ཀྲུང་གོ་བོད་ཀྱི་དྲ་བ།

སྒེར་གྱི་སྨྱན་སྦྱོར་སྐོར་གྱི་དོ་དམ་གཏན་འབེབས་གསར་ཤོས།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན     སྤེལ་དུས། : 2023-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།
       སྒེར་གྱི་སྨྱན་སྦྱོར་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དྲ་ཚིགས་ཆ་འཕྲིན་ནང་དོན་དོ་དམ་གྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། དྲ་འཕྲིན་ཀྲུང་གོ་ཞེས་པའི་སྐད་འཕྲིན་སྤྱི་སྟེགས་ཐོག《སྒེར་གྱི་སྨྱན་སྦྱོར་དོ་དམ་ཐད་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད།

1. རྫུན་བཟོའི་བྱ་སྤྱོད་ནན་འགོག་བྱ་དགོས། སྨྱན་སྦྱོར་ཨང་རྟགས་ཀྱི་ཆ་འཕྲིན་ནང་ཏང་སྲིད་དང་དམག་དོན། སྡེ་ཚན། གསར་འགྱུར་ལས་ཁུངས། སྲིད་འཛིན་ས་ཁོངས་སོགས་ཀྱི་མིང་ངམ་ཡང་ན་མཚོན་རྟགས་ཡོད་རིགས། ངེས་པར་མིའི་ཐབས་ཀྱིས་ཞིབ་བཤེར་གཏན་འབེབས་བྱ་དགོས།
2. ཐོབ་ཐང་བདེན་དཔང་ར་སྤྲོད་བྱེད་ཤུགས་ཆེ་རུ་གཏང་དགོས། དངུལ་རྩ་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན། ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་ཆ་འཕྲིན་དང་འབྲེལ་བ་ཡོད་པའི་སྒེར་གྱི་སྨྱན་སྦྱོར་སྟེགས་བུར་ཞིབ་དཔྱད་ནན་པོ་བྱ་དགོས་པར་མ་ཟད། ཐོ་འགོད་ཨང་རྟགས་ཀྱི་གཙོ་ངོས་སུ་དེའི་ཐད་ཀྱི་ཞབས་ཕྱིའི་ཐོབ་ཐང་དང་ལས་རིགས་ཀྱི་ཐོབ་ཐང་། ཆེད་ལས་ཀྱི་རྒྱབ་ལྗོངས་སོགས་ཀྱི་བདེན་དཔང་ར་སྤྲོད་དཔྱད་ཡིག་ཁ་གསལ་སྟོན་དགོས་པ་དང་། ཁོངས་གཏོགས་ཁྱབ་ཁོངས་ཀྱི་ནང་དོན་ཁ་ཕྱོགས་ཐོ་འགོད་གསལ་པོ་བྱ་དགོས།
3. ཆ་འཕྲིན་ཡོང་ཁུངས་ཀྱི་མཚོན་རྟགས་ཚད་ལྡན་བཟོ་དགོས། སྒེར་གྱི་སྨྱན་སྦྱོར་ཐོག་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་དང་སྤྱི་པའི་སྲིད་ཇུས། སྤྱི་ཚོགས་ཀྱི་གནས་ཚུལ་སོགས་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་སྤེལ་སྐབས། ཆ་འཕྲིན་ཡོང་ཁུངས་ཁ་གསལ་འགོད་དགོས་པ་དང་། རང་གིས་བླངས་པའི་པར་རིས་དང་བརྙན་རིས་སྤེལ་སྐབས། པར་ལེན་དུས་ཚོད་དང་ས་གནས་སོགས་ཀྱི་ཆ་འཕྲིན་རེ་རེ་བཞིན་འགོད་དགོས། ལག་རྩལ་ལས་གྲུབ་པའི་པར་དང་བརྙན་བེད་སྤྱོད་སྐབས་ལག་རྩལ་ལས་གྲུབ་པའི་སྐོར་གསལ་བཤད་ཁ་གསལ་བཟོ་དགོས། འདས་ཟིན་པའི་གནས་ཚུལ་དེའི་རིགས་ལུང་དུ་འདྲེན་སྐབས་དོན་རྐྱེན་དེ་ཐོན་པའི་དུས་ཚོད་དང་ཐོན་ཡུལ་གསལ་པོར་འགོད་དགོས།
