ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

(ཨང་ཞེ་ལྔ་པ།)

《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》ལ་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པས2021ལོའི་ཟླ7པའི་ཚེས28ཉིན་གྲོས་འཆམ་བྱུང་། ད་ལྟ་ཁྱབ་བསྒྲགས་བྱས་ཏེ། 2021ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།

2021ལོའི་ཟླ7པའི་ཚེས28ཉིན།


མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག

(2021ལོའི་ཟླ7པའི་ཚེས28ཉིན་གྱི་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པའི་སྟེང་གྲོས་འཆམ་བྱུང་བ།)

དཀར་ཆག

ལེའུ་དང་པོ། སྤྱིའི་དོན་ཚན།

ལེའུ་གཉིས་པ། ཆོས་ལུགས་ཚོགས་པ།

ལེའུ་གསུམ་པ། ཆོས་ལུགས་སློབ་གླིང་།

ལེའུ་བཞི་པ། ཆོས་ལུགས་བྱ་འགུལ་སྤེལ་ས།

ལེའུ་ལྔ་པ། ཆོས་ལུགས་སྒྲུབ་གཉེར་མི་སྣ།

ལེའུ་དྲུག་པ། ཆོས་ལུགས་བྱ་འགུལ།

ལེའུ་བདུན་པ། ཆོས་ལུགས་རྒྱུ་ནོར།

ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

ལེའུ་དགུ་པ། ཞར་བྱུང་དོན་ཚན།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ཡོང་བར་འགན་སྲུང་བྱེད་པ་དང་། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྲུང་སྐྱོང་བྱེད་པ། ཆོས་ལུགས་ལས་དོན་དོ་དམ་ཚད་ལྡན་ཡོང་བ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་དུ། རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཆོས་ལུགས་ལས་དོན་སྲོལ་ཡིག》སོགས་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་བ་དང་། རང་ཞིང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་ཞིང་གི་སྲིད་འཛིན་ཁྱབ་ཁོངས་ནང་གི་ཆོས་ལུགས་ལས་དོན་དང་དེའི་དོ་དམ་བྱ་འགུལ་ཐད་སྤྱོད་པར་འཚམ།

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སྟེང་ཆོས་ལུགས་ལས་དོན་དང་དེའི་དོ་དམ་བྱ་འགུལ་ཐད་གཏན་འཁེལ་གཞན་པ་ཡོད་ན། གཏན་འཁེལ་དེ་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་གསུམ་པ། སྤྱི་དམངས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་པ།

རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་སྤྱི་དམངས་ལ་བཙན་ཤེད་ཀྱིས་ཆོས་ལུགས་ལ་དད་མོས་བྱེད་དུ་འཇུག་པའམ་ཡང་ན་དད་མོས་བྱེད་དུ་མ་བཅུག་ན་མི་ཆོག་ལ། ཆོས་ལུགས་དད་མོས་བྱེད་པའི་སྤྱི་དམངས(གཤམ་དུ་དད་ལྡན་སྤྱི་དམངས་ཞེས་བསྡུས་ཡོད)དང་ཡང་ན་ཆོས་ལུགས་དད་མོས་མི་བྱེད་པའི་སྤྱི་དམངས(གཤམ་དུ་དད་མེད་སྤྱི་དམངས་ཞེས་བསྡུས་ཡོད)ལ་མཐོང་ཆུང་བྱེད་མི་ཆོག

དད་ལྡན་སྤྱི་དམངས་དང་དད་མེད་སྤྱི་དམངས། དད་མོས་བྱ་ཡུལ་གྱི་ཆོས་ལུགས་མི་གཅིག་པའི་སྤྱི་དམངས་བཅས་ཀྱིས་ཕན་ཚུན་ལ་བརྩི་བཀུར་བྱས་ཏེ། འཆམ་མཐུན་མཉམ་གནས་ཡོང་དགོས།

དོན་ཚན་བཞི་པ། ཆོས་ལུགས་ལས་དོན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ།ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་ཕན་ཚུན་འཕྲོད་མཐུན་ཡོང་བར་ཧུར་ཐག་གིས་སྐུལ་ཁྲིད་བྱེད་དགོས།

དོན་ཚན་ལྔ་པ། ཆོས་ལུགས་ལས་དོན་དོ་དམ་གྱིས་སྲུང་སྐྱོབ་ལུགས་མཐུན་དང་ཁྲིམས་འགལ་གཏན་འགོག ཐལ་དྲགས་ཚོད་འཛིན། སིམ་འཛུལ་འགོག་པ། ཉེས་བསགས་རྡུང་རྡེག་བཅས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།

དོན་ཚན་དྲུག་པ། རང་ཞིང་གིས་རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་ལ་ཁྲིམས་ལྟར་སྲུང་སྐྱོབ་དང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱ་འགུལ་སྤེལ་ས། ཆོས་ལུགས་སྒྲུབ་གཉེར་མི་སྣ། དད་ལྡན་སྤྱི་དམངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ།

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱ་འགུལ་སྤེལ་ས། ཆོས་ལུགས་སྒྲུབ་གཉེར་མི་སྣ། དད་ལྡན་སྤྱི་དམངས་བཅས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་དང་སྒྲིག་སྲོལ་སོགས་ཀྱི་འབྲེལ་ཡོད་གཏན་འཁེལ་བརྩི་སྲུང་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ཏུ་བསྟར་དགོས་ལ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་དགོས།

རྩ་འཛུགས་སམ་ཡང་ན་མི་སྒེར་སུ་ཞིག་ཡིན་རུང་ཆོས་ལུགས་བེད་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་པ་ཐེབས་པའི་བྱ་བ་སྒྲུབ་མི་ཆོག་པ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་དང་ཁྲིམས་འཛིན། འདེམ་བསྐོ། སློབ་གསོ། གཉེན་འབྲེལ་སོགས་ཀྱི་ལམ་ལུགས་ལ་བར་ཆད་བཟོ་མི་ཆོག་པར་མ་ཟད། རྒྱལ་ཁབ་ཀྱི་ཁེ་དབང་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་དབང་། མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་བཅས་ལ་གནོད་འཚེ་ཐེབས་པའི་ཁྲིམས་འགལ་བྱ་འགུལ་སྤེལ་མི་ཆོག

རྩ་འཛུགས་སམ་ཡང་ན་མི་སྒེར་སུ་ཞིག་ཡིན་རུང་ཆོས་ལུགས་མི་འདྲ་བའི་བར་དང་། ཆོས་ལུགས་གཅིག་པའི་ནང་ཁུལ། གཞན་ད་རུང་དད་ལྡན་སྤྱི་དམངས་དང་དད་མེད་སྤྱི་དམངས་བཅས་ཀྱི་བར་དུ་འགལ་ཟླ་དང་རྩོད་གཞི་བསླངས་མི་ཆོག་ལ། ཆོས་ལུགས་ཀྱི་ཐལ་དྲགས་རིང་ལུགས་དྲིལ་སྒྲོག་དང་རྒྱབ་སྐྱོར། མ་དངུལ་གཏོང་བ་བཅས་བྱེད་མི་ཆོག་པར་མ་ཟད། ཆོས་ལུགས་བེད་སྤྱད་དེ་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་གཏོང་བ་དང་། རྒྱལ་ཁབ་ཁ་བྲལ་དང་འཇིགས་སྐུལ་བ་སོགས་ཀྱི་བྱ་འགུལ་སྤེལ་མི་ཆོག

དོན་ཚན་བདུན་པ། ཆོས་ལུགས་སོ་སོས་རང་ཚུགས་དང་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་ལས། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱ་འགུལ་སྤེལ་ས། ཆོས་ལུགས་ལས་དོན་བཅས་ཀྱིས་ཕྱི་རྒྱལ་སྟོབས་ཤུགས་ཀྱི་དབང་སྒྱུར་དང་ལེན་བྱེད་མི་ཆོག

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱ་འགུལ་སྤེལ་ས། ཆོས་ལུགས་སྒྲུབ་གཉེར་མི་སྣ་བཅས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ། མཛའ་བརྩེ་བཅས་ཡོང་བའི་རྨང་གཞིའི་སྟེང་ནས་ད་གཟོད་ཕྱི་རོལ་དུ་འབྲེལ་འདྲིས་བྱེད་དགོས་པ་དང་། རྩ་འཛུགས་དང་མི་སྒེར་གཞན་པ་སུ་ཞིག་ཡིན་རུང་ཕྱི་རོལ་དུ་དཔལ་འབྱོར་དང་རིག་གནས་ཀྱི་མཉམ་འབྲེལ་དང་བརྗེ་རེས་བྱ་འགུལ་སྤེལ་སྐབས་ཟུར་སྣོན་གྱི་ཆོས་ལུགས་ཆ་རྐྱེན་དང་ལེན་བྱེད་མི་ཆོག

དོན་ཚན་བརྒྱད་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཆོས་ལུགས་བྱ་བར་ཤུགས་སྣོན་དགོས་པ་དང་། ཆོས་ལུགས་བྱ་བའི་ནང་རྐྱེན་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ། བྱ་བའི་སྟོབས་ཤུགས་དང་དགོས་ངེས་ཀྱི་བྱ་བའི་ཆ་རྐྱེན་ལ་འགན་སྲུང་བྱེད་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱ་འགུལ་སྤེལ་ས། དད་ལྡན་སྤྱི་དམངས་བཅས་ཀྱི་བསམ་འཆར་ལ་ཉན་པ། ཆོས་ལུགས་ལས་དོན་གྱི་དོ་དམ་བྱ་བར་མཐུན་སྦྱོར་བཅས་བྱས་ཏེ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ལ་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས།

རྫོང་རིམ་པ་ཡན་གྱི་མི་དམས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་བའི་ཆོས་ལུགས་ལས་དོན་ལ་སྲིད་འཛིན་དོ་དམ་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་རང་གི་འགན་འཁྲིའི་ཁྱབ་ཁོངས་ནང་གི་འབྲེལ་ཡོད་དོ་དམ་བྱ་བར་ཁྲིམས་ལྟར་འགན་འཁུར་དགོས།

དོན་ཚན་དགུ་པ། ཞང(གྲོང་རྡལ)མི་དམངས་སྲིད་གཞུང་དང་། སྲང་ལམ་དོན་གཅོད་ཁང་གིས་མངའ་ཁོངས་ནང་གི་ཆོས་ལུགས་ལས་དོན་དོ་དམ་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཆོས་ལུགས་བྱ་བའི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་ཏེ། ཆོས་ལུགས་དང་འབྲེལ་བའི་འགལ་ཟླ་དང་རྩོད་གླེང་མཐུན་སྦྱོར་དང་ཞི་ལྷོད་དུ་གཏོང་དགོས།

སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་ལ་རམ་འདེགས་སྒོས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ནས། ཁྲིམས་དང་མི་མཐུན་པའི་ཆོས་ལུགས་རྩ་འཛུགས་དང་ཁྲིམས་དང་མི་མཐུན་པའི་ཆོས་སྤེལ་མི་སྣ། ཁྲིམས་དང་མི་མཐུན་པའི་ཆོས་ལུགས་བྱ་འགུལ། ཆོས་ལུགས་བྱ་འགུལ་སྤེལ་ས་དང་ཕྱི་རོལ་དུ་ཆོས་ལུགས་སྐུ་བརྙན་ཆེ་གྲས་གང་འདོད་ལྟར་འཛུགས་སྐྲུན་བྱེད་མཁན། ཆོས་ལུགས་བེད་སྤྱད་དེ་གཞི་རིམ་གྱི་སྤྱི་པའི་ལས་དོན་ལ་ཐེ་གཏོགས་བྱེད་པ་སོགས་ཀྱི་གནས་ཚུལ་ཡོད་པ་ཤེས་ན། དུས་ཐོག་ཏུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱེད་དགོས། 

