ཀྲུང་གོ་བོད་ཀྱི་དྲ་བ།

ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་འདི་གཉིས་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གསར་དུ་བཟོ་བཅོས་བྱས་པའི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་དང་ནར་མ་སོན་པའི་མིའི་ཉེས་བསགས་སྔོན་འགོག་བཅའ་ཁྲིམས་གཉིས།ད་ལོའི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་རེད།ད་སྤྱོད་ཀྱི་བཅའ་ཁྲིམས་གཞན་དག་དང་བསྡུར་ན།བཅའ་ཁྲིམས་འདི་གཉིས་ཀྱི་ནང་དུ་ལྟ་སྐྱོང་མཁན་གྱིས་ཁྲིམས་ལྟར་ལྟ་སྐྱོང་འགན་འཁྲི་མི་འཁུར་བ་དང་།སློབ་རའི་བརྙས་བཅོས་ལན་རེར་འབྱུང་བ་སོགས་ཀྱི་ཚ་གནད་དང་དཀའ་གནད་ལ་དམིགས་ཏེ་གཏན་འཁེལ་སྔར་ལས་ཞིབ་མོ་བྱས་ཡོད་པ་དང་།ཕྱོགས་སོ་སོ་ནས་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོབ་ལེགས་པོ་བྱས་ཡོད།

བཅའ་ཁྲིམས་འདི་གཉིས་ལས་གཅིག་གིས་ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོབ་བྱེད་པ་གཙོ་བོར་བཟུང་ཡོད་པ་དང་།གཅིག་གིས་ནར་མ་སོན་པའི་མི་ལ་སློབ་གསོ་བཏང་ནས་སྐྱོབ་ཐབས་བྱེད་པ་གཙོ་བོར་བཟུང་ཡོད་པས།མཉམ་དུ་ལག་བསྟར་བྱས་ཏེ་མཉམ་དུ་ནུས་ཤུགས་བཏོན་ན།རྒྱལ་ཡོངས་ཀྱི་ནར་མ་སོན་པའི་བྱིས་པ་ཡོངས་ལ་ཕུལ་བའི་ལེགས་སྐྱེས་ཡག་པོ་ཞིག་ཅི་ལ་མིན།

ནར་མ་སོན་པའི་མིའི་ངལ་གསོ་དང་རོལ་རྩེད།ལུས་སྦྱོང་བཅས་ཀྱི་དུས་ཚོད་འགན་སྲུང་བྱས་པ།

སློབ་སྦྱོང་གི་གནོན་ཤུགས་འོག སློབ་མ་མང་པོ་ཞིག་གསབ་སྦྱོང་འཛིན་གྲྭ་སྣ་ཚོགས་བར་དུ་འདུར་རྒྱུག་བྱས་ཏེ།སློབ་སྦྱོང་གི་ཁུར་པོ་མ་ཐེག་པར་ལུས་ཡོད།

“སློབ་མའི་སློབ་སྦྱོང་གི་ཁུར་པོ་ལྕི་དྲགས་པ་དེ་ནི་བལྟས་ཚོད་ཀྱིས་སློབ་གསོའི་གནད་དོན་ཡིན་པ་འདྲ་ནའང་།དོན་དངོས་སུ་དེ་ནི་ནར་མ་སོན་པའི་མིའི་སྲུང་སྐྱོབ་ཐད་ཀྱི་གནད་དོན་ཞིག་རེད།”ཅེས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་ཁྲིམས་ལུགས་ཁང་གི་ཀྲུའུ་རེན་ཀུའོ་ལིན་མའོ་ཡིས་དེ་ལྟར་བཤད་ཞོར།ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ལ་འཆར་ཟིན་འགོད་པའི་སྐབས་སུ་སྤྱི་གསལ་གྱིས་བསམ་འཆར་བསྡུ་ལེན་བྱེད་པའི་གོ་རིམ་ཁྲོད།ནར་མ་སོན་པའི་བྱིས་པ་ཁྲི་གཉིས་ཙམ་གྱིས་བསམ་འཆར་ཁྲི་གཉིས་ལྷག་བཏོན་པ་དང་།དེའི་ནང་གི་མང་ཆེ་ཤོས་ནི་སློབ་མའི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་དེ་ཡིན་པས།དེས་བྱིས་པ་རྣམས་ཀྱི་སེམས་འདུན་ཡོངས་སུ་མཚོན་འདུག་ཟེར།

