ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་ཐོན་ཁུངས་སྲོལ་ཡིག

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། གནམ་གཤིས་ཐོན་ཁུངས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གནམ་གཤིས་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་བཅས་བྱས་ནས་དཔལ་འབྱོར་དང་། སྤྱི་ཚོགས། འབྱུང་ཁམས་ཁོར་ཡུག་བཅས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནམ་དཔྱད་བཅའ་ཁྲིམས》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གནམ་གཤིས་ཐོན་ཁུངས་ལྟ་ཞིབ་ཚད་ལེན་དང་། ཁུལ་ཁོངས་དབྱེ་བ། དཔྱད་གདེང་། གསར་སྤེལ་བེད་སྤྱོད། སྲུང་སྐྱོབ་སོགས་ཀྱི་ལས་སྒོ་སྤེལ་སྐབས་ངེས་པར་དུ་སྲོལ་ཡིག་འདིར་སྲུང་བརྩི་ཞུ་དགོས།

དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་གི་གནམ་གཤིས་ཐོན་ཁུངས་ཞེས་པ་ནི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་སྤྱོད་ཆོག་པའི་ཉི་མའི་ཟེར་འགྱེད་དང་། ཚ་དྲོད། གནམ་ཆུ། རླུང་བུ། རླུང་ཁམས་ཆེན་པོའི་གྲུབ་ཆ་སོགས་རང་བྱུང་དངོས་པོ་དང་ནུས་ཚད་ལ་ཟེར་བ་ཡིན།

དོན་ཚན་བཞི་པ། གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་བྱེད་པར་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་སྲུང་སྐྱོབ་སྔོན་ལ་བྱེད་པ། ཚན་རིག་དང་མཐུན་པའི་གསར་སྤེལ། བེད་སྤྱོད་ལུགས་མཐུན་བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་མ་ཟད། རྒྱུན་མཐུད་ངང་གོང་འཕེལ་ཡོང་བ་བྱེད་དགོས།

དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་བྱེད་པའི་ལས་ཀ་དེ་རིམ་མཚུངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་ནང་བཅུག་ནས་དེའི་ཐད་མཁོ་བའི་གྲོན་དངུལ་རིགས་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས།

དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་བྱེད་པའི་ལས་ཀ་སྒྲིག་འཛུགས་དང་། མཐུན་སྦྱོར། ལྟ་སྐུལ། འགོ་ཁྲིད་བཅས་ལ་ཤུགས་སྣོན་རྒྱག་དགོས།

དོན་ཚན་བདུན་པ། རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་ལྗོངས་ཡོངས་ཀྱི་གནམ་གཤིས་ཐོན་ཁུངས་ཐད་ཕྱོགས་བསྡུས་བརྟག་དཔྱད་དང་ཁུལ་ཁོངས་དབྱེ་བའི་ལས་ཀ་བྱེད་འགན་འཁུར་རྒྱུ་དང། གནམ་གཤིས་ཐོན་ཁུངས་ལྟ་ཞིབ་ཚད་ལེན་དང་། དབྱེ་ཞིབ། དཔྱད་གདེང་། གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བཅས་བྱེད་རྒྱུར་སྒྲིག་འཛུགས་བྱེད་དགོས།

དོན་ཚན་བརྒྱད་པ། གྲོང་ཁྱེར(ས་ཁུལ)དང་རྫོང་རིམ་པའི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གནམ་གཤིས་ཐོན་ཁུངས་ལྟ་ཞིབ་ཚད་ལེན་དང་། དབྱེ་ཞིབ། དཔྱད་གདེང་། ཕྱོགས་བསྡུས་བརྟག་དཔྱད་སོགས་ཀྱི་ལས་ཀ་བྱེད་འགན་འཁུར་དགོས།

དོན་ཚན་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་འགན་འཁྲི་ཁག་བགོས་ལྟར་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་བྱེད་རྒྱུའི་འབྲེལ་ཡོད་ལས་ཀ་ཡག་པོ་སྒྲུབ་དགོས།

དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཐད་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་སྔོན་ཐོན་ལག་རྩལ་གསར་པའི་གྲུབ་འབྲས་ཁྱབ་གདལ་གཏོང་དགོས།

དོན་ཚན་བཅུ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ངམ་ཡང་ན་རིམ་ཁག་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་ཞིབ་འཇུག་བྱེད་པའི་ནང་ཚན་རྩལ་ཐད་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་ལས་ཀའི་ནང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་མཁན་རྩ་འཛུགས་དང་མི་སྒེར་ལ་བྱ་དགའ་སྤྲོད་དགོས།

ལེའུ་གཉིས་པ། གནམ་གཤིས་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་། ཁུལ་ཁོངས་དབྱེ་བ། དཔྱད་གདེང་བཅས་བྱེད་རྒྱུ།

དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་ཀྱི་དགོས་མཁོར་གཞིགས་ནས་གནམ་གཤིས་ཐོན་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་དྲ་རྒྱ་གསར་འཛུགས་བྱས་ཏེ་གནམ་གཤིས་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱེད་ནུས་ཆེ་རུ་གཏོང་དགོས།

གནམ་གཤིས་ཐོན་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་དགོས་ཚེ་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ལས་ཁུངས་ལ་ཞིབ་མཆན་ཞུ་དགོས།

དོན་ཚན་བཅུ་གསུམ་པ། རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་གནམ་གཤིས་ཐོན་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་དཔྱད་ཡིག་གཞིར་བཟུང་གནམ་གཤིས་ཐོན་ཁུངས་ཀྱི་གཞི་གྲངས་ཐོ་མཛོད་གསར་འཛུགས་བྱས་ནས་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཁར་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱེད་རྒྱུ།

དོན་ཚན་བཅུ་བཞི་པ། གནམ་གཤིས་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་། དཔྱད་ཡིག་འཚོལ་བསྡུ་དང་ཞིབ་དཔྱད་ཐག་གཅོད། དེ་བཞིན་དཔྱད་ཡིག་བརྒྱུད་གཏོང་དང་ཉར་ཚགས་བཅས་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལག་རྩལ་ཚད་གཞི་དང་གསང་སྲུང་བྱེད་ཕྱོགས་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས། གནམ་གཤིས་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་ཡིག་བརྒྱུད་གཏོང་བྱེད་སྐབས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནམ་དཔྱད་གཙོ་འགན་ལས་ཁུངས་ནས་ངེས་གཏན་འཁེལ་བའི་ཆེད་སྤྱོད་ལག་རྩལ་སྒྲིག་ཆས་བེད་སྤྱོད་གཏོང་དགོས།

དོན་ཚན་བཅོ་ལྔ་པ། རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་དེ་གའི་གནམ་གཤིས་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱས་ཚུལ་གཞིར་བཟུང་ས་གནས་དེ་གའི་སྲིད་གཞུང་ནས་དམིགས་འཛུགས་བྱས་པའི་སྤྱི་པའི་མཚམས་སྦྱོར་ཚན་པ་བརྒྱུད་དེ་སྤྱི་ཚོགས་ལ་སྲིད་འཛིན་ས་ཁོངས་དེ་གའི་གནམ་གཤིས་གནས་ཚུལ་དུས་བཀག་ཐོག་སྤྱི་བསྒྲགས་སྤེལ་དགོས།

རྩ་འཛུགས་དང་མི་སྒེར་གཞན་གྱིས་གནམ་གཤིས་སྐོར་གྱི་གནས་ཚུལ་སྤྱི་བསྒྲགས་སྤེལ་མི་ཆོག

དོན་ཚན་བཅུ་དྲུག་པ། རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་དགོས་མཁོར་གཞིགས་ཏེ་སྲིད་འཛིན་ས་ཁོངས་དེ་གའི་གནམ་གཤིས་ཐོན་ཁུངས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་མ་ཟད། བརྟག་དཔྱད་བྱས་འབྲས་ལ་གཞིགས་ནས་གནམ་གཤིས་ཐོན་ཁུངས་ཚོད་སྐོར་དང་ཁུལ་ཁོངས་དབྱེ་བའི་ལས་དོན་སྤེལ་དགོས།

དོན་ཚན་བཅུ་བདུན་པ། རང་སྐྱོང་ལྗོངས་དང་གྲོང་ཁྱེར(ས་ཁུལ)གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་དེ་གའི་ཕྱོགས་བསྡུས་གནམ་གཤིས་ཐོན་ཁུངས་ཀྱི་ཁུལ་ཁོངས་དབྱེ་བ་དང་། གནམ་གཤིས་ཐོན་ཁུངས་རྐྱང་པའི་ཁུལ་ཁོངས་དབྱེ་བ། ཆེད་དོན་གནམ་གཤིས་ཐོན་ཁུངས་ཀྱི་ཁུལ་ཁོངས་དབྱེ་བ་བཅས་བྱེད་འགན་འཁུར་དགོས།