4. ཆ་འཕྲིན་གྱི་དོན་དངོས་རང་བཞིན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། དྲ་ཚིགས་ལས་སྟེགས་ཀྱིས་སྒེར་གྱིས་སྨྱན་སྦྱོར་སྟེགས་བུའི་ཐོག་བརྒྱུད་འགོད་བྱས་པའི་ཆ་འཕྲིན་བདེན་པ་ཡིན་མིན་ལ་འགན་འཁུར་དགོས་པའི་བླང་བྱ་འདོན་དགོས། སྒེར་གྱི་སྨྱན་སྦྱོར་བརྒྱུད་ཆ་འཕྲིན་སྤེལ་སྐབས། ཆ་འཕྲིན་ཁྱབ་བསྒྲགས་དྲ་དངོས་སུ་སྒེར་གྱི་སྨྱན་སྦྱོར་སྟེགས་བུའི་དྲ་མིང་སྟོན་དགོས་པ་ལས། དྲ་མིང་མི་བཀོད་པ་དང་གཞན་ཀྱིས་ཚབ་བྱ་མི་ཆོག་པ་དང་། སྒེར་གྱི་སྨྱན་སྦྱོར་ཐོག་ཆ་འཕྲིན་སྤེལ་སྐབས་ཁུངས་མེད་རྫུན་བཟོ་བྱ་མི་ཆོག་པ། ནང་དོན་ཆ་མི་ཚང་བ་འགོད་མི་ཆོག་པ། དོན་དངོས་འཁྱོག་བཤད་བྱ་མི་ཆོག་པ། སྒྲིག་སྦྱོར་རྫུན་བཟོ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཆ་འཕྲིན་རྫུན་མ་སྤེལ་མི་ཆོག་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
5. རྫུན་བཟོའི་ནང་དོན་དང་རྩོད་གཞི་ཡོད་པའི་ཆ་འཕྲིན་ཐད་ཆེད་དུ་གསལ་བཤད་བཟོ་དགོས། སྒེར་གྱི་སྨྱན་སྦྱོར་ཐོག་སྤེལ་བའི་གནས་ཚུལ་བཅོས་མ་དང་འཁྲབ་སྟོན་བྱེད་པའི་ནང་དོན་ཐད་གསལ་བཤད་ཐོ་འགོད་ཁ་གསལ་བཟོ་དགོས། དྲ་ཚིགས་ལས་སྟེགས་ཀྱིས་རྩོད་གཞི་ཡོད་པའི་ཆ་འཕྲིན་རིགས་ལ་གསལ་བཤད་ཐོ་འགོད་ཁ་གསལ་བཟོ་དགོས་པར་མ་ཟད། འབྲེལ་ཡོད་ཆ་འཕྲིན་ལ་ཚོད་འཛིན་བྱ་དགོས་པའི་སྐུལ་མ་གཏང་དགོས།
6. དཀྲོག་གཏམ་ཆ་འཕྲིན་ལ་གསལ་བཤད་འགོད་པའི་ནུས་པ་འཐུས་ཚང་དུ་གཏང་དགོས། སྤྱི་པའི་སྲིད་ཇུས་དང་སྤྱི་ཚོགས་ཀྱི་དམངས་འཚོ། གློ་བུར་བྱུང་བའི་དོན་རྐྱེན་གལ་ཆེ་རིགས་སོགས་ཀྱི་དཀྲོག་གཏམ་ལ་དྲ་ཚིགས་ལས་སྟེགས་ཀྱིས་དུས་ཐོག་ཏུ་དཀྲོག་གཏམ་ཆ་འཕྲིན་གྱི་ཤོག་བྱང་བཀོད་ནས་ཚོད་འཛིན་བྱ་དགོས། དམིགས་བསལ་གྱི་དཀྲོག་གཏམ་བཙལ་འཚོལ་བྱས་ཏེ། དྲ་ངོས་སུ་རྫུན་གཏམ་ཐེར་འདོན་གྱི་ཆ་འཕྲིན་མངོན་པར་བྱས་ཐོག་རྩི་ཐབས་འོས་སྦྱོར་སོགས་ཀྱི་བྱེད་སྟངས་སྤྱད་དེ། རྫུན་གཏམ་ཐེར་འདོན་གྱི་ཆ་འཕྲིན་བསྡུ་ལེན་བྱེད་ཚད་མཐོ་རུ་དང་རྫུན་གཏམ་ཐེར་འདོན་གྱི་ཕན་འབྲས་ཆེ་རུ་གཏང་དགོས།