དེ་བས་གསར་དུ་བཟོ་བཅོས་བྱས་པའི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ནང་དུ།ནར་མ་སོན་པའི་མིའི་ཕ་མ་དང་ལྟ་སྐྱོང་པ་གཞན་དག་གིས“ནར་མ་སོན་པའི་མིའི་ངལ་གསོ་དང་རོལ་རྩེད།ལུས་རྩལ་སྦྱོང་བརྡར་སོགས་ཀྱི་དུས་ཚོད་འགན་སྲུང་བྱེད་དགོས”པའི་ལྟ་སྐྱོང་པའི་འགན་འཁྲི་ལག་བསྟར་བྱེད་དགོས་པ་གསལ་པོར་བཏོན་ཡོད་པ་དང་།དུས་མཚུངས་སུ་སློབ་གྲྭས་ངེས་པར་དུ་ནར་མ་སོན་པའི་མིའི་ཕ་མ་དང་ལྟ་སྐྱོང་པ་གཞན་དག་ལ་མཉམ་སྡེབ་བྱེད་པ་དང་།ནར་མ་སོན་པའི་སློབ་མའི་སློབ་སྦྱོང་གི་དུས་ཚོད་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ཏེ།དེའི་ངལ་གསོ་དང་རོལ་རྩེད།ལུས་རྩལ་སྦྱོང་བརྡར་སོགས་ཀྱི་དུས་ཚོད་འགན་སྲུང་བྱེད་དགོས་པ་གཏན་འཁེལ་བྱས་ཡོད།སློབ་གྲྭས་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་དང་ངལ་གསོ་ཉིན་མོ།དབྱར་དགུན་གནང་སོགས་བེད་སྤྱད་དེ།འོས་འགན་སློབ་གསོའི་དུས་སྐབས་ཀྱི་ནར་མ་སོན་པའི་སློབ་མར་གཅིག་བསྡུས་སྒོས་གསབ་སྦྱོང་བྱས་ཏེ།དེའི་སློབ་སྦྱོང་གི་ཁུར་པོ་ཇེ་ལྕི་རུ་བཏང་མི་ཆོག་པ་གཏན་འཁེལ་བྱས་ཡོད།

ནར་མ་སོན་པའི་མིའི་སེམས་ཁམས་ཐེ་གཏོགས་ནང་རྐྱེན་འཐུས་ཚང་དུ་བཏང་བ།

ཉེ་ཆར།ས་ཆ་ཁ་ཤས་སུ་ནར་མ་སོན་པའི་མི་ལྕེབས་པའི་གནས་ཚུལ་མི་ཉུང་བ་འབྱུང་གིན་འདུག་པས་ཧ་ཅང་ཡིད་སྐྱོ་བ་ཞིག་རེད།ནར་མ་སོན་པའི་མིས་ད་རུང་བསམ་ཤེས་མེད་པའི་དབང་གིས།བར་ཆད་དང་འཕྲད་སྐབས་སེམས་ཁམས་སྟེང་གནད་དོན་འབྱུང་སླ་བས།སྤྱི་ཚོགས་ཡོངས་ཀྱིས་དེར་ཐུགས་ཁུར་ཆེན་པོ་བྱེད་དགོས།

མཚམས་སྦྱོར་བྱས་པ་ལྟར་ན།གསར་དུ་བཟོ་བཅོས་བྱས་པའི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་དང་ནར་མ་སོན་པའི་མིའི་ཉེས་བསགས་སྔོན་འགོག་བཅའ་ཁྲིམས་གཉིས་ཀྱིས་ན་ཆུང་གཞོན་ནུའི་སེམས་ཁམས་ཐེ་གཏོགས་ནང་རྐྱེན་སྔར་ལས་འཐུས་ཚང་དུ་བཏང་སྟེ།ཁྱིམ་ཚང་དང་སློབ་གྲྭ།སྲིད་གཞུང་སོགས་ཕྱོགས་སོ་སོའི་ན་ཆུང་གཞོན་ནུ་རྣམས་ཀྱི་ལུས་སེམས་བདེ་ཐང་ཕྱོགས་ཀྱི་འགན་འཁྲི་གཏན་འཁེལ་བྱས་ཡོད།