དོན་ཚན་བཅུ་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་ཆ་འཕྲིན་ཅན་དུ་བསྐྲུན་པའི་བྱ་བར་རྩ་འཛུགས་སྒོས་སྐུལ་འདེད་བཏང་ནས། ཆོས་ལུགས་ལས་དོན་དོ་དམ་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་འདེགས་དགོས། །

ལེའུ་གཉིས་པ། ཆོས་ལུགས་ཚོགས་པ།

དོན་ཚན་བཅུ་གཅིག་པ། ཆོས་ལུགས་ཚོགས་པ་འཛུགས་པ་དང་བརྗེ་བསྒྱུར་བྱེད་པ། ཐོ་ཁོངས་ནས་བསུབ་པ་བཅས་བྱེད་སྐབས། ངེས་པར་དུ་ཆོས་ལུགས་ལས་དོན་སྡེ་ཁག་ལ་རེ་འདུན་ཞུ་དགོས་པ་དང་། ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་བྱས་ཏེ་འཐད་པ་བྱུང་རྗེས། དམངས་སྲིད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚོགས་པའི་དོ་དམ་གྱི་འབྲེལ་ཡོད་གཏན་འཁེལ་ལྟར་ཐོ་འགོད་བྱེད་དགོས་པར་མ་ཟད། ཐོ་འགོད་བྱས་པའི་གནས་ཚུལ་ཡིག་ངོས་ནས་ཆོས་ལུགས་ལས་དོན་སྡེ་ཁག་ལ་གསལ་བོར་བཤད་དགོས།

དོན་ཚན་བཅུ་གཉིས་པ། ཆོས་ལུགས་ཚོགས་པས་ངེས་པར་དུ་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་དགོས་པ་དང་། དོ་དམ་ལམ་ལུགས་སྣ་ཚོགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཆོས་ལུགས་སློབ་གླིང་དང་ཆོས་ལུགས་བྱ་འགུལ་སྤེལ་ས། ཆོས་ལུགས་སྒྲུབ་གཉེར་མི་སྣ་བཅས་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་སྤེལ་བར་ཁྲིད་སྟོན་བྱེད་དགོས།

དོན་ཚན་བཅུ་གསུམ་པ། ཆོས་ལུགས་ཚོགས་པས་ཆོས་ལུགས་སྒྲུབ་གཉེར་མི་སྣ་དང་དད་ལྡན་སྤྱི་དམངས་ལ་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ། ཁྲིམས་སྐྱོང་བཅས་སྐོར་གྱི་སློབ་གསོ་གཏོང་བ་དང་། ཆོས་ལུགས་སྒྲུབ་གཉེར་མི་སྣ་དང་དད་ལྡན་སྤྱི་དམངས་ཀྱི་རྒྱལ་ཁབ་འདུ་ཤེས་དང་སྤྱི་དམངས་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས།

ཆོས་ལུགས་ཚོགས་པས་ཆོས་ལུགས་སྒྲུབ་གཉེར་མི་སྣ་དང་དད་ལྡན་སྤྱི་དམངས་ལ་འབྲེལ་གཏུག་དང་ཞབས་ཞུ་བསྒྲུབ་དགོས་ལ། ཆོས་ལུགས་ལས་རིགས་ཁག་གི་བསམ་འཆར་དང་ལུགས་མཐུན་དགོས་འདོད་ཡར་ཞུ་བྱེད་པ་དང་། ཆོས་ལུགས་སྒྲུབ་གཉེར་མི་སྣ་དང་དད་ལྡན་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་དང་། ཆོས་ལུགས་སྒྲུབ་གཉེར་མི་སྣ་དང་དད་ལྡན་སྤྱི་དམངས་ཀྱིས་སྤྱི་དམངས་ཀྱི་འོས་འགན་ལག་བསྟར་བྱེད་པར་ཁྲིད་སྟོན་བྱེད་དགོས།

དོན་ཚན་བཅུ་བཞི་པ། ཆོས་ལུགས་ཚོགས་པས་ཆོས་ལུགས་རིག་གནས་དང་ཆོས་ལུགས་བསྟན་བཅོས་ལ་ཞིབ་འཇུག་བྱེད་དགོས་པ་དང་། ཆོས་ལུགས་བསམ་བློ་འཛུགས་སྐྲུན་བྱས་ཏེ། ཆོས་གཞུང་དང་ཆོས་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་འཆམ་མཐུན་དང་དུས་རབས་ཡར་ཐོན། བདེ་ཐང་དཔལ་ཡོན་བཅས་ཡོང་བར་ཕན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཆོས་གཞུང་དང་ཆོས་ཁྲིམས་ཁྲོད་ཀྱི་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་བླང་བྱ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པའི་སྐོར་འཆད་འགྲེལ་བྱེད་དགོས།

དོན་ཚན་བཅོ་ལྔ་པ། ཆོས་ལུགས་ཚོགས་པས་ཆོས་ལུགས་སྒྲུབ་གཉེར་མི་སྣར་ཡིག་ཚགས་བཙུགས་ཏེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དོ་དམ་བྱེད་དགོས།

ཆོས་ལུགས་ལས་དོན་སྡེ་ཁག་དང་ཡིག་ཚགས་དོ་དམ་སྡེ་ཁག་གིས་ཆོས་ལུགས་སྒྲུབ་གཉེར་མི་སྣའི་ཡིག་ཚགས་དོ་དམ་ལ་མཛུབ་སྟོན་བྱེད་དགོས།

དོན་ཚན་བཅུ་དྲུག་པ། ཞིང་ཆེན་ཆོས་ལུགས་ཚོགས་པས་ཆོས་ལུགས་དེའི་དགོས་མཁོ་གཞིར་བཟུང་སྟེ། གཏན་འཁེལ་ལྟར་ཕྱི་རྒྱལ་དུ་སློབ་གཉེར་བྱེད་དུ་འགྲོ་མཁན་བདམས་མངགས་བྱེད་པ་དང་ཡང་ན་ཕྱི་རྒྱལ་ནས་སློབ་གཉེར་བྱེད་དུ་ཡོང་མཁན་དང་ལེན་བྱེད་ཆོག་པ་ལས།རྩ་འཛུགས་དང་མི་སྒེར་གཞན་པ་སུ་ཞིག་གིས་ཀྱང་ཕྱི་རྒྱལ་དུ་སློབ་གཉེར་ལ་མངགས་པ་དང་ཡང་ན་ཕྱི་རྒྱལ་གྱི་སློབ་མ་དང་ལེན་བྱེད་མི་ཆོག

ལེའུ་གསུམ་པ། ཆོས་ལུགས་སློབ་གླིང་།

དོན་ཚན་བཅུ་བདུན་པ། ཆོས་ལུགས་སློབ་གླིང་གིས་ཡང་དག་པའི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ནང་ཁུལ་གྱི་དོ་དམ་དང་འཁོར་སྐྱོད་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ལ། སློབ་ཚན་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དང་དུས་རྒྱུན་བསླབ་ཚན་ལ་དོ་དམ་བྱེད་པར་ཤུགས་སྣོན་པ། ཆོས་ལུགས་རིག་གཞུང་ལ་ཞིབ་འཇུག་བཅས་བྱས་ཏེ། སློབ་སྒྲུབ་སྤུས་ཚད་མཐོ་རུ་འདེགས་དགོས།

དོན་ཚན་བཅོ་བརྒྱད་པ། ཆོས་ལུགས་སློབ་གླིང་གིས་སློབ་བསྡུའི་སྒྲིག་ཡིག་བཟོ་བ་དང་། ཞིང་ཆེན་ཆོས་ལུགས་ཚོགས་པ་འཐད་པ་བྱུང་རྗེས། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྤྲད་དེ་ཐོ་འགོད་བྱེད་དུ་འཇུག་དགོས།

ཆོས་ལུགས་སློབ་གླིང་གིས་སློབ་མ་བསྡུ་སྐབས་ངེས་པར་དུ་དད་ལྡན་སྤྱི་དམངས་ཀྱིས་རང་འཐད་སྒོས་མིང་ཐོ་འགོད་པ་དང་། ས་གནས་ཀྱི་ཆོས་ལུགས་ཚོགས་པས་འོས་སྦྱོར་བྱས་པ་བརྒྱུད། རྒྱུགས་བླངས་ནས་ལེགས་འདེམས་བསྡུ་ལེན་བྱེད་དགོས་པར་མ་ཟད། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྤྲད་དེ་ཐོ་འགོད་བྱེད་དུ་འཇུག་དགོས།

དོན་ཚན་བཅུ་དགུ་པ། ཆོས་ལུགས་སློབ་གླིང་གིས་ཆོས་ལུགས་ཚོགས་པ་དང་འབྲེལ་ཡོད་སྡེ་ཁག་གི་མཛུབ་སྟོན་འོག སློབ་བསྡུ་དང་སློབ་ཁྲིད། སློབ་མ། བདེ་སྐྱོང་། མེ་གསོད། སྤྱི་པའི་གཙང་སྦྲ། ཟས་རིགས་བདེ་འཇགས་སོགས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། སློབ་སྒྲུབ་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། སློབ་སྒྲུབ་སྤུས་ཚད་མཐོ་རུ་འདེགས་དགོས།

དོན་ཚན་ཉི་ཤུ་པ། ཆོས་ལུགས་ཚོགས་པ་དང་དགོན་པ། ཏའོ་ལུགས་ལྷ་ཁང་། དབྱི་སི་ལན་ཆོས་ཁང་། ཡེ་ཤུའི་ཆོས་ཁང(གཤམ་དུ་དགོན་སྡེ་ཆོས་ཁང་དུ་བསྡུས་ཡོད)སོགས་ཀྱིས་ཆོས་ལུགས་སྒྲུབ་གཉེར་མི་སྣ་སྐྱེད་སྲིང་བྱེད་པར། སློབ་སྦྱོང་གི་དུས་ཡུན་ཟླ་ངོ་གསུམ་ཡན་གྱི་ཆོས་ལུགས་སློབ་གསོ་གསོ་སྦྱོང་སྤེལ་སྐབས། ངེས་པར་དུ་གྲོང་ཁྱེར(ཁུལ)ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་འགོད་དུ་འཇུག་དགོས་པ་དང་། སློབ་སྦྱོང་གི་དུས་ཡུན་ཟླ་གསུམ་མ་བརྒལ་ན་སྒྲུབ་གནས་ཀྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱེད་དུ་འཇུག་དགོས།

དོན་ཚན་ཉེར་གཅིག་པ། ཆོས་ལུགས་ཚོགས་པ་དང་དགོན་སྡེ་ཆོས་ཁང་གིས་ཆོས་ལུགས་སློབ་གསོ་གསོ་སྦྱོང་སྤེལ་བའི་རེ་འདུན་ཞུ་སྐབས། གཤམ་གྱི་ཆ་རྐྱེན་འདི་དག་དང་མཐུན་དགོས་པ་སྟེ།

(གཅིག)ཆོས་ལུགས་སློབ་གསོ་གསོ་སྦྱོང་སྤེལ་བའི་སྲོལ་རྒྱུན་ཡོད་པ་དང་སློབ་གསོ་གསོ་སྦྱོང་གི་དགོངས་དོན་ཡང་དག་ཡིན་པ།

