ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་གཉེན་འབྲེལ་ཁྱིམ་ཚང་དང་ཤུལ་ནོར་རྒྱུན་འཛིན་དང་བཀོལ་སྤྱོད་དུས་ཡུན་སོགས་ཀྱི་ཐད་ནས་དམངས་དོན་ཁྲིམས་གཞུང་གི་ཁྲིམས་འཛིན་འགྲེལ་བཤད་སྐོར་དང་པོ་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། དམངས་དོན་ཁྲིམས་གཞུང་ལག་བསྟར་ཡོང་བར་དངོས་གནས་སྐུལ་འདེད་དང་། མི་དམངས་ཀྱི་ཁེ་དབང་སྔར་ལས་འགན་སྲུང་ལེགས་པོ་བྱེད་ཆེད། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས2020ལོའི་ཟླ12པའི་ཚེས30ཉིན་དམངས་དོན་ཁྲིམས་གཞུང་གི་ཆ་སྡེབ་ཁྲིམས་འཛིན་འགྲེལ་བཤད7ཁྱབ་བསྒྲགས་བྱས་ཏེ། དམངས་དོན་ཁྲིམས་གཞུང་དང་མཉམ་དུ་ལག་བསྟར་བྱས་པ་རེད།

གསར་འགོད་པས་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས2020ལོའི་ཟླ12པའི་ཚེས30ཉིན་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཤེས་པ་ལྟར་ན།དམངས་དོན་ཁྲིམས་གཞུང་གཏན་འབེབས་བྱས་རྗེས།ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ད་སྤྱོད་ཁྲིམས་འཛིན་འགྲེལ་བཤད591དང་།དེ་དང་འབྲེལ་བའི་ཚད་ལྡན་ཡིག་ཆ་ཡོད་ཚད་ལེགས་སྒྲིག་བྱས་ཤིང་།དེའི་ནང་གི་འགྲེལ་བཤད364དམངས་དོན་ཁྲིམས་གཞུང་དང་མཐུན་པས་བཟོ་བཅོས་མ་བརྒྱབ་པར་མུ་མཐུད་དུ་བཀོལ་སྤྱོད་བྱེད་རྒྱུ་དང་།དམངས་དོན་ཁྲིམས་གཞུང་དང་གཤིབ་བསྡུར་བྱས་རྗེས་བཟོ་བཅོས་རྒྱག་དགོས་པའི་ཁ་བྱང་དང་དོན་ཚན111ཡོད་པས།བཟོ་བཅོས་བྱས་ཏེ་འགྲེམ་སྤེལ་བྱས་ཤིང་།ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་ལ།འགྲེལ་བཤད116མེད་པར་བཟོས་པས་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ནུས་མེད་དུ་གྱུར་ཡོད།

“དམངས་དོན་ཁྲིམས་གཞུང་དང་མི་མཐུན་པ་ཐམས་ཅད་བློ་ཐག་རྦད་ཆོད་ཀྱིས་ནུས་མེད་དུ་གཏོང་བ་དང་།དུས་མཚུངས་སུ་ཁྲིམས་འཛིན་འདྲི་གཅོད་ཀྱི་ལག་བསྟར་ལ་དམིགས་ནས།བཟོ་བཅོས་རྒྱག་དགོས་པ་ཚང་མར་བཟོ་བཅོས་རྒྱག་པ་དང་།བསྐྱར་དུ་གཏན་འབེབས་བྱེད་དགོས་པ་ཚང་མ་བསྐྱར་དུ་གཏན་འབེབས་བྱས་ཏེ།ཁྲིམས་འཛིན་འགྲེལ་བཤད་ཡོད་ཚད་དམངས་དོན་ཁྲིམས་གཞུང་གི་གཏན་ཁེལ་དང་མཐུན་པར་ཁག་ཐེག་དང་།བཅའ་ཁྲིམས་བཀོལ་སྤྱོད་ཚད་ལྡན་གཅིག་གྱུར་ཡོང་བར་ཁག་ཐེག་བྱས་ཡོད”ཅེས་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་དུས་རྒྱུན་བྱ་བར་ལས་བགོས་དོ་དམ་བྱེད་མཁན་གྱི་ཡོན་ཀྲང་གཞོན་པ་ཧོ་རུང་གིས་དེ་ལྟར་བཤད།

དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་རྗེས།ད་སྤྱོད་ཀྱི་གཉེན་འབྲེལ་བཅའ་ཁྲིམས་དང་ཤུལ་འཛིན་བཅའ་ཁྲིམས།དམངས་ཁྲིམས་སྤྱི་འགྲོས་རྩ་སྲོལ།ཉར་གསོ་བཅའ་ཁྲིམས།ཁག་ཐེག་བཅའ་ཁྲིམས།གན་རྒྱའི་བཅའ་ཁྲིམས།དངོས་དབང་བཅའ་ཁྲིམས།དབང་གནོད་འགན་འཁྲིའི་བཅའ་ཁྲིམས།དམངས་ཁྲིམས་སྤྱི་སྲོལ་སོགས་དུས་མཚུངས་སུ་ནུས་མེད་དུ་གྱུར་ཡོད་པས།གྱོད་དོན་སྒྲུབ་པའི་སྐབས་སུ་གསར་རྙིང་བསྣོལ་མར་འདྲེས་པའི་བཅའ་ཁྲིམས་འདི་དག་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་སམ།

ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་དམངས་དོན་ཁྲིམས་གཞུང་བཀོལ་སྤྱོད་བྱེད་པའི་དུས་ཡུན་གྱི་ཁྲིམས་འཛིན་འགྲེལ་བཤད་ལྟར།དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་རྗེས་བྱུང་བའི་དམངས་དོན་རྩོད་གཞི་ལ་དམངས་དོན་ཁྲིམས་གཞུང་གི་གཏན་འཁེལ་བཀོལ་སྤྱོད་བྱེད་པ་དང་།དམངས་དོན་ཁྲིམས་གཞུང་ལག་བསྟར་མ་བྱས་སྔོན་ལ་བྱུང་བའི་དམངས་དོན་རྩོད་གཞི་ལ་སྐབས་དེའི་བཅའ་ཁྲིམས་དང་ཁྲིམས་འཛིན་འགྲེལ་བཤད་ཀྱི་གཏན་འཁེལ་བཀོལ་སྤྱོད་བྱེད་དགོས།

དམངས་དོན་ཁྲིམས་གཞུང་གི་གཉེན་འབྲེལ་དང་ཁྱིམ་ཚང་ཐད་ཀྱི་དོན་ཚན་ནི་ཁྱིམ་ཚང་རེ་རེར་འབྲེལ་བ་དམ་པོ་ཡོད་པས།ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་དམངས་དོན་ཁྲིམས་གཞུང་གི་གཉེན་འབྲེལ་ཁྱིམ་ཚང་གི་དོན་ཚན་རྩོམ་སྒྲིག་བྱེད་སྐབས་གཉེན་འབྲེལ་ཁྱིམ་ཚང་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་བར་དམིགས་ནས།དེའི་ནང་གི་རྒྱུན་མཐུན་རང་བཞིན་དང་དུས་རྒྱུན་རང་བཞིན་གྱིས་ཁྱིམ་ཚང་གི་ནང་དུ་དྲག་ཤུགས་བཀོལ་བ་དེ་མནར་གཅོད་གཏོང་བར་ངོས་བཟུང་ཡོད་པས།དེས་ཁྱིམ་ཚང་ནང་གི་དྲག་ཤུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད་པ་གསལ་པོར་མཚོན་ཡོད།

སྤྱི་དམངས་ཀྱིས་སྤྱི་ཁྱབ་སྒོས་ཐུགས་ཁུར་བྱེད་ཀྱིན་པའི་གཉེན་འབྲེལ་དང་ཁང་པའི་བདག་དབང་གི་གནད་དོན་ལ་དམིགས་ནས།ཁྲིམས་འཛིན་འགྲེལ་བཤད་ནང་ད་སྤྱོད་གཉེན་འབྲེལ་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་འགྲེལ་བཤད་ཀྱི་གཏན་འཁེལ་རྨང་གཞི་བྱས་ཡོད་པ་སྟེ།དོ་བདག་པ་གཉེན་མ་སྒྲིག་པའི་སྔོན་དུ།ཕ་མས་སྒོར་མོ་ཕུད་དེ་ཉོས་པའི་སྡོད་ཁང་དེ་ཕྱོགས་གཉིས་ཀར་བྱིན་པ་གསལ་པོར་བཀོད་མེད་ན།དེ་ནི་ཕ་མས་རང་གི་བུ་ཕྲུག་ལ་ཉོས་པར་ངོས་འཛིན་དགོས་པ་དང་།དོ་བདག་པ་གཉེན་སྒྲིག་རྗེས།ཕ་མས་ཉོས་པའི་སྡོད་ཁང་དེ་ཁ་ཆད་ལྟར་ཐག་གཅོད་དགོས་པ་དང་།ཁ་ཆད་གང་ཡང་བཞག་མེད་པའམ་ཡང་ན་ཁ་ཆད་གསལ་པོ་མིན་ན།དམངས་དོན་ཁྲིམས་གཞུང་ནང་གི་བཟའ་ཟླའི་ཐུན་མོང་རྒྱུ་ནོར་གྱི་འབྲེལ་ཡོད་གཏན་འཁེལ་ལྟར་ཐག་གཅོད་བྱེད་དགོས།