ཁྱིམ་ཚང་གི་ཕྱོགས་ནས།བཅའ་ཁྲིམས་ཀྱིས་འདི་ལྟར་བླང་བྱ་བཏོན་ཡོད་པ་སྟེ།ནར་མ་སོན་པའི་མིའི་ལུས་ཁམས་དང་སེམས་ཁམས།བརྩེ་དུང་སོགས་ཕྱོགས་ཀྱི་དགོས་མཁོར་ཐུགས་ཁུར་བྱེད་དགོས་ལ། མངག་བཅོལ་ལྟ་སྐྱོང་བྱས་ཡོད་པའི་གནས་ཚུལ་འོག གཟའ་འཁོར་རེར་ཆེས་ཉུང་ནའང་ནར་མ་སོན་པའི་མི་དང་ཡང་ན་མངག་བཅོལ་བྱ་ཡུལ་གཉིས་ལ་འབྲེལ་གཏུག་གམ་བསམ་བློ་བརྗེ་རེས་ཐེངས་གཅིག་བྱས་ཏེ།ནར་མ་སོན་པའི་མིའི་འཚོ་བ་དང་སློབ་སྦྱོང་།སེམས་ཁམས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱེད་དགོས་པར་མ་ཟད།དེ་ལ་ཐུགས་ཁུར་དང་བརྩེ་བ་སྦྱིན་ཅི་ཐུབ་བྱེད་དགོས།

སློབ་གྲྭའི་ཕྱོགས་ནས།བཅའ་ཁྲིམས་ཀྱིས་འདི་ལྟར་གཏན་འཁེལ་བྱས་ཡོད་པ་སྟེ།སློབ་གྲྭས་ནར་མ་སོན་པའི་སློབ་མའི་ལུས་སེམས་འཚར་ལོངས་འབྱུང་བའི་ཁྱད་ཆོས་ལྟར།སྤྱི་ཚོགས་འཚོ་བའི་ཕྱོགས་ཀྱི་ཁྲིད་སྟོན་དང་སེམས་ཁམས་བདེ་ཐང་ཕྱོགས་ཀྱི་ཁྲིད་སྟོན།ལང་ཚོའི་དུས་ཀྱི་སློབ་གསོ།ཚེ་སྲོག་གི་སློབ་གསོ་སོགས་ལེགས་པོར་སྤེལ་དགོས།སློབ་གྲྭས་ངེས་པར་དུ་ཆེད་དམིགས་དང་ཡང་ན་ལས་འགན་གཅིག་ལྕོགས་ཀྱི་སེམས་ཁམས་བདེ་ཐང་སློབ་གསོའི་དགེ་རྒན་བཀོད་སྒྲིག་བྱས་ཏེ།སེམས་ཁམས་བདེ་ཐང་སྐོར་གྱི་སློབ་གསོ་སྤེལ་དགོས།

སྲིད་གཞུང་གི་ཕྱོགས་ནས།བཅའ་ཁྲིམས་ནང་གཏན་འཁེལ་གསལ་པོ་བྱས་ཡོད་པ་སྟེ།སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ནར་མ་སོན་པའི་མིའི་སེམས་ཁམས་བདེ་ཐང་སློབ་གསོར་ཤུགས་བསྣན་ནས།ནར་མ་སོན་པའི་མིའི་སེམས་ཁམས་གནད་དོན་སྔ་མོ་ནས་ཤེས་པ་དང་དུས་ལྟར་ཐེ་གཏོགས་བྱེད་པའི་ནང་རྐྱེན་འཛུགས་དགོས།འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ནར་མ་སོན་པའི་མིའི་སེམས་ཁམས་གསོ་བཅོས་དང་སེམས་ཁམས་ཉམས་ཉེན་ཐེ་གཏོགས།དེ་མིན་ད་རུང་སེམས་ཁམས་གེགས་རྒྱ་སྔ་དུས་ནས་ངོས་འཛིན་བྱེད་པ་སོགས་ཀྱི་གསོ་བཅོས་བྱ་བ་ལེགས་པོར་བསྒྲུབ་དགོས།