(གཉིས)མ་གཞི་ནས་སློབ་གསོ་གསོ་སྦྱོང་གི་རེ་བ་སྐོང་ཐུབ་པའི་གསོ་སྦྱོང་སྤེལ་ས་ཡོད་པ།

(གསུམ)སློབ་ཁྲིད་བཀོད་སྒྲིག་ལུགས་མཐུན་ཡིན་པ་དང་ཚད་ལྡན་གྱི་དགེ་རྒན་ཡོད་པ།

(བཞི)དགོས་ངེས་ཀྱི་མ་དངུལ་ཡོད་པ་དང་། མ་དངུལ་གྱི་ཡོང་ཁུངས་ཁྲིམས་མཐུན་ཡིན་པ།

(ལྔ)འཐུས་ཚང་བའི་དོ་དམ་ལམ་ལུགས་ཡོད་པ།

(དྲུག)དོ་དམ་རྩ་འཛུགས་དང་འགན་འཁུར་མཁན་ཡོད་པ།

དོན་ཚན་ཉེར་གཉིས་པ། ཆོས་ལུགས་ཚོགས་པ་དང་དགོན་སྡེ་ཆོས་ཁང་གིས་ཆོས་ལུགས་སློབ་གསོ་གསོ་སྦྱོང་སྤེལ་རྒྱུའི་རེ་འདུན་ཞུ་སྐབས། གཤམ་གྱི་རྒྱུ་ཆ་འདི་དག་སྤྲོད་དགོས་པ་སྟེ།

(གཅིག)རེ་ཞུ་ཡི་གེ

(གཉིས)སློབ་ཁྲིད་བྱེད་མཁན་གྱི་ལོ་རྒྱུས་མདོར་བསྡུས་དང་། སློབ་གཉེར་བརྒྱུད་རིམ་ལག་ཁྱེར།

(གསུམ)སློབ་གསོ་གསོ་སྦྱོང་གི་རྩ་གནད་དང་སློབ་ཐུན་བཀོད་སྒྲིག་གི་གནས་ཚུལ། སློབ་དེབ་དང་ཁྲིད་དེབ་སོགས།

(བཞི)གྲོན་དངུལ་གྱི་ཡོང་ཁུངས་གཙོ་བོའི་གསལ་བཤད་དང་འབྲེལ་ཡོད་རྒྱུ་ཆ།

(ལྔ)སློབ་གསོ་གསོ་སྦྱོང་གི་སྤེལ་ཡུལ་སོགས་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་གནས་ཚུལ་གསལ་བཤད།

(དྲུག)འབྲེལ་ཡོད་དོ་དམ་ལམ་ལུགས།

(བདུན)དོ་དམ་རྩ་འཛུགས་ཁོངས་མི་དང་འགན་འཁུར་མཁན་གཙོ་བོའི་གནས་ཚུལ་བཅས་སོ། །

ལེའུ་བཞི་པ། ཆོས་ལུགས་བྱ་འགུལ་སྤེལ་ས།

དོན་ཚན་ཉེར་གསུམ་པ། སྲོལ་ཡིག་འདིའི་ནང་གི་ཆོས་ལུགས་བྱ་འགུལ་སྤེལ་ས་ཞེས་པ་དེ་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཆོས་ལུགས་ལས་དོན་སྲོལ་ཡིག》གི་གཏན་འཁེལ་ལྟར་ཁྲིམས་ལྟར་ཐོ་འགོད་བྱས་ཡོད་པའི་དད་ལྡན་སྤྱི་དམངས་ལ་ཆོས་ལུགས་བྱ་འགུལ་སྤེལ་ས་རུ་འདོན་སྤྲོད་བྱས་ཡོད་པའི་དགོན་སྡེ་ཆོས་ཁང་དང་། དེ་མིན་ད་རུང་གཏན་འཇགས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་ས་གཞན་དག་ལ་གོ །

དོན་ཚན་ཉེར་བཞི་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དོན་དངོས་ཀྱི་དགོས་མཁོ་ལྟར། ཆོས་ལུགས་བྱ་འགུལ་སྤེལ་སའི་འཛུགས་སྐྲུན་དེ་རྒྱལ་ཁོངས་ཀྱི་བར་སྟོང་འཆར་འགོད་ནང་འཇོག་དགོས།

རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་ཡུལ་མི་གནས་སྤོ་བ། མཁར་རྙིང་ཞིག་གསོ་བྱེད་པ་སོགས་ཀྱི་སྐབས་སུ། ཆོས་ལུགས་བྱ་འགུལ་སྤེལ་ས་དང་འབྲེལ་ཡོད་ན། ཆོས་ལུགས་ལས་དོན་སྡེ་ཁག་དང་ཆོས་ལུགས་ཚོགས་པ། ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱི་བསམ་འཆར་ལ་ཉན་དགོས། ། 

དོན་ཚན་ཉེར་ལྔ་པ། ཆོས་ལུགས་བྱ་འགུལ་སྤེལ་ས་དང་ཕྱི་རོལ་གྱི་ཆོས་ལུགས་སྐུ་བརྙན་ཆེ་གྲས་འཛུགས་སྐྲུན་བྱེད་སྐབས། ངེས་པར་དུ་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་བཟོ་འགོད་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ། རིག་དངོས་སྲུང་སྐྱོབ། མེ་འགོག་བདེ་འཇགས་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མཐུན་དགོས་པ་ལས། མཐའ་འཁོར་གྱི་ལས་ཁུངས་དང་སློབ་གྲྭ། སྡོད་དམངས་བཅས་ཀྱི་ཐོན་སྐྱེད་དང་སློབ་སྦྱོང་། འཚོ་བ་བཅས་ལ་བར་ཆད་བཟོ་མི་ཆོག་པ་དང་། འཛུགས་སྐྲུན་གཞི་ཁྱོན་གཏན་འཁེལ་དང་མཐུན་ཞིང་བཀོད་སྒྲིག་ལུགས་མཐུན་ཡིན་དགོས་ལ། རྩིག་བཟོས་དེ་ཀྲུང་གོའི་བཞེངས་ལུགས་དང་མཐུན་དགོས།

ཆོས་ལུགས་བྱ་འགུལ་སྤེལ་ས་དེ་ཡུལ་སྐོར་ནང་དོན་དུ་འཇོག་པའི་ལྗོངས་ཁུལ་འཆར་འགོད་འཛུགས་སྐྲུན་བྱེད་སྐབས། ཆོས་ལུགས་བྱ་འགུལ་སྤེལ་སའི་ཁྱད་ཆོས་དང་ཁོར་ཡུག་ལ་མཐུན་དགོས།

དོན་ཚན་ཉེར་དྲུག་པ། ཆོས་ལུགས་བྱ་འགུལ་སྤེལ་ས་རུ་ཨར་ལས་བསྐྱར་སྐྲུན་དང་ཡང་ན་གསར་སྐྲུན་བྱེད་པ་དང་། དགོན་སྡེ་ཆོས་ཁང་ལ་གཏོགས་པ་ཡིན་ན། ངེས་པར་དུ་ས་གནས་དེ་གའི་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཕུལ་ཏེ་ཆོག་མཆན་འགོད་དུ་འཇུག་དགོས་ལ། བརྟན་འཇགས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་ས་གཞན་དག་ལ་གཏོགས་པ་ཡིན་ན། ས་གནས་དེ་གའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས། རིམ་པ་གོང་མའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཕུལ་ནས་ཆོག་མཆན་འགོད་དུ་འཇུག་དགོས། ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་བཀོད་རྗེས། ཁྲིམས་ལྟར་འཆར་འགོད་དང་འཛུགས་སྐྲུན་སོགས་ཀྱི་འགྲོ་ལུགས་བསྒྲུབ་དགོས།

དོན་ཚན་ཉེར་བདུན་པ། དགོན་སྡེ་ཆོས་ཁང་གི་ནང་དུ་ཕྱི་རོལ་གྱི་ཆོས་ལུགས་སྐུ་བརྙན་ཆེ་གྲས་བཞེངས་སྐབས། ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་བསྒྲུབ་དགོས།

དགོན་སྡེ་ཆོས་ཁང་གི་ཕྱི་རོལ་དུ་ཕྱི་རོལ་གྱི་ཆོས་ལུགས་སྐུ་བརྙན་ཆེ་གྲས་བཞེངས་པ་དང་ཡང་ན་དེང་རབས་ཀྱི་སྒྲ་འོད་གློག་གསུམ་སྤྱད་དེ་ཕྱི་རོལ་གྱི་ཆོས་ལུགས་སྐུ་བརྙན་ཆེ་གྲས་བཞེངས་པ་གཏན་འགོག་བྱེད་དགོས།

ཆོས་ལུགས་ཚོགས་པ་དང་དགོན་སྡེ་ཆོས་ཁང་ཕུད་པའི་རྩ་འཛུགས་དང་མི་སྒེར་གྱིས་ཕྱི་རོལ་གྱི་ཆོས་ལུགས་སྐུ་བརྙན་ཆེ་གྲས་བཞེངས་མི་ཆོག

དོན་ཚན་ཉེར་བརྒྱད་པ། གྲུབ་མཐའ་དང་བླ་མ་སྐུ་དྲག་སོགས་ཀྱི་མིང་ལ་བརྟེན་ནས་ཆོས་ལུགས་བྱ་འགུལ་སྤེལ་སར་མིང་བཏགས་མི་ཆོག

དོན་ཚན་ཉེར་དགུ་པ། ཆོས་ལུགས་བྱ་འགུལ་སྤེལ་སར་དོ་དམ་རྩ་འཛུགས་བཙུགས་ཏེ། དམངས་གཙོ་དོ་དམ་ལག་བསྟར་བྱེད་དགོས།

ཆོས་ལུགས་བྱ་འགུལ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱི་ཁོངས་མི་ནི་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་བརྩི་སྒྲིག་སྲུང་། དྲང་གཞག་ལས་སྒྲུབ་བཅས་ཡིན་དགོས་པར་མ་ཟད། ཆོས་ལུགས་ཀྱི་ཤེས་བྱ་དང་དོ་དམ་ནུས་པ་ངེས་ཅན་ཞིག་ལྡན་དགོས། ཁོངས་མི་ནི་སྤྱིར་བཏང་གིས་ཆོས་ལུགས་སྒྲུབ་གཉེར་མི་སྣ་དང་། རང་ཆོས་ལུགས་ཀྱི་གཏན་འཁེལ་དང་མཐུན་པའི་ཆོས་ལུགས་བྱ་འགུལ་ལ་མགོ་འཛིན་མཛད་མཁན་གྱི་མི་སྣ་གཞན་པ། རང་ས་གནས་ཀྱི་དད་ལྡན་སྤྱི་དམངས་ཀྱི་འཐུས་མི་སོགས་ཀྱི་ཁྲོད་ནས་དམངས་གཙོ་མཐུན་སྦྱོར་འདེམ་བསྐོ་བྱས་ཏེ་འབྱུང་དགོས་པར་མ་ཟད། བྱ་འགུལ་སྤེལ་ས་དེའི་ཐོ་འགོད་དོ་དམ་ལས་ཁུངས་སུ་ཐོ་འགོད་བྱེད་དགོས།

ཆོས་ལུགས་བྱ་འགུལ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱི་འགན་འཁུར་ཡུན་ལོ་ལྔ་ལས་བརྒལ་མི་ཆོག་པ་དང་། དོ་དམ་རྩ་འཛུགས་ཀྱི་ཁོངས་མིས་གཏན་འཁེལ་ལྟར་འགན་ལེགས་པོར་མ་འཁུར་ན། དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས།

དོན་ཚན་སུམ་ཅུ་པ། ཆོས་ལུགས་བྱ་འགུལ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱིས་གཤམ་གྱི་འགན་འཁྲི་འདི་དག་ལག་བསྟར་བྱེད་དགོས་པ་སྟེ།