7. སྒེར་གྱི་སྨྱན་སྦྱོར་སྟེགས་བུའི་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏང་དགོས། མི་གཅིག་ལ་སྨྱན་སྦྱོར་སྟེགས་བུ་གཅིག་དང་ཁེ་ལས་གཅིག་ལ་སྨྱན་སྦྱོར་སྟེགས་བུ་གཉིས་ཐོ་འགོད་བྱེད་ཆོག་པའི་གཏན་འབེབས་ལྟར། མི་སྒེར་རམ་ཡང་ན་ཁེ་ལས་ཀྱིས་སྒེར་གྱི་སྨྱན་སྦྱོར་བཀོལ་སྤྱོད་བྱས་ནས་ཁྲིམས་འགལ་ངང་ཆ་འཕྲིན་ཁྱབ་སྤེལ་མི་བྱེད་པར་སྒེར་གྱི་སྨྱན་སྦྱོར་ཐོག་སྤུས་ཚད་མཐོ་བའི་ཆ་འཕྲིན་གྱི་ནང་དོན་ཁྱབ་བསྒྲགས་བྱ་དགོས། དྲ་ཚིགས་ལས་སྟེགས་ཀྱིས་སྒེར་གྱི་སྨྱན་སྦྱོར་ཀྱི་རྩིས་ཨང་ཆ་འཕྲིན་ལ་ཞིབ་བཤེར་བྱ་རྒྱུར་ཤུགས་བསྣན་ནས། ཁྲིམས་ལྟར་དེ་སྔ་སྒོ་བརྒྱབ་པའི་སྨྱན་སྦྱོར་སྟེགས་བུ་དེ་དག་བསྐྱར་དུ་ཐོ་འགོད་བྱེད་པར་བཀག་འགོག་བྱ་དགོས།
8. ཚོང་གཉེར་དབང་ཆའི་ཐད་ཀྱི་ཆ་རྐྱེན་ཁ་གསལ་བཟོ་དགོས། སྒེར་གྱི་སྨྱན་སྦྱོར་ཐོག་ཚོང་གཉེར་བྱེད་འདོད་ཡོད་ཚེ། ཟླ3ནང་ཚུན་དུ་སྒྲིག་འགལ་གྱི་ཟིན་ཐོ་མེད་པར་བྱ་དགོས། སྨྱན་སྦྱོར་རྩིས་ཨང་གི་བྱེད་པོར་འགྱུར་ལྡོག་བཏང་ཚེ། འགྱུར་ལྡོག་གཏོང་བའི་ཉིན་མོ་ནས་བརྩིས་པའི་ཟླ3ནང་ཁེ་གཉེར་དབང་ཆ་གནས་སྐབས་མཚམས་འཇོག་དགོས།
9. སྒྲིག་འགལ་བྱ་སྤྱོད་ཐོག་ནས་ཁེ་ཕན་གཉེར་བར་ཚོད་འཛིན་བྱ་དགོས། དྲ་ཚིགས་ལས་སྟེགས་ཀྱིས་སྒེར་གྱི་སྨྱན་སྦྱོར་སྟེགས་བུ་བརྒྱུད་དྲ་ཐོག་ཏུ་སྒྲིག་འགལ་གནས་ཚུལ་སྤེལ་མི་ཆོག་པའི་བྱ་ཐབས་སྤྱད་ཚེ། དེའི་ཚོང་གཉེར་གྱི་དབང་ཚད་དུས་གཅིག་ཏུ་གནས་སྐབས་མཚམས་འཇོག་བྱ་དགོས་པ་དང་། དུས་ཡུན་ནི་གནས་ཚུལ་སྤེལ་མི་ཆོག་པའི་དུས་བཀག་གི་ལྡབ2ནས3བར་ཡིན། མ་རབས་ཐ་ཤལ་གྱི་བྱ་སྤྱོད་སྤེལ་བ་དང་སྒྲིག་འགལ་བྱ་སྤྱོད་སྤེལ་བ། སྒེར་གྱི་ཨང་རྟགས་མང་པོ་བཀོལ་སྤྱོད་བྱས་ནས་སྤྱི་ཚོགས་ཐོག་གླེང་མང་བའི་དོན་རྐྱེན་ཐད་གཏམ་བཤད་ངན་པ་སྤེལ་བའི་སྒེར་གྱི་སྨྱན་སྦྱོར་ལ་ཚོང་གཉེར་དབང་ཆ་མེད་པར་བཟོ་བ། དྲ་ཚིགས་ལས་སྟེགས་ཀྱིས་དུས་བཀག་ལྟར་དྲ་འཕྲིན་སྡེ་ཚན་ལ་སྒྲིག་འགལ་ངང་སྒེར་གྱི་སྨྱན་སྦྱོར་ཁག་གི་ཁེ་གཉེར་དབང་ཆར་ཚོད་འཛིན་བྱེད་པའི་འབྲེལ་ཡོད་གནས་ཚུལ་གོང་ཞུ་བྱ་དགོས།