སློབ་མར་བརྙས་བཅོས་ཕོག་པ་འགོག་སྲུང་བྱེད་པའི་བྱ་བའི་ལམ་ལུགས་འཛུགས་དགོས།

སྤྱི་ཚོགས་ཡོངས་ཀྱིས་ཐུགས་ཁུར་བྱེད་ཀྱིན་པའི་སློབ་མའི་བརྙས་བཅོས་གནད་དོན་སྟེང་ནས།ཀུའོ་ལིན་མའོ་ཡིས་བཤད་རྒྱུར།གནད་དོན་འདི་ནི་ནར་མ་སོན་པའི་མིའི་སྲུང་སྐྱོབ་དང་འབྲེལ་ཡོད་ལ།ནར་མ་སོན་པའི་མིའི་ཉེས་བསགས་སྔོན་འགོག་དང་ཡང་འབྲེལ་ཡོད་པས།བཅའ་ཁྲིམས་གཉིས་ཀ་མཉམ་དུ་ལག་བསྟར་བྱས་ཏེ་མཉམ་དུ་ཐག་གཅོད་བྱེད་དགོས།

གསར་དུ་བཟོ་བཅོས་བྱས་པའི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ནང་དུ“སློབ་གྲྭས་སློབ་མའི་བརྙས་བཅོས་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བའི་ལམ་ལུགས་འཛུགས་པ་དང་།དགེ་བཟོ་པ་དང་སློབ་མ་རྣམས་ལ་སློབ་མའི་བརྙས་བཅོས་འགོག་སྲུང་བྱེད་པའི་སློབ་གསོ་དང་གསོ་སྦྱོང་སྤེལ་དགོས་ལ།བརྙས་བཅོས་བྱེད་མཁན་གྱི་ནར་མ་སོན་པའི་སློབ་མར་བརྙས་བཅོས་ཀྱི་ངོ་བོ་དང་ལྗིད་ཚད་ལྟར།ཁྲིམས་ལྟར་དོ་དམ་སློབ་གསོ་གཏོང་དགོས་པ་དང་།བརྙས་བཅོས་བཏང་བའི་བྱ་སྤྱོད་ཚབས་ཆེན་ཡིན་ན།སློབ་གྲྭས་སྦ་གསང་མི་བྱེད་པར་ངེས་པར་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་དང་སློབ་གསོ་སྲིད་འཛིན་སྡེ་ཁག་ལ་ཡར་ཞུ་བྱེད་དགོས་པར་མ་ཟད།འབྲེལ་ཡོད་སྡེ་ཁག་དང་མཉམ་སྡེབ་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས”པ་གཏན་འཁེལ་བྱས་ཡོད།

གསར་དུ་བཟོ་བཅོས་བྱས་པའི་ནར་མ་སོན་པའི་མིའི་ཉེས་བསགས་སྔོན་འགོག་བཅའ་ཁྲིམས་ཀྱི་ནང་དུའང“སློབ་གྲྭས་དུས་རྒྱུན་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་།སློབ་མའི་བརྙས་བཅོས་ཀྱི་བྱ་སྤྱོད་ཡོད་པ་ཤེས་པ་དང་ཐག་གཅོད་བྱེད་པའི་བྱ་བའི་འགྲོ་རིམ་འཐུས་ཚང་དུ་བཏང་ནས།སློབ་མའི་བརྙས་བཅོས་འབྱུང་ངེས་པའི་བྱ་སྤྱོད་དུས་ཐོག་ཏུ་རྩད་བཅད་དེ་མེད་པར་བཟོ་དགོས”པ་གཏན་འཁེལ་བྱས་ཡོད།

ལྟ་སྐྱོང་མཁན་གྱི་ལྟ་སྐྱོང་འགན་འཁྲིའི་སྟེང་ནས།གསར་དུ་བཟོ་བཅོས་བྱས་པའི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ནང་དུ“ཕ་མ་དང་ཡང་ན་ལྟ་སྐྱོང་མཁན་གཞན་དག་གིས་ནར་མ་སོན་པའི་མིས་གཞན་ལ་བརྙས་བཅོས་བྱས་ན་བྱ་སྤྱོད་དེ་རྒྱ་ཡན་དུ་གཏོང་བ་དང་ཡང་ན་ངན་སྐུལ་བྱེད་མི་རུང་བ་དང་།སློབ་གྲྭས་བརྙས་བཅོས་བཏང་བའི་སློབ་མ་དང་བརྙས་བཅོས་ཕོག་པའི་སློབ་མའི་ཕ་མ་དང་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་བརྡ་སྦྱོར་བཏང་སྟེ་བརྙས་བཅོས་བྱ་སྤྱོད་ཀྱི་ངོས་འཛིན་དང་ཐག་གཅོད་ནང་ཞུགས་སུ་འཇུག་དགོས”པ་གསལ་པོར་བཀོད་ཡོད།