བུ་ཕྲུག་གི་རུས་མིང་བསྒྱུར་ན་ཕ་མས་སྙོར་སྐྱོང་མ་བྱས་ན་ཆོག་གམ་ཞེ་ན།ཁྲིམས་འཛིན་འགྲེལ་བཤད་སྟེང་དེ་ལ་གཏན་འཁེལ་བྱས་ཡོད་པ་སྟེ།བུ་ཕྲུག་གི་རུས་མིང་བསྒྱུར་བར་ཁ་གཡར་ཏེ་སྙོར་སྐྱོང་གྲོན་དངུལ་མ་བྱིན་ན་མི་ཆོག་པ་རེད།ཕའམ་ཡང་ན་མས་རང་འདོད་ལྟར་བུ་ཕྲུག་གི་རུས་མིང་ཕ་གཡར་དང་ཡང་ན་མ་གཡར་གྱི་རུས་སུ་བསྒྱུར་ན།བཀའ་བབས་ཏེ་སྔོན་གྱི་རུས་མིང་སླར་གསོ་བྱེད་དུ་བཅུག་ཆོག

ནར་མ་སོན་པའི་མི་ལ་ཆེས་ཕན་པའི་རྩ་དོན་ལྟར།ཁྲིམས་འཛིན་འགྲེལ་བཤད་ནང་ནར་མ་སོན་པའི་མིའི་སྙོར་སྐྱོང་དབང་ཆའི་རྩོད་གཞིའི་ཁྲོད།བུ་ཕྲུག་གི་འདོད་བློར་བརྩི་སྲུང་བྱེད་པའི་ལོ་ཚོད་དེ་ལོ10ནས8དུ་ཇེ་ཆུང་དུ་བཏང་ཡོད།

མིའི་ཐབས་ཀྱིས་ཁུ་བ་བླངས་ནས་སྐྱེས་པའི་བུ་ཕྲུག་གི་བཅའ་ཁྲིམས་གོ་གནས་གསལ་པོོར་བཏོན་ཡོད་པ་སྟེ།ཁྲིམས་འཛིན་འགྲེལ་བཤད་ནང་གཉེན་འབྲེལ་འབྲེལ་བ་གནས་པའི་སྐབས་སུ།བཟའ་ཟླ་ཕྱོགས་གཉིས་ཀ་མོས་མཐུན་བྱུང་སྟེ་མིའི་ཐབས་ཀྱིས་ཁུ་བ་བླངས་ནས་སྐྱེས་པའི་བུ་ཕྲུག་དེ་ནི་གཉེན་འབྲེལ་འབྲེལ་བ་གནས་པའི་སྐབས་སུ་སྐྱེས་པའི་བུ་ཕྲུག་ཡིན་པས།ཕ་མ་བུ་ཕྲུག་བར་གྱི་དབང་ཆ་དང་འོས་འགན་ཡོད་ཚད་དམངས་དོན་ཁྲིམས་གཞུང་ནང་གི་འབྲེལ་ཡོད་གཏན་འཁེལ་ལྟར་བཀོལ་དགོས།

སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས།ཤུལ་འཛིན་ལས་བྱུང་བའི་རྩོད་གཞི་ཇེ་མང་ནས་ཇེ་མང་རེད།ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ཧོ་རུང་གིས་བཤད་རྒྱུར།ཆེས་མཐོ་མི་དམངས་ཁྲིམས་ཁང་གི་དམངས་དོན་ཁྲིམས་གཞུང་གི་ཤུལ་འཛིན་དོན་ཚན་གྱི་ཁྲིམས་འཛིན་འགྲེལ་བཤད་དེ་མང་ཚོགས་ཀྱི་ཐུགས་ཁུར་བྱེད་ས་ནས་མགོ་བརྩམས་ཡོད་ལ།དེའི་ནང་དུ་ཤུལ་ནོར་ཤུལ་འཛིན་བྱེད་མཁན་མེད་པའམ་ཡང་ན་སྤྲོད་ས་མེད་པའི་གནས་ཚུལ་འོག གལ་ཏེ་ཤུལ་འཛིན་མཁན་ཕུད་པའི་ཤུལ་འཛིན་བྱ་ཡུལ་ལ་སྙོར་སྐྱོང་བྱེད་པ་ཆེས་མང་བའི་མི་དེ་དང་ཡང་ན་ཤུལ་འཛིན་བྱ་ཡུལ་གྱིས་དེའི་སྙོར་སྐྱོང་ལ་བརྟེན་ཡོད་པའི་མི་ལ་ཤུར་ནོར་འོས་འཚམ་གྱིས་བགོས་ཏེ།སྤྱི་ཚོགས་ཡོངས་ལ་རྒན་བཀུར་ཆུང་བྱམས་དང་ཕན་ཚུན་རོགས་རམ་བྱེད་པའི་སྲོལ་རྒྱུན་ཆགས་སུ་འཇུག་དགོས་པ་གཏན་འཁེལ་བྱས་ཡོད།