(གཅིག)ཆོས་ལུགས་སྒྲུབ་གཉེར་མི་སྣ་དང་དད་ལྡན་སྤྱི་དམངས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་སྒྲིག་ཡིག་སྲིད་ཇུས་སོགས་བརྩི་སྲུང་བྱེད་དགོས་པའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས་ལ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ཡོང་བར་སྲུང་སྐྱོང་བྱས་ཏེ། ཁྲིམས་དང་མི་མཐུན་པའི་སྒོ་ནས་ཆོས་སྤེལ་བ་བཀག་འགོག་བྱེད་དགོས།

(གཉིས)འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་སྒྲིག་སྲོལ་ལམ་ལུགས་ལྟར། ཆོས་དོན་དང་མི་སྣ། ནོར་དོན། རྒྱུ་ནོར།རྩིས་གཉེར། བདེ་སྲུང་། མེ་འགོག སྤྱི་པའི་འཕྲོད་བསྟེན། ཟས་རིགས་བདེ་འཇགས། སྐྱེ་ཁམས་སྲུང་སྐྱོབ། རིག་དངོས་དང་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ། ཡོམ་འགོག་གནོད་འཕྲི་སོགས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པར་མ་ཟད་རྩ་འཛུགས་སྒོས་ལག་ཏུ་བསྟར་དགོས།

(གསུམ)ཆོས་ལུགས་བྱ་འགུལ་སྤེལ་ས་དེའི་ཆོས་ལུགས་བྱ་འགུལ་དང་དུས་རྒྱུན་གྱི་དོན་བྱར་བཀོད་སྒྲིག་དང་ཐག་གཅོད་བྱེད་དགོས།

(བཞི)དུས་བཅད་ལྟར་ནོར་དོན་རྩིས་ཐོ་སྤྱི་བསྒྲགས་བྱེད་དགོས།

(ལྔ)བྱ་འགུལ་སྤེལ་ས་དེའི་ཁྲིམས་མཐུན་ཁེ་དབང་དང་རྒྱུན་ལྡན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ་བཅས་སོ། །

དོན་ཚན་སོ་གཅིག་པ། ཆོས་ལུགས་བྱ་འགུལ་སྤེལ་ས་ཡིས་ཐོལ་བྱུང་དོན་རྐྱེན་གྱི་བྲེལ་བསྟུན་སྔོན་ཇུས་བཀོད་དེ། ས་གནས་དེ་གའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་དང་བྲེལ་བསྟུན་དོ་དམ་ལས་ཁུངས་ལ་སྤྲད་དེ་ཐོ་འགོད་བྱེད་དུ་འཇུག་དགོས།

ཆོས་ལུགས་བྱ་འགུལ་སྤེལ་ས་རུ་དོན་རྐྱེན་ཆེན་པོ་དང་ཡང་ན་ཆོས་ལུགས་ཀྱི་འཛེམ་བྱ་དང་འགལ་བ་སོགས་དད་ལྡན་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་ལ་གནོད་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་ཐེབས་པ། སྤྱི་ཚོགས་བརྟན་བརླིང་ཡོང་བར་གནོད་འཚེ་ཐེབས་པའི་དོན་རྐྱེན་བྱུང་སྐབས། ཆོས་ལུགས་བྱ་འགུལ་སྤེལ་སས་བྲེལ་བསྟུན་སྔོན་ཇུས་བཀོལ་ཏེ། མྱུར་བ་མྱུར་དུ་ས་གནས་དེ་གའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་དང་བྲེལ་བསྟུན་དོ་དམ་སོགས་ཀྱི་སྡེ་ཁག་ལ་ཡར་ཞུ་བྱེད་དགོས་པར་མ་ཟད།འབྲེལ་ཡོད་སྡེ་ཁག་ལ་རམ་འདེགས་བྱས་ཏེ་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱེད་དགོས།

དོན་ཚན་སོ་གཉིས་པ། གནས་སྐབས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་སའི་ས་གནས་རེ་ཞུ་དང་གཏན་འཁེལ། ལྟ་སྐུལ་དོ་དམ་བཅས་བྱེད་དགོས་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ལག་ཏུ་བསྟར་དགོས།

རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་གནས་སྐབས་ཀྱི་ཆོས་ལུགས་ལས་དོན་སྤེལ་ས་གཏན་འཁེལ་མ་བྱས་པའི་སྔོན་ལ། རིམ་མཚུངས་མི་དམངས་སྲིད་གཞུང་གི་སློབ་གསོ་སྡེ་ཁག་དང་ཆོས་ལུགས་ཚོགས་པ། ས་གནས་དེ་གའི་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་སོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་སྤྱི་བསྒྲགས་དང་དཔང་ཉན་ཚོགས་འདུ། བཞུགས་མོལ་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད་དེ། མཐའ་འཁོར་གྱི་སྡེ་ཁག་དང་སྤྱི་དམངས་ཀྱི་བསམ་འཆར་ལ་ཉན་དགོས།

གནས་སྐབས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་སའི་གོ་ཆོད་དུས་ཡུན་ཆེས་རིང་ན་ལོ་གསུམ་ཡིན། དུས་ཡུན་ལོངས་རྗེས་སྔར་བཞིན་ཆོས་ལུགས་བྱ་འགུལ་སྤེལ་ས་འཛུགས་པའི་ཆ་རྐྱེན་མི་ལོངས་པ་དང་། དད་ལྡན་སྤྱི་དམངས་ལ་སྔར་བཞིན་དུས་རྒྱུན་རང་བཞིན་གྱི་ཐུན་མོང་གི་ཆོས་ལུགས་བྱ་འགུལ་སྤེལ་བའི་དགོས་མཁོ་ཡོད་ན། ཡང་བསྐྱར་རེ་འདུན་ཞུ་དགོས་ལ། ཆོས་ལུགས་བྱ་འགུལ་སྤེལ་ས་འཛུགས་པའི་ཆ་རྐྱེན་ལོངས་ཡོད་ན། ཁྲིམས་ལྟར་ཆོས་ལུགས་བྱ་འགུལ་སྤེལ་སའི་ཞིབ་མཆན་འགོད་པ་དང་ཐོ་འགོད་འགྲོ་རིམ་བསྒྲུབ་དགོས།

དོན་ཚན་སོ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ངེས་པར་དུ་ཁྲིམས་ལྟར་ཆོས་ལུགས་བྱ་འགུལ་སྤེལ་ས་ཡིས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་བརྩི་སྲུང་བྱེད་པ་དང་། བྱ་འགུལ་སྤེལ་ས་ཡིས་དོ་དམ་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱེད་པ། ཐོ་འགོད་ལས་གཞི་བསྒྱུར་བཅོས་བྱེད་པ་དང་ཕྱི་རྒྱལ་དང་འབྲེལ་བའི་བྱ་འགུལ་གྱི་གནས་ཚུལ་ལ་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་བྱེད་དགོས།

ཆོས་ལུགས་བྱ་འགུལ་སྤེལ་ས་ཡིས་ཆོས་ལུགས་ལས་དོན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གི་ལྟ་སྐུལ་ཞིབ་བཤེར་དང་མཛུབ་སྟོན་དང་ལེན་བྱེད་དགོས། །

ལེའུ་ལྔ་པ། ཆོས་ལུགས་སྒྲུབ་གཉེར་མི་སྣ།

དོན་ཚན་སོ་བཞི་པ། ཆོས་ལུགས་སྒྲུབ་གཉེར་མི་སྣ་ནི་ཆོས་ལུགས་ཚོགས་པས་གཏན་འཁེལ་གོ་རིམ་ལྟར་ངོས་འཛིན་བྱས་ཏེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྤྲད་དེ་ཐོ་འགོད་བྱེད་དུ་འཇུག་དགོས།

ངོས་འཛིན་དང་ཐོ་འགོད་བྱས་ཟིན་པའི་ཆོས་ལུགས་སྒྲུབ་གཉེར་མི་སྣར། ངོས་འཛིན་བྱས་པའི་ཆོས་ལུགས་ཚོགས་པས་ཆོས་ལུགས་སྒྲུབ་གཉེར་མི་སྣའི་དཔང་ཡིག་བྱིན་རྗེས། ཆོས་ལུགས་ཆོས་དོན་གྱི་བྱ་འགུལ་ལ་ཞུགས་ཆོག

ཆོས་ལུགས་སྒྲུབ་གཉེར་མི་སྣས་ཐོབ་ཐང་ལེན་མ་ཐུབ་པའམ་ཡང་ན་ཐོབ་ཐང་ཤོར་ན། ཆོས་ལུགས་སྒྲུབ་གཉེར་མི་སྣའི་ཐོབ་ཐང་གིས་ཆོས་ལུགས་བྱ་འགུལ་ལ་ཞུགས་མི་ཆོག

ཆོས་ལུགས་སྒྲུབ་གཉེར་མི་སྣར་བརྫུས་ནས་ཆོས་ལུགས་བྱ་འགུལ་སྤེལ་བའམ་ཡང་ན་རྒྱུ་ནོར་གཡོ་ལེན་བྱེད་པ་གཏན་འགོག་བྱེད་དགོས།

དོན་ཚན་སོ་ལྔ་པ། ཆོས་ལུགས་སྒྲུབ་གཉེར་མི་སྣར་གཤམ་གྱི་གནས་ཚུལ་ནང་གི་གཅིག་ཡོད་ན། ངོས་འཛིན་བྱས་པའི་ཆོས་ལུགས་ཚོགས་པས་ཆོས་ལུགས་སྒྲུབ་གཉེར་མི་སྣའི་དཔང་ཡིག་ཕྱིར་བསྡུ་བྱེད་དགོས་པར་མ་ཟད། ཐོ་འགོད་སྡེ་ཁག་ཏུ་སོང་སྟེ་ཐོ་ཁུངས་ནས་བསུབ་རྗེས་འོས་འཚམ་གྱི་བྱེད་ཐབས་སྤྱད་དེ་སྤྱི་བསྒྲགས་བྱེད་དགོས་པ་སྟེ།

(གཅིག)བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་འབྲེལ་ཡོད་གཏན་འཁེལ་དང་འགལ་བའི་དབང་གིས་ཆོས་ལུགས་ཚོགས་པས་ཆོས་ལུགས་སྒྲུབ་གཉེར་མི་སྣའི་ཐོབ་ཐང་མེད་པར་བཟོས་པ།

(གཉིས)ཆོས་ལུགས་དེའི་ཆོས་གཞུང་ཆོས་ཁྲིམས་སམ་ཡང་ན་འབྲེལ་ཡོད་གཏན་འཁེལ་དང་འགལ་བའི་དབང་གིས་ཆོས་ལུགས་ཚོགས་པས་ཆོས་ལུགས་སྒྲུབ་གཉེར་མི་སྣའི་ཐོབ་ཐང་མེད་པར་བཟོས་པ།

(གསུམ)རང་འགུལ་གྱིས་ཆོས་ལུགས་སྒྲུབ་གཉེར་མི་སྣའི་ཐོབ་ཐང་དོར་བ།

(བཞི)ཆོས་ལུགས་སྒྲུབ་གཉེར་མི་སྣའི་དཔང་ཡིག་གི་གོ་ཆོད་དུས་ཡུན་ལོངས་རྗེས་རྒྱུན་མ་མཐུད་པ།

(ལྔ)ཆོས་ལུགས་བྱ་འགུལ་སྤེལ་ས་དང་ཁ་བྲལ་ཏེ་འབྲེལ་ཡོད་ཆོས་ལུགས་བྱ་འགུལ་སྤེལ་བ་དང་དོ་དམ་བྱེད་པ།

(དྲུག)རྒྱུ་རྐྱེན་གཞན་པའི་དབང་གིས་ཆོས་ལུགས་སྒྲུབ་གཉེར་མི་སྣའི་ཐོབ་ཐང་ཤོར་བ་བཅས་སོ། །