བྱ་སྤྱོད་ངན་པ་ཚབས་ཆེན་བཟོས་པའི་སློབ་མའི་བརྙས་བཅོས་བྱ་སྤྱོད་ཀྱི་ཐད་ནས།གསར་དུ་བཟོ་བཅོས་བྱས་པའི་ནར་མ་སོན་པའི་མིའི་ཉེས་བསགས་སྔོན་འགོག་བཅའ་ཁྲིམས་ཀྱི་ནང་དུ“སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་ཏུ་བཀག་འགོག་བྱས་ཏེ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པར་མ་ཟད།དེའི་ཕ་མ་དང་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་བཀའ་བབས་ཏེ་ཁྲིམས་འགལ་གྱི་ཤུགས་རྐྱེན་ངན་པ་ཇེ་ཡང་དུ་གཏོང་བའམ་ཡང་ན་མེད་པར་བཟོས་ནས།བྱེད་ཐབས་སྤྱོད་པ་དང་དོ་དམ་སློབ་གསོ་ནན་མོ་གཏོང་དགོས་ལ།སྤྱི་བདེ་ལས་ཁུངས་ཀྱིས་བྱེ་བྲག་གི་གནས་ཚུལ་ལྟར།ཡོ་བསྲང་སློབ་གསོ་གཏོང་དགོས”པ་གཏན་འཁེལ་བྱས་ཡོད།

ནར་མ་སོན་པའི་མི་དང་འབྲེལ་འདྲིས་དམ་ཟབ་བྱེད་དགོས་པའི་ལས་རིགས་ཀྱི་ཁྲིམས་འགལ་ཉེས་བསགས་ཟིན་ཐོར་བཀོད་དེ་ལས་གནས་འདྲི་རྩད་བྱེད་པའི་ལམ་ལུགས་འཛུགས་པ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སྤྱི་ཚོགས་ཁྲིམས་ལུགས་ཁང་གི་ཁྲུའུ་དང་པོའི་ཁྲུའུ་ཀྲང་ལིའུ་པིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།གསར་དུ་བཟོ་བཅོས་བྱས་པའི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ལྷང་ངེ་ས་ཆེས་ཆེན་པོ་ནི།རྒྱལ་ཁབ་ཀྱིས་འཆལ་སྤྱོད་གནོད་འཚེ་དང་མནར་གཅོད་གཏོང་བ།བསླུས་འཚོང་བྱེད་པ།དྲག་ཤུགས་སྤྱོད་པ་སོགས་ཁྲིམས་འགལ་ཉེས་བསགས་མི་སྣའི་ཆ་འཕྲིན་འདྲི་རྩད་མ་ལག་འཛུགས་དགོས་པ་གསལ་པོར་བཏོན་ཡོད་པར་མ་ཟད།ནར་མ་སོན་པའི་མི་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་སྡེ་ཚན་གྱིས་འདྲི་རྩད་ཀྱི་འོས་འགན་འཁུར་དགོས་པའི་བླང་བྱ་བཏོན་ཡོད།