རྒན་པར་བཀུར་ཞིང་གཉེན་ཉེ་ལ་བརྩེ་བའི་སྲོལ་རྒྱུན་དར་སྤེལ་གཏོང་ཆེད།ཁྲིམས་འཛིན་འགྲེལ་བཤད་ནང་ད་རུང་སྙོར་སྐྱོང་གི་ནུས་པ་དང་སྙོར་སྐྱོང་གི་ཆ་རྐྱེན་ལྡན་པའི་ཤུལ་འཛིན་མཁན་དེ་ཤུལ་འཛིན་བྱ་ཡུལ་དང་མཉམ་དུ་འཚོ་བ་རོལ་གྱིན་ཡོད་ནའང་།སྙོར་སྐྱོང་བྱེད་དགོས་པའི་ཤུལ་འཛིན་བྱ་ཡུལ་ལ་སྙོར་སྐྱོང་གི་འོས་འགན་ལེགས་པོ་མ་བསྒྲུབས་ན།ཤུལ་ནོར་བགོ་སྐབས་ཉུང་བགོ་བྱེད་པའམ་ཡང་ན་མ་བགོས་ནའང་ཆོག་པ་གཏན་འཁེལ་བྱས་ཡོད།

དེ་ལས་གཞན་ད་རུང་།ཆེས་མཐོ་མི་དམངས་ཁྲིམས་ཁང་གི་དམངས་དོན་ཁྲིམས་གཞུང་གི་དངོས་དབང་དོན་ཚན་གྱི་ཁྲིམས་འཛིན་འགྲེལ་བཤད་ནང་དུ་དམངས་དོན་ཁྲིམས་གཞུང་ནང་གཏན་འཁེལ་བྱས་ཡོད་པའི“སྡོད་པའི་དབང་ཆ”སོགས་ཀྱི་དངོས་པོའི་ཁེ་དབང་ལོངས་སྤྱོད་བྱེད་སྟངས་གསར་པ་ཁ་སྣོན་བྱས་ཡོད་པ་དང་།ངལ་རྩོལ་རྩོད་གཞི་དང་བཟོ་འགོད་འཛུགས་སྐྲུན་ཨར་ལས་གན་རྒྱ་གཉིས་ཀྱི་ཁྲིམས་འཛིན་འགྲེལ་བཤད་ནང་དམངས་འཚོའི་ཁྲིམས་འཛིན་འགན་སྲུང་བྱེད་ཤུགས་དང་།འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བར་སྲུང་སྐྱོབ་བྱེད་ཤུགས།ཨར་ལས་ཚོང་རའི་དྲང་གཞག་འགྲན་རྩོད་སྒྲིག་ལམ་སྲུང་སྐྱོང་བྱེད་ཚད་ཇེ་དྲག་ཏུ་བཏང་འདུག

ཧོ་རུང་གིས་བསྟན་དོན།མི་གཞིའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་དོན་ཚན་སྒེར་ཚུགས་སུ་བསྒྲིགས་པ་དེ་ནི་དམངས་དོན་ཁྲིམས་གཞུང་གི་ལྷང་ངེ་ས་ཞིག་རེད།ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་གཙོ་གནད་དང་ཚ་གནད་གནད་དོན་ལ་རྟོག་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ།འབྲེལ་ཡོད་ཀྱི་ཁྲིམས་འཛིན་འགྲེལ་བཤད་དང་ཡང་ན་ཚད་ལྡན་ཅན་གྱི་ཡིག་ཆ་དུས་ཐོག་ཏུ་གཏན་འབེབས་བྱེད་པ་དང་།འདྲི་གཅོད་ཁྲིད་སྟོན་ལ་ཤུགས་བསྣན་ནས།མི་གཞིའི་ཁེ་དབང་ལ་ཁྲིམས་འཛིན་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།