དོན་ཚན་སོ་དྲུག་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུ་རྒྱུན་འཛིན་གྱི་གོ་གནས་དེ། ཆོས་ལུགས་ཚོགས་པའི་མཛུབ་སྟོན་འོག ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་ལྟར་བསྒྲུབ་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་དང་ཡང་ན་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ལ་སྤྲད་དེ་ཆོག་མཆན་འགོད་དུ་འཇུག་དགོས།

རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་རང་འདོད་ལྟར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་གོ་གནས་རྒྱུན་འཛིན་གྱི་འབྲེལ་ཡོད་བྱ་འགུལ་སྤེལ་མི་ཆོག

བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་གོ་གནས་རྒྱུན་འཛིན་བྱེེད་པར། ཕྱི་རྒྱལ་གྱི་རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་ཐེ་གཏོགས་དང་དབང་བསྒྱུར་བྱེད་མི་ཆོག

དོན་ཚན་སོ་བདུན་པ། ཆོས་ལུགས་སྒྲུབ་གཉེར་མི་སྣ་ངེས་པར་དུ་ཆོས་ལུགས་ལས་དོན་སྡེ་ཁག་གིས་དུས་བཅད་ལྟར་སྤེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས། གཞན་ད་རུང་ཆོས་ལུགས་གཞུང་ལུགས་སོགས་ཀྱི་གསོ་སྦྱོང་ལ་ཞུགས་དགོས་པར་མ་ཟད། ཆོས་ལུགས་ལས་དོན་སྡེ་ཁག་གིས་གསོ་སྦྱོང་དཔང་ཡིག་སྟེར་དགོས།

དོན་ཚན་སོ་བརྒྱད་པ། ཆོས་ལུགས་སྒྲུབ་གཉེར་མི་སྣས་ཆོས་ལུགས་བྱ་འགུལ་སྤེལ་སའི་སྒྲུབ་གཉེར་པ་གཙོ་བོའི་ལས་འགན་འཁུར་བའམ་ཡང་ན་ལས་གནས་དང་འབྲལ་སྐབས། ཆོས་ལུགས་བྱ་འགུལ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱིས་བསམ་འཆར་འདོན་དགོས་པ་དང་།ས་གནས་དེ་གའི་ཆོས་ལུགས་ཚོགས་པ་མོས་མཐུན་བྱུང་རྗེས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྤྲད་དེ་ཐོ་འགོད་བྱེད་དུ་འཇུག་དགོས།

དོན་ཚན་སོ་དགུ་པ། ཆོས་ལུགས་སྒྲུབ་གཉེར་མི་སྣས་རང་ཞིང་གི་ཁྱབ་ཁོངས་བརྒལ་ཏེ་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)སོགས་ནས་ཆོས་ལུགས་བྱ་འགུལ་དང་ཆོས་གཞུང་ཟབ་སྦྱོང་ལ་མགོ་འཛིན་མཛད་དགོས་ན།དེ་ཉིད་ཡོད་སའི་ས་གནས་དང་འགྲོ་སའི་ས་གནས་ཀྱི་ཆོས་ལུགས་ཚོགས་པ་འཐད་པ་བྱུང་རྗེས།ས་གནས་གཉིས་ཀྱི་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྤྲད་དེ་ཐོ་འགོད་བྱེད་དུ་འཇུག་དགོས།

རང་ཞིང་གི་ཆོས་ལུགས་སྒྲུབ་གཉེར་མི་སྣ་ཞིང་ཆེན་ཕྱི་རོལ་དང་ཡང་ན་ཞིང་ཆེན་ཕྱིའི་ཆོས་ལུགས་སྒྲུབ་གཉེར་མི་སྣ་རང་ཞིང་དུ་ཡོང་ནས་ཆོས་ལུགས་བྱ་འགུལ་དང་ཆོས་གཞུང་ཟབ་སྦྱོང་ལ་མགོ་འཛིན་མཛད་དགོས་ན།རང་ཞིང་གི་ཆོས་ལུགས་ཚོགས་པ་འཐད་པ་བྱུང་བ་བརྒྱུད།ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྤྲད་དེ་ཐོ་འགོད་བྱེད་དུ་འཇུག་དགོས།

དོན་ཚན་བཞི་བཅུ་པ། ཆོས་ལུགས་སྒྲུབ་གཉེར་མི་སྣས་སྤྱིར་བཏང་ཆོས་ལུགས་བྱ་འགུལ་སྤེལ་ས་གཅིག་གི་སྒྲུབ་གཉེར་གཙོ་འགན་མ་གཏོགས་འཁུར་མི་ཆོག དམིགས་བསལ་གྱི་གནས་ཚུལ་འོག ཆོས་ལུགས་བྱ་འགུལ་སྤེལ་ས་གཞན་ཞིག་གི་སྒྲུབ་གཉེར་པ་གཙོ་བོའི་འགན་འཁུར་དགོས་ན། ས་གནས་གཉིས་ཀྱི་ཆོས་ལུགས་ཚོགས་པ་འཐད་པ་བྱུང་བ་བརྒྱུད།ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྤྲད་དེ་ཐོ་འགོད་བྱེད་དུ་འཇུག་དགོས།

དོན་ཚན་ཞེ་གཅིག་པ། ཆོས་ལུགས་སྒྲུབ་གཉེར་མི་སྣ་ཁྲིམས་ལྟར་སྤྱི་ཚོགས་འགན་སྲུང་ལ་ཞུགས་དགོས་པར་མ་ཟད་འབྲེལ་ཡོད་དབང་ཆ་ལོངས་སུ་སྤྱད་ཆོག

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱིས་འབྲེལ་ཡོད་གཏན་འཁེལ་ལྟར་ཆོས་ལུགས་སྒྲུབ་གཉེར་མི་སྣར་སྤྱི་ཚོགས་ཉེན་སྲུང་ཐོ་འགོད་བསྒྲུབ་དགོས།

ལེའུ་དྲུག་པ། ཆོས་ལུགས་བྱ་འགུལ།

དོན་ཚན་ཞེ་གཉིས་པ། དད་ལྡན་སྤྱི་དམངས་ཀྱི་ཐུན་མོང་ཆོས་ལུགས་བྱ་འགུལ་ནི་སྤྱིར་བཏང་གིས་ཆོས་ལུགས་བྱ་འགུལ་སྤེལ་སའི་ནང་སྤེལ་དགོས་ལ།ཆོས་ལུགས་བྱ་འགུལ་སྤེལ་ས་དང་ཆོས་ལུགས་ཚོགས་པ།ཡང་ན་ཆོས་ལུགས་སློབ་གླིང་བཅས་ཀྱིས་རྩ་འཛུགས་བྱེད་དགོས་པ་དང་།ཆོས་ལུགས་སྒྲུབ་གཉེར་མི་སྣ་དང་ཡང་ན་རང་ཆོས་ལུགས་ཀྱི་གཏན་འཁེལ་དང་མཐུན་པའི་མི་སྣ་གཞན་དག་གིས་མགོ་འཛིན་མཛད་དེ།ཆོས་གཞུང་དང་ཆོས་ཁྲིམས་ལྟར་སྤེལ་དགོས།

དོན་ཚན་ཞེ་གསུམ་པ། ཆོས་ལུགས་ཚོགས་པ་མ་ཡིན་པ་དང་ཆོས་ལུགས་སློབ་གླིང་མ་ཡིན་པ།ཆོས་ལུགས་བྱ་འགུལ་སྤེལ་ས་མ་ཡིན་པ།གཏན་འཁེལ་བྱས་པའི་གནས་སྐབས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་ས་མ་ཡིན་པ་བཅས་ཀྱིས་ཆོས་ལུགས་བྱ་འགུལ་སྤེལ་བ་དང་རྩ་འཛུགས་བྱེད་མི་ཆོག་ལ།ཆོས་ལུགས་རང་བཞིན་གྱི་ཞལ་འདེབས་དང་ལེན་བྱེད་མི་ཆོག

ཆོས་ལུགས་ཚོགས་པ་མ་ཡིན་པ་དང་ཆོས་ལུགས་སློབ་གླིང་མ་ཡིན་པ།ཆོས་ལུགས་བྱ་འགུལ་སྤེལ་ས་མ་ཡིན་པ་བཅས་ཀྱིས་ཆོས་ལུགས་སློབ་གསོ་གསོ་སྦྱོང་སྤེལ་མི་ཆོག་པ་དང་།སྤྱི་དམངས་ཕྱི་རྒྱལ་དུ་མངགས་ནས་ཆོས་ལུགས་ཕྱོགས་ཀྱི་གསོ་སྦྱོང་དང་གྲོས་ཚོགས།བྱ་འགུལ་བཅས་ལ་ཞུགས་སུ་བཅུག་མི་ཆོག

དོན་ཚན་ཞེ་བཞི་པ། ཆོས་ལུགས་བྱ་འགུལ་སྤེལ་སའི་ནང་ཐོན་པའི་མིས།ཆོས་ལུགས་བྱ་འགུལ་སྤེལ་སའི་འབྲེལ་ཡོད་གཏན་འཁེལ་བརྩི་སྲུང་དང་།ཆོས་ལུགས་དད་མོས་ཀྱི་གོམས་སྲོལ་བརྩི་སྲུང་བྱེད་དགོས་པ་ལས།རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་ལ་གཏོར་བརླག་བཏང་མི་ཆོག

དད་ལྡན་སྤྱི་དམངས་ཆོས་ལུགས་བྱ་འགུལ་དང་ཡང་ན་ཆོས་ལུགས་འཚོ་བར་ཞུགས་ན།སྤྱི་པའི་ཚོགས་རའི་སྒྲིག་ལམ་དང་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ལ་གཏོར་བརླག་བཏང་མི་ཆོག་པ་དང་། མཐའ་འཁོར་གྱི་སྡེ་ཁག་དང་སློབ་གྲྭ།གཞིས་དམངས་བཅས་ཀྱི་ཐོན་སྐྱེད་དང་སློབ་སྦྱོང་།འཚོ་བ་བཅས་ལ་གནོད་འཚེ་བཏང་མི་ཆོག

དོན་ཚན་ཞེ་ལྔ་པ། ཞིང་ཆེན་དང་གྲོང་ཁྱེར(ཁུལ)།རྫོང(གྲོང་ཁྱེར་དང་ཆུས)བཅས་བརྒལ་ནས་ཆོས་ལུགས་བྱ་འགུལ་སྤེལ་སའི་ཤོང་ཚད་ལས་བརྒལ་བའི་ཆོས་ལུགས་བྱ་འགུལ་དང་།ཡང་ན་ཆོས་ལུགས་བྱ་འགུལ་སྤེལ་སའི་ཕྱི་རོལ་ནས་ཞུགས་མཁན་གཞི་ཁྱོན་ངེས་ཅན་ལས་བརྒལ་ཞིང་།སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་ཅུང་ཆེ་བའི་ཆོས་ལུགས་བྱ་འགུལ་ཆེན་པོ་སྤེལ་སྐབས།ངེས་པར་དུ་ཁྲིམས་ལྟར་ཆོག་མཆན་འགོད་པའི་འགྲོ་ལུགས་བསྒྲུབ་དགོས། །

དོན་ཚན་ཞེ་དྲུག་པ། ཆོས་ལུགས་བྱ་འགུལ་ཆེན་མོ་སྤེལ་བའི་རེ་འདུན་ཞུ་སྐབས།གཤམ་གྱི་ཆ་རྐྱེན་འདི་དག་ཚང་དགོས་པ་སྟེ།

(གཅིག)བཅའ་ཁྲིམས་དང་ཁྲིམས་སྲོལ།སྒྲིག་སྲོལ་བཅས་ཀྱི་གཏན་འཁེལ་དང་མཐུན་པ།

(གཉིས)ཆོས་ལུགས་ཀྱི་ཆོ་ག་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་གོམས་གཤིས་ལ་མཐུན་པ།

