ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས།(དང་པོ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཐུ་བོ་ཆེས་བསྒྱུར།   སྤེལ་དུས། : 2023-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2023ལོའི་ཟླ4པའི་ཚེས26ཉིན་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་འཆམ་བྱུང་བ)

དཀར་ཆག

ལེའུ་དང་པོ། སྤྱིའི་རྩ་དོན།

ལེའུ་གཉིས་པ། སྐྱེ་ཁམས་བདེ་འཇགས་ཁྱབ་ཚུལ།

ལེའུ་གསུམ་པ། སྐྱེ་ཁམས་བདེ་འཇགས་སླར་གསོ།

ལེའུ་བཞི་པ། སྐྱེ་ཁམས་ཉེན་ཁ་འགོག་སྡོམ།

ལེའུ་ལྔ་པ། འགན་སྲུང་དང་ལྟ་སྐུལ།

ལེའུ་དྲུག་པ། བཅའ་ཁྲིམས་འགན་འཁྲི།

ལེའུ་བདུན་པ། ཞར་བྱུང་དོན་ཚན།

 ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་སྐྱེ་ཁམས་ཉེན་ཁ་འགོག་སྡོམ་བྱེད་པ། སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱེད་པ། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་གཏན་ཁེལ་བྱས་པ་ཡིན།

དོན་ཚན་གཉིས་པ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པ་དང་འབྲེལ་ཡོད་བྱ་འགུལ་སྤེལ་ན་བཅའ་ཁྲིམས་འདི་སྤྱོད་དགོས། བཅའ་ཁྲིམས་འདི་ལས་གཏན་ཁེལ་བྱས་མེད་པའི་རིགས། གཞན་པའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཁེལ་སྤྱོད་དགོས། བཅའ་ཁྲིམས་འདིའི་ནང་མཚོ་བོད་མཐོ་སྒང་ཅེས་པ་ནི། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁུལ་ཚང་མ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་སི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་ཀྱི་འབྲེལ་ཡོད་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་བཅས་ཡིན།

དོན་ཚན་གསུམ་པ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ངེས་པར་དུ་རང་བྱུང་ལ་བརྩི་བཀུར་དང་རང་བྱུང་ལ་བབ་བསྟུན། རང་བྱུང་ལ་སྲུང་སྐྱོང་བྱེད་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་རང་བྱུང་སླར་གསོ་གཙོ་བོར་འཛིན་པ་དང་། རང་བྱུང་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་མཚམས་དམ་སྲུང་བྱེད་དགོས་ཤིང་། སྤྱི་འདོམས་མཐུན་སྦྱོར་དང་རིགས་དགར་ཇུས་བསྟར། ཚན་རིག་འགོག་སྡོམ། མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་དགོས།

དོན་ཚན་བཞི་པ། རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་ལམ་སྲོལ་བཙུགས་པ་དེས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་སྤྱི་ཡོངས་མཛུབ་སྟོན་དང་ཕྱོགས་བསྡུས་མཐུན་སྦྱོར་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་གཙོ་གནད་སྲིད་ཇུས་དང་གཙོ་གནད་འཆར་འགོད། གཙོ་གནད་ལས་གཞི་ལ་གྲོས་ཞིབ་བྱེད་པ་དང་། ས་ཁོངས་བརྒལ་བ་དང་སྡེ་ཁག་བརྒལ་བའི་གནད་དོན་གལ་ཆེན་ལ་མཐུན་སྦྱོར་བྱས་ནས། འབྲེལ་ཡོད་བྱ་བ་གཙོ་བོའི་དངོས་འབེབས་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲིའི་ལས་བགོས་ལྟར། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་ཡོད་ལས་དོན་ལ་འགན་ཁུར་དགོས། 

དོན་ཚན་ལྔ་པ། མཚོ་བོད་མཐོ་སྒང་ས་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་སྲིད་འཛིན་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་སྐྱེ་ཁམས་ཉེན་ཁ་འགོག་སྡོམ། ཐོན་ལས་སྒྲིག་གཞི་དང་ཁྱབ་ཚུལ་ལེགས་སྒྱུར། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་འགན་འཁྲི་དངོས་འབེབས་བྱེད་དགོས། མཚོ་བོད་མཐོ་སྒང་གི་འབྲེལ་ཡོད་ས་ཁུལ་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ས་གནས་སྲིད་གཞུང་གི་སྒྲིག་སྲོལ་བཟོ་བ། འཆར་འགོད་སྒྲིག་བཟོ། ཁྲིམས་འཛིན་ལྟ་སྐུལ་སོགས་ཀྱི་ཐད་མཐུན་སྦྱོར་ལ་ཤུགས་སྣོན་པའི་དགོས་མཁོར་གཞིགས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།  (མུ་འགོད)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།