བཅའ་ཁྲིམས་ཀྱི་མཚན་ཉིད་ལྟར་ན།ནར་མ་སོན་པའི་མི་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་སྡེ་ཚན་གྱི་ནང་དུ་སློབ་གྲྭ་དང་བྱིས་སྙོར་ཁང་།སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་ལས་ཁུངས།ནར་མ་སོན་པའི་མིའི་སྐྱོབ་རོགས་སྲུང་སྐྱོབ་ལས་ཁུངས།བྱིས་པའི་ཕན་བདེའི་ལས་ཁུངས།བྱིས་སྙོར་ལྟ་སྐྱོང་ཞབས་ཞུའི་ལས་ཁུངས།དུས་སྔའི་སློབ་གསོའི་ཞབས་ཞུ་ལས་ཁུངས།སློབ་གྲྭའི་ཕྱི་ནས་ཚབ་གཉེར་དང་གནས་སྐབས་ལྟ་སྐྱོང་བྱེད་པའི་ལས་ཁུངས།ཁྱིམ་སྐྱོང་ཞབས་ཞུ་ལས་ཁུངས།སྨན་བཅོས་ལས་ཁུངས་བཅས་དང་།གཞན་ད་རུང་ནར་མ་སོན་པའི་མི་ལ་སློབ་གསོ་དང་གསོ་སྦྱོང་།སྐྱོབ་རོགས།ལྟ་སྐྱོང་།ལྟ་རྟོག སྨན་བཅོས་བཅས་བྱེད་པའི་འགན་འཁྲི་ཡོད་པའི་ཁེ་དོན་ལས་སྡེ་ཁག་དང་སྤྱི་ཚོགས་རྩ་འཛུགས་སོགས་འདུ།

ལིའུ་པིན་གྱིས་བཤད་རྒྱུར།ནར་མ་སོན་པའི་མི་དང་འབྲེལ་འདྲིས་དམ་ཟབ་བྱེད་དགོས་པའི་སྡེ་ཚན་གྱི་འདྲི་རྩད་འོས་འགན་ལ་ཕྱོགས་གཉིས་ཡོད་དེ།གཅིག་ནི་ལས་བྱེད་མི་སྣ་བསྡུ་བའི་སྐབས་སུ།སྤྱི་བདེ་ལས་ཁུངས་དང་མི་དམངས་ཞིབ་དཔྱོད་ཁང་དུ་སོང་ནས་གདན་ཞུ་བྱ་ཡུལ་ལ་འཆལ་སྤྱོད་གནོད་འཚེ་དང་མནར་གཅོད།བསླུས་འཚོང་།དྲག་ཤུགས་སོགས་ཀྱི་ཁྲིམས་འགལ་ཉེས་བསགས་ཟིན་ཐོ་ཡོད་མེད་རྩད་བཅད་དེ།དེ་ལ་གོང་གི་བྱ་སྤྱོད་དེ་དག་ཡོད་པ་ཟིན་ཐོར་བཀོད་ཡོད་ན་བསྡུ་ལེན་བྱེད་མི་ཆོག་པ་དང་། གཉིས་ནི་ལས་བྱེད་མི་སྣར་ལོ་རེའི་ནང་དུ་གོང་གི་ཁྲིམས་འགལ་ཉེས་བསགས་ཐད་ཀྱི་ཟིན་ཐོ་ཡོད་མེད་རྩད་གཅོད་ཐེངས་རེ་བྱེད་དགོས་པ་དང་།རྩད་གཅོད་བྱས་པ་དང་ཡང་ན་བྱེད་ཐབས་གཞན་པ་ཡིས་ལས་བྱེད་མི་སྣ་དེར་གོང་གི་བྱ་སྤྱོད་དེ་དག་ཡོད་པ་ཤེས་ན་མྱུར་དུ་གདན་ཞུ་མཚམས་འཇོག་དགོས་པ་རེད།

བཅའ་ཁྲིམས་ཀྱི་ནང་དུ་ད་རུང་ནར་མ་སོན་པའི་མི་ལ་འཆལ་སྤྱོད་གནོད་འཚེ་གཏོང་བ་དང་ཡང་ན་འཆལ་སྤྱོད་སུན་པོ་བཟོ་བ་སོགས་ཀྱི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ཡོད་ན།སློབ་གྲྭ་དང་བྱིས་སྙོར་ཁང་གིས་སྦ་གསང་བྱེད་མི་ཆོག་པར།མྱུར་དུ་སྤྱི་བདེ་ལས་ཁུངས་དང་སློབ་གསོ་སྲིད་འཛིན་སྡེ་ཁག་ལ་ཡར་ཞུ་བྱེད་དགོས་པར་མ་ཟད།འབྲེལ་ཡོད་སྡེ་ཁག་དང་མཉམ་སྡེབ་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།སློབ་གྲྭ་དང་བྱིས་སྙོར་ཁང་གིས་ནར་མ་སོན་པའི་མི་ལ་ན་ཚོད་དང་མཐུན་པའི་འདོད་པའི་སྐོར་གྱི་སློབ་གསོ་གཏོང་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།