(གསུམ)དངོས་གནས་ཆོས་ལུགས་བྱ་འགུལ་ཆེ་གྲས་སྤེལ་བའི་དགོས་མཁོ་ཡོད་པར་མ་ཟད།ཆོས་ལུགས་བྱ་འགུལ་ཆེ་གྲས་སྤེལ་བའི་ནུས་པ་དང་དགོས་ངེས་ཀྱི་ཆ་རྐྱེན་ཚང་བ།

(བཞི)ཆོས་ལུགས་བྱ་འགུལ་ཆེ་གྲས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ལ་གནོད་འཚེ་ཚབས་ཆེན་མི་ཐེབས་པ།

(ལྔ)ཆོས་ལུགས་བྱ་འགུལ་སྤེལ་སའི་ཨར་ལས་དང་སྒྲིག་བཀོད།ཚོགས་ར་བཅས་བདེ་འཇགས་བླང་བྱ་དང་མཐུན་པ།

(དྲུག)དེར་མཐུན་གྱི་བྲེལ་བསྟུན་སྔོན་ཇུས་དང་འགན་འཁྲི་པ།བདེ་འཇགས་འགོག་ཟོན་བྱེད་ཐབས་སོགས་ཡོད་པ།

(བདུན)ལོ་གསུམ་རིང་ཆོས་ལུགས་བྱ་འགུལ་ཆེ་གྲས་སྤེལ་ཏེ་དོན་རྐྱེན་ངན་པ་བྱུང་བའི་ཟིན་ཐོ་མེད་པ།

(བརྒྱད)རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་སྔོན་ལ་ཆོག་མཆན་འགོད་དགོས་པར།སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆོན་ཐོབ་ཡོད་པ་བཅས་སོ།

དོན་ཚན་ཞེ་བདུན་པ། ཆོས་ལུགས་བྱ་འགུལ་ཆེ་གྲས་སྤེལ་བའི་རེ་འདུན་ཞུ་བར།གཙོ་སྒྲུབ་བྱེད་ཀྱིན་པའི་ཆོས་ལུགས་ཚོགས་པ་དང་།དགོན་སྡེ་ཆོས་ཁང་གིས་ཆོས་ལུགས་བྱ་འགུལ་མ་སྤེལ་བའི་སྔོན་གྱི་ཉིན་སུམ་ཅུའི་ནང་།སྒྲུབ་སའི་ས་གནས་ཀྱི་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་རེ་ཞུ་ཡི་གེ་འབུལ་དགོས་པ་དང་།གཏན་འཁེལ་ལྟར་འབྲེལ་ཡོད་རྒྱུ་ཆ་སྤྲོད་དགོས།སྒྲུབ་སའི་ས་གནས་ཀྱི་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་བདག་སྤྲོད་བྱས་པའི་ཉིན་དེ་ནས་བཟུང་བའི་ཉིན་བཅོ་ལྔའི་ནང་།རིམ་མཚུངས་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་དང་བྲེལ་བསྟུན་དོ་དམ་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས།ཆོག་མཆན་འགོད་མིན་ཐག་གཅོད་དགོས།ཆོག་མཆན་འགོད་རྒྱུ་ཐག་བཅད་ན།ཆོག་མཆན་འགོད་པའི་ཉིན་དེ་ནས་བཟུང་བའི་ཉིན་ལྔའི་ནང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྤྲད་དེ་ཐོ་འགོད་བྱེད་དུ་འཇུག་དགོས།

དོན་ཚན་ཞེ་བརྒྱད་པ། ཆོག་མཆན་ཐོབ་པའི་ཆོས་ལུགས་བྱ་འགུལ་དེ་ཆོག་མཆན་ཡི་གེའི་སྟེང་དུ་གསལ་པོར་བྲིས་ཡོད་པའི་བླང་བྱ་གཞིར་བཟུང་སྟེ་ཆོས་ལུགས་ཀྱི་ཆོ་ག་ལྟར་སྤེལ་དགོས་པ་ལས།སྲོལ་ཡིག་འདིའི་དོན་ཚན་དྲུག་པ་དང་བདུན་པའི་འབྲེལ་ཡོད་གཏན་འཁེལ་དང་འགལ་མི་ཆོག གཙོ་སྒྲུབ་བྱེད་ཀྱིན་པའི་ཆོས་ལུགས་ཚོགས་པ་དང་དགོན་སྡེ་ཆོས་ཁང་གིས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཐོལ་བྱུང་དོན་རྐྱེན་འབྱུང་བ་སྔོན་འགོག་དང་།ཆོས་ལུགས་བྱ་འགུལ་ཆེ་གྲས་བདེ་འཇགས་དང་གོ་རིམ་ཡོད་པའི་ངང་སྤེལ་བར་ཁག་ཐེག་བྱེད་དགོས།

དོན་ཚན་ཞེ་དགུ་པ། ཆོས་ལུགས་སློབ་གླིང་ཕུད་པའི་སློབ་གྲྭ་དང་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་སོགས་སློབ་གསོ་ལས་ཁུངས་གཞན་པ་ནས་ཆོས་སྤེལ་བ་དང་ཆོས་ལུགས་བྱ་འགུལ་སྤེལ་བ།ཆོས་ལུགས་རྩ་འཛུགས་འཛུགས་པ།ཆོས་ལུགས་བྱ་འགུལ་སྤེལ་ས་འཛུགས་པ་བཅས་གཏན་འགོག་བྱེད་དགོས།

མཐོ་རིམ་སློབ་གླིང་སོགས་ཀྱི་སློབ་གྲྭ་སྣ་ཚོགས་དང་དེ་མིན་ད་རུང་སློབ་གསོ་གསོ་སྦྱོང་ལས་ཁུངས་གཞན་དག་གིས་ཆོས་ལུགས་བེད་སྤྱད་དེ་སིམ་འཛུལ་བྱ་བ་སྒྲུབ་པ་བཀག་འགོག་བྱེད་དགོས།

ཡུལ་སྐོར་ཞིབ་འཇུག་སློབ་སྦྱོང་དང་དབྱར་སྒར།སྒྲུབ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ།ནར་མ་སོན་པའི་མི་ལ་ཆོས་ལུགས་བརྒྱུད་སྒྲོག་བྱེད་པ་གཏན་འགོག་བྱེད་དགོས།

རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་ནར་མ་སོན་པའི་མི་བསླུ་བྲིད་དང་བཙན་ཤེད་ཀྱིས་ཆོས་ལུགས་བྱ་འགུལ་ནང་ཞུགས་སུ་བཅུག་མི་ཆོག

དོན་ཚན་ལྔ་བཅུ་པ། དབྱི་སི་ལན་ཆོས་ལུགས་ཚོགས་པས་འབྲེལ་ཡོད་གཏན་འཁེལ་ལྟར།རང་ས་གནས་ཀྱི་དབྱི་སི་ལན་གྱི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པས་རྩ་འཛུགས་བྱས་པའི་གནས་མཇལ་བྱ་འགུལ་ལ་འགན་འཁུར་དགོས་པ་དང་།རྩ་འཛུགས་སམ་ཡང་ན་མི་སྒེར་གཞན་པ་སུ་ཞིག་གིས་ཀྱང་གནས་མཇལ་བྱ་འགུལ་རྩ་འཛུགས་བྱེད་མི་ཆོག

དོན་ཚན་ང་གཅིག་པ། སྤྱི་གསལ་སྒོས་པར་སྐྲུན་འགྲེལ་སྤེལ་བྱས་པའི་ཆོས་ལུགས་པར་སྐྲུན་དངོས་པོ་དེ་རྒྱལ་ཁབ་པར་སྐྲུན་དོ་དམ་གྱི་གཏན་འཁེལ་ལྟར་བསྒྲུབ་དགོས།

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།དགོན་སྡེ་ཆོས་ཁང་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ཆོས་ལུགས་ནང་ཁུལ་རྒྱུ་ཆ་ཡི་པར་སྐྲུན་དངོས་པོ་རྩོམ་སྒྲིག་དཔར་འདེབས་དང་སྐྱེལ་གཏོང་བྱེད་དགོས་ན།ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་བྱས་རྗེས།ཞིང་ཆེན་པར་སྐྲུན་དོ་དམ་སྡེ་ཁག་གིས་དཔར་ཆོག་པའི་དཔང་ཡིག་སྟེར་དགོས།ཆོས་ལུགས་ནང་ཁུལ་རྒྱུ་ཆའི་པར་སྐྲུན་དངོས་པོ་དེ།ངེས་པར་དུ་ཆོག་མཆན་ཐོབ་པའི་ཁ་གྲངས་ལྟར་དཔར་དགོས་པ་དང་།གཏན་འཁེལ་བྱས་ཡོད་པའི་ཁྱབ་ཁོངས་ནང་བརྗེ་སྤེལ་བྱེད་དགོས།

རང་ཉིད་ཀྱིས་སྤྱོད་པ་དང་།ལུགས་མཐུན་གྲངས་འབོར་ལས་བརྒལ་བའི་ཆོས་ལུགས་པར་སྐྲུན་དངོས་པོ་ཕྱི་རྒྱལ་ནས་ནང་འདྲེན་བྱེད་པ་དང་།ཡང་ན་བྱེད་ཐབས་གཞན་པ་སྤྱད་དེ་ཆོས་ལུགས་པར་སྐྲུན་དངོས་པོ་དཔར་དགོས་ན།ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་བསྒྲུབ་དགོས།

དོན་ཚན་ང་གཉིས་པ། ཆོས་ལུགས་ནང་དོན་དང་འབྲེལ་བའི་པར་སྐྲུན་དངོས་པོ་དེ།རྒྱལ་ཁབ་པར་སྐྲུན་དོ་དམ་གྱི་གཏན་འཁེལ་དང་མཐུན་དགོས་པ་ལས།གཤམ་གྱི་ནང་དོན་འདི་དག་ཡོད་མི་ཆོག་སྟེ།

(གཅིག)དད་ལྡན་སྤྱི་དམངས་དང་དད་མེད་སྤྱི་དམངས་ཀྱི་འཆམ་མཐུན་མཉམ་གནས་ལ་གཏོར་བརླག་གཏོང་བ།

(གཉིས)ཆོས་ལུགས་མི་གཅིག་པའི་བར་གྱི་འཆམ་མཐུན་དང་ཆོས་ལུགས་ནང་ཁུལ་གྱི་འཆམ་མཐུན་ལ་གཏོར་བརླག་གཏོང་བ།

(གསུམ)ཆོས་དད་སྤྱི་དམངས་དང་ཡང་ན་ཆོས་ལ་མི་དད་པའི་སྤྱི་དམངས་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་པ།

(བཞི)ཆོས་ལུགས་ཀྱི་ཐལ་དྲགས་རིང་ལུགས་སྒྲོག་སྤེལ་བྱེད་པ།

(ལྔ)ཆོས་ལུགས་ཀྱི་རང་སྐྱ་དང་རང་བདག་རང་སྒྲུབ་ཀྱི་རྩ་དོན་དང་འགལ་བ་བཅས་སོ།།

དོན་ཚན་ང་གསུམ་པ། སྦྲེལ་དྲས་ཆོས་ལུགས་ཆ་འཕྲིན་ཞབས་ཞུའི་བྱ་བ་གཉེར་ན།ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་བྱས་ཏེ་འཐད་པ་བྱུང་རྗེས།རྒྱལ་ཁབ་སྦྲེལ་དྲ་ཆ་འཕྲིན་ཞབས་ཞུའི་དོ་དམ་གྱི་འབྲེལ་ཡོད་གཏན་འཁེལ་ལྟར་བསྒྲུབ་དགོས།

