀར་རི་བོ་སོགས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་གྱི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་འཛིན་བྱེད་དགོས།

དོན་ཚན་བཅུ་བདུན་པ། མཚོ་བོད་མཐོ་སྒང་གི་ཐོན་ལས་སྒྲིག་གཞི་དང་ཁྱབ་ཚུལ་ནི་ངེས་པར་དུ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལ་ཕན་ཚུན་འཕྲོད་མཐུན་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཚོ་བོད་མཐོ་སྒང་གི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་མངའ་ཁོངས་བར་སྟོངས་ཀྱི་འཆར་འགོད་བླང་བྱ་དང་བསྟུན་ནས། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་ཐོན་སྐྱེད་ནུས་པའི་ཁྱབ་ཚུལ་ལེགས་བཅོས་བྱས་ཏེ། ཐོན་ཁུངས་བསྲི་ཚགས་ཅན་དང་ཁོར་ཡུག་མཛའ་བརྩེ་ཅན་གྱི་ཐོན་ལས་དམིགས་བསལ་གྱིས་འཕེལ་རྒྱས་སུ་གཏོང་དགོས་ལ། འོས་འཚམ་གྱིས་སྐྱེ་ཁམས་ཡུལ་སྐོར་དང་ཁྱད་ལྡན་རིག་གནས། ཁྱད་ལྡན་ཞིང་ཕྱུགས་ལས། མི་རིགས་ཁྱད་ལྡན་ལག་ཤེས་བཟོ་རྩལ་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། ལྗང་མདོག་དང་ཐཱན་ཉུང་། འཁོར་རྒྱུག་གི་དཔལ་འབྱོར་མ་ལག་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས།

མཚོ་བོད་མཐོ་སྒང་དུ་ཐོན་ལས་ལས་གཞི་གསར་འཛུགས་དང་རྒྱ་བསྐྱེད་བྱེད་པར་ངེས་པར་དུ་ས་ཁོངས་གཙོ་གཞིའི་བྱེད་ནུས་ཚད་གཞི་དང་རྒྱལ་ཁབ་ཐོན་ལས་སྲིད་ཇུས་ཀྱི་བླང་བྱ་དང་མཐུན་དགོས་ལ། ནན་ཏན་སྒོས་རང་བྱུང་ཐོན་ཁུངས་གསར་སྤེལ་དང་། ཐོན་ལས་ཀྱི་ཆོག་འཐུས་དང་ཕྱིར་འབུད་གཏན་འཁེལ་ལག་བསྟར་བྱེད་དགོས། (མུ་འགོད)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།