10. ཕན་གཟིགས་ཀྱི་གྲངས་འབོར་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏང་དགོས། དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་ཚོད་འཛིན་བྱེད་རིང་། སྒེར་གྱི་སྨྱན་སྦྱོར་ཁག་གིས་ཕན་གཟིགས་ཇེ་མང་དུ་གཏང་མི་ཆོག་པ་དང་དྲ་ཐོག་ཏུ་གནས་ཚུལ་གང་ཡང་སྤེལ་མི་ཆོག སྤྱི་ཚོགས་ཐོག་གི་གླེང་མང་བའི་གནས་ཚུལ་སྐོར་གྱི་གཏམ་བཤད་ཡང་ཡང་སྤེལ་བར་བརྟེན་ནས་དྲ་ཐོག་ནས་དོ་ཁུར་བྱེད་མཁན་ཇེ་མང་དུ་གཏོང་བའི་སྒེར་གྱི་སྨྱན་སྦྱོར་སྟེགས་བུར་ཕན་གཟིགས་གསར་པ་འཕར་རྒྱུ་གཏན་འགོག་བྱེད་པ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་ཕན་གཟིགས་གང་ཡོད་ཀྱི་གྲངས་འབོར་གཙང་སེལ་བྱ་དགོས།
11.སྒེར་གྱི་སྨྱན་སྦྱོར་གྱི་ཁོངས་སུ་གཏོགས་པའིMCNལས་ཁུངས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། དྲ་ཚིགས་ལས་སྟེགས་ཀྱིསMCNསྒྲིག་གཞིའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནསMCNསྒྲིག་གཞི་དང་དེར་གན་རྒྱ་འཇོག་མཁན་གྱི་སྒེར་གྱི་སྨྱན་སྦྱོར་ཁག་གི་རྩིས་ཨང་ལ་གཅིག་སྡུད་གཅིག་གྱུར་གྱིས་དོ་དམ་བྱ་དགོས།
12. སྒྲིག་འགལ་བྱ་སྤྱོད་ཐག་གཅོད་ནན་པོ་བྱ་དགོས། དཀྲོག་གཏམ་བཟོ་བ་དང་སྤྱི་ཚོགས་ཐོག་གླེང་མང་བའི་དོན་རྐྱེན་སྐོར་གྱི་གཏམ་བཤད་སྤེལ་བ། ཁྲིམས་འགལ་དང་ཆ་འཕྲིན་ངན་པ་རྒྱུད་སྤེལ་བྱས་ཏེ་ཤུགས་རྐྱེན་ངན་པ་བཟོ་བའི་སྒེར་གྱི་སྨྱན་སྦྱོར་ཁག་གི་སྟེགས་བུའི་ཞབས་ཕྱི་མེད་པར་བཟོ་བ་དང་། དཀྲོག་གཏམ་བརྒྱུད་བཀུར་བྱེད་པའི་སྒེར་གྱི་སྨྱན་སྦྱོར་ལ་མཉམ་འགུལ་བྱེད་ནུས་མེད་པར་བཟོ་བ་དང་། ཕན་གཟིགས་གྲངས་འབོར་གཙང་སེལ་བྱེད་པ། ཚོང་གཉེར་དབང་ཆ་མེད་པར་བཟོ་བ། སྨྱན་སྦྱོར་སྟེགས་བུའི་ཐོག་གཏམ་བཤད་སྤེལ་མི་ཆོག་པ། སྒེར་གྱི་སྨྱན་སྦྱོར་སྟེགས་བུ་སྒོ་རྒྱག་པ་སོགས་ཀྱི་བྱ་ཐབས་ནན་མོ་གཟུང་དགོས།
13. དཔེ་མཚོན་གྱོད་གཞི་ཐག་གཅོད་དང་དམར་འདོན་བྱེད་ཤུགས་ཆེ་རུ་གཏང་དགོས། སྒྲིག་འགལ་བྱེད་པའི་སྒེར་གྱི་སྨྱན་སྦྱོར་སྟེགས་བུ་དེ་དག་ལ་ཐག་གཅོད་ནན་པོ་དང་དམར་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཟོན་སློབ་གསོའི་ཆེད་སྒྲིག་ནང་དོན་བཀོད་སྒྲིག་བྱེད་པ། དུས་བཀག་ལྟར་སྒྲིག་འགལ་གྱི་སྒེར་གྱི་སྨྱན་སྦྱོར་ཁག་གི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱེད་པ་བཅས་ཀྱིས་སྒེར་གྱི་སྨྱན་སྦྱོར་ནས་རང་གིས་རང་ལ་དོ་དམ་ཡག་པོ་བྱ་དགོས་པའི་ཉེན་བརྡ་གཏང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།