སྦྲེལ་དྲའི་ཆོས་ལུགས་ཆ་འཕྲིན་ཞབས་ཞུའི་ནང་དོན་དེ།འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་།སྒྲིག་སྲོལ།ཆོས་ལུགས་ལས་དོན་དོ་དམ་སྡེ་ཁག་གི་འབྲེལ་ཡོད་གཏན་འཁེལ་བཅས་དང་མཐུན་དགོས།

དོན་ཚན་ང་བཞི་པ། གློག་འཕྲིན་ལས་སྒོའི་ཚོང་གཉེར་མཁན་དང་སྦྲེལ་དྲ་ཞབས་ཞུ་འདོན་སྤྲོད་མཁན་གྱིས་དྲ་བའི་བདེ་འཇགས་སམ་ཆ་འཕྲིན་ནང་དོན་ལྟ་སྐུལ་དོ་དམ་ལམ་ལུགས་དང་བདེ་འཇགགས་འགོག་ཟོན་བྱེད་ཐབས་སོགས་ཁྲིམས་ལྟར་དངོས་འབེབས་བྱས་ཏེ།བཅའ་ཁྲིམས་དང་ཁྲིམས་སྲོལ་སྟེང་གཏན་འགོག་བྱེད་དགོས་པར་ཐག་བཅད་ཡོད་པའི་ཆོས་ལུགས་ཆ་འཕྲིན་ཁྱབ་སྤེལ་དང་བརྒྱུད་གཏོང་བྱེད་ཀྱིན་པ་ཤེས་ན།མྱུར་དུ་བརྒྱུད་གཏོང་བྱེད་མཚམས་འཇོག་ཏུ་འཇུག་པ་དང་།འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱེད་པ།འབྲེལ་ཡོད་ཆ་འཕྲིན་མེད་པར་བཟོ་བ་བཅས་བྱེད་དགོས་ཤིང་།སྤྱི་བདེ་ལས་ཁུངས་དང་ཆོས་ལུགས་ལས་དོན།སྦྲེལ་དྲའི་ཆ་འཕྲིན་དོ་དམ་བཅས་ཀྱི་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།

དོན་ཚན་ང་ལྔ་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱིས་ཆོས་ལུགས་བྱ་འགུལ་སྤེལ་སྐབས།ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཕན་དགོས།

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱིས་ཚེ་ཐར་གཏོང་བའི་བྱ་འགུལ་སྤེལ་བར།ཚེ་ཐར་གཏོང་སའི་ས་ཆ་དེའི་རི་ཐང་དུ་འཚོ་གནས་བྱེད་ཐུབ་པའི་ས་གནས་ཀྱི་སྲོག་ཆགས་འདེམ་དགོས་པར་མ་ཟད།གཏན་འཁེལ་བྱས་ཡོད་པའི་ས་གནས་སུ་ཚེ་ཐར་དུ་གཏོང་དགོས།ཚེ་ཐར་གཏོང་བའི་བྱ་འགུལ་གྱིས་ས་གནས་དེ་གའི་གཞིས་དམངས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བར་གཏོར་བརླག་དང་།སྐྱེ་ཁམས་མ་ལག་ལ་གནོད་འཚེ་ཐེབས་མི་ཆོག་ལ།ཚེ་ཐར་གཏོང་བའི་བྱ་འགུལ་བེད་སྤྱད་དེ་ཚོང་ལས་རང་བཞིན་གྱི་བྱ་འགུལ་སྤེལ་མི་ཆོག

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཕུད་པའི་རྩ་འཛུགས་དང་མི་སྒེར་གཞན་པས།ཆོས་ལུགས་ཀྱི་མིང་གཡར་ཏེ་ཚེ་ཐར་གཏོང་བའི་བྱ་འགུལ་སྤེལ་མི་ཆོག ། 

ལེའུ་བདུན་པ། ཆོས་ལུགས་རྒྱུ་ནོར།

དོན་ཚན་ང་དྲུག་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱིས་ཁྲིམས་མཐུན་སྒོས་བེད་སྤྱོད་བྱེད་ཀྱིན་པའི་ས་ཞིང་དང་།ཁྲིམས་ལྟར་དབང་བ་དང་ཡང་ན་བེད་སྤྱོད་བྱེད་ཀྱིན་པའི་སྡོད་ཁང་དང་ཨར་ལས་དངོས་པོ།སྒྲིག་བཀོད།གཞན་ད་རུང་ཁྲིམས་མཐུན་གྱི་རྒྱུ་ནོར་དང་ཡོང་སྒོ་གཞན་པ་སོགས་ནི་ཆོས་ལུགས་རྒྱུ་ནོར་ཡིན་པས།བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་ཡིན།

རྩ་འཛུགས་སམ་ཡང་ན་མི་སྒེར་སུ་ཞིག་གིས་ཀྱང་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱི་ཁྲིམས་མཐུན་རྒྱུ་ནོར་བདག་བཟུང་དང་ཧམ་འཕྲོག ལྐོག་བགོ། མེད་པར་བཟོ་བ་བཅས་བྱེད་པའམ་ཡང་ན་ཁྲིམས་འགལ་སྒོས་སྒོ་ཐེལ་རྒྱག་པ་དང་བཀག་ཉར།བཀག་སྡོམ།གཞུང་བསྡུ།ཐག་གཅོད་བཅས་བྱེད་མི་ཆོག་པ་དང་།ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ལ་དབང་བ་དང་བཀོལ་སྤྱོད་བྱེད་ཀྱིན་པའི་རིག་རྫས་ལ་གཏོར་བརླག་བཏང་མི་ཆོག

དོན་ཚན་ང་བདུན་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ནི་ཁེ་གཉེར་རང་བཞིན་མ་ཡིན་པའི་རྩ་འཛུགས་སུ་གཏོགས་པས།དེའི་རྒྱུ་ནོར་དང་ཡོང་སྒོ་ནི་དེའི་དགོངས་དོན་དང་མཚུངས་པའི་བྱ་འགུལ་དང་སྤྱི་ཕན་དགེ་སྒྲུབ་ལས་དོན་གྱི་སྟེང་དུ་བཀོལ་བ་ལས་སོ་སོར་བགོས་མི་ཆོག

རྩ་འཛུགས་སམ་ཡང་ན་མི་སྒེར་སུ་ཞིག་གིས་ཀྱང་སྤྱི་ཕན་དགེ་སྒྲུབ་ཀྱི་བྱ་འགུལ་བེད་སྤྱད་དེ་ཆོས་སྤེལ་མི་ཆོག

དོན་ཚན་ང་བརྒྱད་པ། རྩ་འཛུགས་སམ་ཡང་ན་མི་སྒེར་སུ་ཞིག་གིས་ཞལ་འདེབས་ཕུལ་ཏེ་ཆོས་ལུགས་བྱ་འགུལ་སྤེལ་ས་ཞིག་གསོ་དང་འཛུགས་སྐྲུན་བྱེད་ནའང་།ཆོས་ལུགས་བྱ་འགུལ་སྤེལ་ས་དེའི་བདག་དབང་དང་བཀོལ་སྤྱོད་དབང་ཆ་དེ་ལ་མི་དབང་བས།ཆོས་ལུགས་བྱ་འགུལ་སྤེལ་ས་སྤྱད་དེ་དཔལ་འབྱོར་གྱི་ཁེ་ཕན་བསྐྲུན་མི་ཆོག་ལ།ཆོས་ལུགས་བྱ་འགུལ་སྤེལ་ས་དེའི་ལས་དོན་ལ་ཐེ་གཏོགས་བྱེད་མི་ཆོག

ཆོས་ལུགས་བྱ་འགུལ་སྤེལ་སའམ་ཡང་ན་ཕྱི་རོལ་གྱི་ཆོས་ལུགས་སྐུ་བརྙན་ཆེ་གྲས་ལ་དངུལ་གཏོང་དང་འགན་གཙང་ལེན་གྱིས་ཚོང་གཉེར་བྱེད་པ་གཏན་འགོག་དང་།ཆོས་ལུགས་བྱ་འགུལ་སྤེལ་ས་དེ་ཚོང་གཉེར་འཁོར་སྐྱོད་བྱེད་པ་གཏན་འགོག ཆོས་ལུགས་ཀྱི་མིང་གཡར་ཏེ་ཚོང་ལས་དྲིལ་སྒྲོག་བྱེད་པ་གཏན་འགོག་བཅས་བྱེད་དགོས།

དོན་ཚན་ང་དགུ་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་རྒྱལ་ཁབ་ཕྱི་ནང་གི་རྩ་འཛུགས་དང་མི་སྒེར་གྱི་ཞལ་འདེབས་དང་ལེན་བྱས་ཏེ།དེའི་དགོངས་དོན་དང་མཚུངས་པའི་བྱ་འགུལ་གྱི་སྟེང་དུ་བཀོལ་ཆོག

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱིས་ཕྱི་རྒྱལ་གྱི་རྩ་འཛུགས་དང་མི་སྒེར་གྱི་ཞོར་སྦྲགས་ཆ་རྐྱེན་ཡོད་པའི་ཞལ་འདེབས་དང་ལེན་བྱེད་མི་ཆོག་ལ།ཞལ་འདེབས་དངུལ་གྲངས་སྒོར་ཁྲི་བཅུའི་ཡན་བརྒལ་ན།ངེས་པར་དུ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་འགོད་དུ་འཇུག་དགོས།

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱིས་ཆོས་ལུགས་ཀྱི་གོམས་སྲོལ་ལྟར་སྤྱི་དམངས་ཀྱི་ཞལ་འདེབས་དང་ལེན་བྱེད་ཆོག་མོད།འོན་ཀྱང་བཙན་ཤུགས་བཀོལ་བ་དང་ཡང་ན་ཆ་གསེས་བརྒྱབ་མི་ཆོག

དོན་ཚན་དྲུག་ཅུ་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ལ་དབང་བའི་སྡོད་ཁང་དང་བཀོལ་སྤྱོད་བྱེད་ཀྱིན་པའི་ས་ཞིང་སོགས་ཀྱི་གཏན་འཇགས་རྒྱུ་ནོར་ལ།ཁྲིམས་ལྟར་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་པ་སོགས་ཀྱི་འགྲོ་ལུགས་བསྒྲུབ་དགོས་པ་དང་།ས་ཞིང་བཀོལ་སྤྱོད་དབང་ཆ་བརྗེ་བསྒྱུར་དང་ཡང་ན་སྤོ་བསྒྱུར་བྱེད་སྐབས།གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་ཁུངས་ཀྱིས་ངེས་པར་དུ་རིམ་མཚུངས་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱེད་དགོས།

དོན་ཚན་རེ་གཅིག་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱིས་རིག་རྫས་དང་གཟུགས་འདས་རིག་གནས་ཤུལ་བཞག་དང་འབྲེལ་བའི་དངོས་རྫས་དང་ཆེད་བཀོལ་སྒྲིག་ཆས།འགྲིམ་འགྲུལ་ཡོ་བྱད།བཤམས་སྟོན་དངོས་རྫས།དཔེ་དེབ་སོགས་གཏན་འཇགས་རྒྱུ་ནོར་གྱི་གྲངས་འབོར་ལ་ཐོ་གཞུང་དང་ཡིག་ཚགས་བཟོས་ཏེ།རྒྱུ་ནོར་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་དགོས།

དོན་ཚན་རེ་གཉིས་པ། ཆོས་ལུགས་བྱ་འགུལ་སྤེལ་སས་རིག་རྫས་སྲུང་སྐྱོབ་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར།རང་སར་ཡོད་པ་དང་ཡང་ན་རང་གིས་དོ་དམ་བྱེད་ཀྱིན་པའི་རིག་རྫས་ལ་སྲུང་སྐྱོབ་དང་དོ་དམ་བྱས་ཏེ།རིག་རྫས་ལ་གཏོར་བརླག་དང་བོར་གཏོར་མི་འབྱུང་བ་བྱེད་དགོས།རིག་རྫས་སྲུང་སྐྱོབ་དང་འབྲེལ་བའི་འབྲེལ་ཡོད་འཛུགས་སྐྲུན་དང་ཞིག་གསོ་བྱེད་སྒོ་སྤེལ་སྐབས།ངེས་པར་དུ་ཁྲིམས་ལྟར་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས།

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱིས་ཉར་ཚགས་བྱས་ཡོད་པའི་གནས་སྤོར་རིག་རྫས་ལ།ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ཏེ་དོ་དམ་བྱེད་དུ་འཇུག་དགོས།

དོན་ཚན་རེ་གསུམ་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱིས་དངུལ་ཁང་གི་བསྡོམས་རྩིས་ཐོ་ཁོངས་དོ་དམ་གཏན་འཁེལ་ལྟར།དངུལ་ཁང་གི་དངུལ་རྩ་ལས་ཁུངས་ལ་སྡེ་ཁག་གི་དངུལ་ཁང་བསྡོམས་རྩིས་ཐོ་ཁོངས་ཐོ་འགོད་བྱེད་དགོས་པའི་རེ་འདུན་ཞུ་དགོས།དངུལ་རྐྱང་ཡོང་སྒོ་དུས་ཐོག་ཏུ་སྡེ་ཚན་དངུལ་ཁང་གི་བསྡོམས་རྩིས་ཐོ་ཁོངས་ནང་གསོག་དགོས་པ་ལས།གཞན་པའི་རྩ་འཛུགས་དང་མི་སྒེར་གྱི་རྩིས་ཐོ་སྟེང་གསོག་མི་རུང་།

ཆོག་མཆན་ཐོབ་སྟེ་ཆོས་ལུགས་བྱ་འགུལ་སྤེལ་ས་འཛུགས་པ་དང་ཡང་ན་འཛུགས་གྲབས་བྱེད་ཀྱིན་པའི་སྒང་ཡིན་ན།དངུལ་ཁང་གི་དངུལ་རྩའི་ལས་ཁུངས་ལ་གནས་སྐབས་ཀྱི་བསགས་དངུལ་རྩིས་ཐོ་ཐོ་འགོད་བྱེད་དགོས་པའི་རེ་འདུན་ཞུས་ཆོག

དོན་ཚན་རེ་བཞི་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ཀྱིས་རྒྱལ་ཁབ་ཀྱིས་གཅིག་གྱུར་བྱས་ཡོད་པའི་ནོར་དོན་དང་རྒྱུ་ནོར།རྩིས་གཉེར།ཁྲལ་བསྡུ་སོགས་ཀྱི་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་།ནང་ཁུལ་གྱི་ནོར་དོན་དོ་དམ་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས།ལོ་རེའི་དུས་ཚིགས་དང་པོར་ཆོས་ལུགས་ལས་དོན་སྡེ་ཁག་ལ་ལོ་འཁོར་སྔོན་མའི་ནོར་དོན་གནས་ཚུལ་དང་གཏོང་སྤྲོད་གནས་ཚུལ།ཞལ་འདེབས་དང་ལེན་དང་བཀོལ་སྤྱོད་བྱས་པའི་གནས་ཚུལ་སོགས་ཡར་ཞུ་བྱེད་དགོས་པར་མ་ཟད།དེའི་ལྟ་སྐུལ་དོ་དམ་དང་ལེན་བྱེད་དགོས།

ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས།ཆོས་ལུགས་སྒྲུབ་གཉེར་མི་སྣ་བཅས་ཀྱིས་ཁྲིམས་ལྟར་ཁྲལ་འཇལ་ཞུ་ཡིག་བྲིས་ཏེ།རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ཁྲལ་བསྡུ་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག

དོན་ཚན་རེ་ལྔ་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་སོགས་ཐོ་ཁོངས་ནས་བསུབ་པའམ་ཡང་ན་མེད་པར་བཟོ་དགོས་ན།ཁྲིམས་ལྟར་རྒྱུ་ནོར་ལ་རྩིས་ཞིབ་མོ་བརྒྱག་དགོས་པ་དང་།རྩིས་བརྒྱབ་རྗེས་ཀྱི་རྒྱུ་ནོར་ལྷག་མ་རྣམས་དེའི་དགོངས་དོན་དང་མཐུན་པའི་བྱ་འགུལ་གཞན་དག་གི་སྟེང་དུ་བཀོལ་དགོས།

ཆོས་ལུགས་སྒྲུབ་གཉེར་མི་སྣ་དང་འབྲེལ་ཡོད་ལས་བྱེད་པ་འགན་འབྲལ་དང་ཡང་ན་ཚེ་ལས་འདས་ན།དེས་དོ་དམ་དང་བཀོལ་སྤྱོད་བྱེད་ཀྱིན་པའི་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ལ་དབང་བའི་རྒྱུ་ནོར་ངེས་པར་དུ་ཕྱིར་སྤྲོད་དགོས།

ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་རེ་དྲུག་པ། སྲོལ་ཡིག་འདིའི་གཏན་འཁེལ་དང་འགལ་བའི་བྱ་སྤྱོད་ལ།བཅའ་ཁྲིམས་ཁྲིམས་སྲོལ་སྟེང་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འཁེལ་བྱས་ཡོད་ན།གཏན་འཁེལ་དེ་ལྟར་ཐག་གཅོད་དགོས། ། 

དོན་ཚན་རེ་བདུན་པ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་བཅས་ལ་གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན།ཆོས་ལུགས་ལས་དོན་སྡེ་ཁག་གིས་བཀའ་ཕབ་སྟེ་བསྒྱུར་བཅོས་བྱེད་དུ་འཇུག་དགོས་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐོ་འགོད་དོ་དམ་སྡེ་ཁག་དང་ཡང་ན་འཛུགས་འཐུས་ཆོག་འགོད་ལས་ཁུངས་ཀྱིས་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱ་འགུལ་སྤེལ་ས་དེ་ལ་བཀའ་ཕབ་སྟེ་ཐད་ཀར་འགན་འཁུར་མཁན་གྱི་འགན་འཁྲི་པ་གཙོ་བོ་བརྗེ་འཐེན་བྱེད་དུ་འཇུག་དགོས།གནས་ཚུལ་ཚབས་ཆེན་ཡིན་ན།ཐོ་འགོད་དོ་དམ་སྡེ་ཁག་དང་ཡང་ན་འཛུགས་འཐུས་ཆོག་འགོད་ལས་ཁུངས་ཀྱིས་དུས་རྒྱུན་གྱི་བྱ་འགུལ་མཚམས་འཇོག་དགོས་པའི་བཀའ་འབེབ་པ་དང་།དོ་དམ་རྩ་འཛུགས་བསྐྱར་སྒྲིག་བྱེད་པ་དང་།དུས་བཅད་ལྟར་ལེགས་སྒྲིག་བྱེད་དུ་འཇུག་དགོས་ལ།ལེགས་སྒྲིག་མི་བྱེད་པ་ཡིན་ན།ཁྲིམས་ལྟར་དེའི་ཐོ་འགོད་དཔང་ཡིག་དང་ཡང་ན་འཛུགས་འཐུས་ཆོག་དབང་མེད་པར་བཟོ་བ་དང་།ཁྲིམས་འགལ་གྱི་ཡོང་སྒོ་དང་ཁྲིམས་དང་མི་མཐུན་པའི་རྒྱུ་ནོར་ཡོད་ན།གཞུང་བཞེས་བྱེད་དགོས།

(གཅིག)གྲུབ་མཐའ་དང་བླ་མ་སྐུ་དྲག མིའི་མིང་བཅས་ལ་བརྟེན་ནས་མིང་བཏགས་ཡོད་པ།

(གཉིས)སྤྱི་ཕན་དགེ་སྒྲུབ་བྱ་འགུལ་བེད་སྤྱད་དེ་ཆོས་སྤེལ་བ།

དོན་ཚན་རེ་བརྒྱད་པ། ཆོག་མཆན་མ་ཐོབ་པར་རང་འདོད་ལྟར་ཡུལ་གཞན་ནས་ཆོས་ལུགས་བྱ་འགུལ་སྤེལ་ས་བསྐྱར་འཛུགས་དང་གསར་འཛུགས་བྱེད་པའམ་ཡང་ན།ཆོས་ལུགས་བྱ་འགུལ་སྤེལ་སའི་ནང་ཨར་ལས་དངོས་པོ་འཛུགས་པ་དང་ཞིག་གསོ་བྱས་ན།ཆོས་ལུགས་ལས་དོན་དང་རང་བྱུང་ཁོར་ཡུག སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་སོགས་སྡེ་ཁག་གིས་འགན་འཁྲི་དང་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།བདེ་སྐྱོང་དོ་དམ་བྱ་སྤྱོད་དང་འགལ་ཡོད་ན།སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་སྐྱོང་དོ་དམ་ཐག་གཅོད་བྱེད་དགོས།

དོན་ཚན་རེ་དགུ་པ། སྲོལ་ཡིག་འདིའི་གཏན་འཁེལ་དང་འགལ་ཏེ།ཡུལ་སྐོར་ཞིབ་འཇུག་སློབ་སྦྱོང་དང་དབྱར་སྒར།སྒྲུབ་སྦྱོང་སོགས་ཀྱི་རྣམ་པ་སྤྱད་དེ།ནར་མ་སོན་པའི་མི་ལ་ཆོས་ལུགས་བརྒྱུད་སྒྲོག་བྱེད་པ་དང་ཡང་ན་བསླུ་བྲིད་དང་བཙན་ཤེད་སྤྱད་དེ་ནར་མ་སོན་པའི་མི་ཆོས་ལུགས་བྱ་འགུལ་ལ་ཞུགས་སུ་བཅུག་ན།ཆོས་ལུགས་ལས་དོན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བཀའ་ཕབ་སྟེ་བྱ་འགུལ་སྤེལ་མཚམས་འཇོག་ཏུ་འཇུག་པ་དང་།ཁྲིམས་འགལ་ཡོང་སྒོ་དང་ཁྲིམས་དང་མི་མཐུན་པའི་རྒྱུ་ནོར་ཡོད་ན་གཞུང་བཞེས་བྱེད་དགོས་ལ།སློབ་མ་བསྡུ་བ་དང་སློབ་གྲྭ་སྒྲུབ་པའི་ཐོབ་ཐང་ཡོད་ན།སློབ་གྲྭ་སྒྲུབ་མཚམས་འཇོག་པ་དང་ཁྲིམས་ལྟར་སློབ་སྒྲུབ་ཆོག་འཐུས་དཔང་ཡིག་མེད་པར་བཟོ་དགོས།ཉེས་པ་བསགས་ཡོད་ན།ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།

དོན་ཚན་བདུན་ཅུ་པ། གཞུང་ལས་མི་སྣས་ཆོས་ལུགས་ལས་དོན་དོ་དམ་གྱི་བྱ་བའི་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ།ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ན།ཁྲིམས་དང་གཏན་འཁེལ་ལྟར་ཉེས་ཆད་གཅོད་དགོས་པ་དང་།ཉེས་པ་བསགས་ཡོད་ན།ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།

ལེའུ་དགུ་པ། ཞར་བྱུང་དོན་ཚན།

དོན་ཚན་དོན་གཅིག་པ། སྲོལ་ཡིག་འདི2021ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།2009ལོའི་ཟླ7པའི་ཚེས31ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་སྟེང་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》དེ་དུས་མཚུངས་སུ་མཚམས་འཇོག་བྱས་པ་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།