རང་སྐྱོང་ལྗོངས་དང་གྲོང་ཁྱེར(ས་ཁུལ)གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་ཞིང་ལས་གྲོང་གསེབ་དང་། ནགས་ལས་དང་རྩྭ་ཐང་། ཆུ་བེད། སྐྱེ་ཁམས་ཁོར་ཡུག་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གནམ་གཤིས་ཐོན་ཁུངས་ཀྱི་ཁུལ་ཁོངས་དབྱེ་བའི་འཆར་འགོད་བཟོ་རྒྱུའི་སྒྲིག་འཛུགས་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིམ་པ་དེ་གའི་གནམ་དཔྱད་གཙོ་འགན་ལས་ཁུངས་དང་། ཞིང་ལས་གྲོང་གསེབ། ནགས་ལས་དང་རྩྭ་ཐང་། ཆུ་བེད། སྐྱེ་ཁམས་ཁོར་ཡུག་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་གནམ་གཤིས་ཐོན་ཁུངས་ཀྱི་ཁུལ་ཁོངས་དབྱེ་བའི་བྱས་འབྲས་ཁྱབ་གདལ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ངང་གནམ་གཤིས་ཐོན་ཁུངས་ལུགས་མཐུན་བེད་སྤྱོད་གཏོང་དགོས།

དོན་ཚན་བཅུ་དགུ་པ། གནམ་གཤིས་ཐོན་ཁུངས་ཀྱི་ཁུལ་ཁོངས་དབྱེ་བར་ངེས་པར་དུ་གཤམ་གསལ་གྱི་ནང་དོན་ཚུད་དགོས་པ་སྟེ།

(གཅིག)ཁུལ་ཁོངས་དབྱེ་བའི་རྒྱབ་ལྗོངས་དང་དོན་སྙིང་དང་།

(གཉིས)ས་གནས་དེ་གའི་ཉི་མའི་ཟེར་འགྱེད་དང་། ཚ་དྲོད། གནམ་ཆུ། རླུང་བུ། རླུང་ཁམས་ཆེན་པོའི་གྲུབ་ཆ་སོགས་ཁྱབ་ཚུལ་དང་དེ་བཞིན་ཁུལ་ཁོངས་དབྱེ་ཡུལ་ལ་མཁོ་བའི་གནམ་གཤིས་ཐོན་ཁུངས་ཀྱི་ཆ་རྐྱེན་ཐད་ཀྱི་རེ་འདུན།

(གསུམ)ཁུལ་ཁོངས་དབྱེ་བའི་དམིགས་ཚད།

(བཞི)གནམ་གཤིས་ཐོན་ཁུངས་སྲུང་སྐྱོབ་བྱེད་རྒྱུའི་གཙོ་གནད་དང་ཁ་ཕྱོགས།

(ལྔ)ཁུལ་ཁོངས་ཕྱེ་ནས་གནམ་གཤིས་ཐོན་ཁུངས་ཀྱི་ཆ་རྐྱེན་དང་གནམ་གཤིས་ཐོན་ཁུངས་ཀྱི་མཐུན་རྐྱེན་གཙོ་བོ་དང་། གནད་དོན། དེ་བཞིན་ཐོན་སྐྱེད་ཀྱི་གཏིང་ཤུགས་སོགས་དཔྱད་གླེང་བྱེད་རྒྱུ།

(དྲུག)ཁ་གཏད་གཅོག་ཐབས་དང་གྲོས་འཆར་བཅས་སོ།

གནམ་གཤིས་ཐོན་ཁུངས་ཀྱི་ཁུལ་ཁོངས་དབྱེ་རྒྱུ་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་གནམ་དཔྱད་ལས་སྒོའི་ཚད་གཞི་དང་ལག་རྩལ་གྱི་ཚད་གཞིར་གཞིགས་ནས་བཟོ་དགོས།

དོན་ཚན་ཉི་ཤུ་པ། རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་འབྲེལ་ཡོད་ཚན་པ་དང་མཉམ་དུ་གནམ་གཤིས་ཀྱི་ཤུགས་རྐྱེན་དབྱེ་ཞིབ་དང་གནམ་གཤིས་ཐོན་ཁུངས་ལ་དཔྱད་གདེང་བྱེད་རྒྱུའི་ལས་ཀ་ཡག་པོ་བསྒྲུབས་ཐོག གནམ་གཤིས་ཀྱི་ཤུགས་རྐྱེན་དབྱེ་ཞིབ་དང་གནམ་གཤིས་ཐོན་ཁུངས་ལ་དཔྱད་གདེང་བྱེད་པའི་སྙན་ཞུ་བཟོ་དགོས།

རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གནམ་གཤིས་ཀྱི་ཤུགས་རྐྱེན་དབྱེ་ཞིབ་དང་གནམ་གཤིས་ཐོན་ཁུངས་ལ་དཔྱད་གདེང་བྱས་འབྲས་དེ་དཔལ་འབྱོར་གོང་འཕེལ་གཏོང་བའི་འཆར་འགོད་དང་ལས་རིགས་འཆར་འགོད་སོགས་བཟོ་འགོད་དང་ལེགས་སྒྲིག་བྱེད་པའི་རྨང་གཞིའི་གཞི་འཛིན་སར་བརྩི་དགོས།

དོན་ཚན་ཉེར་གཅིག་པ། རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གྲོང་ཁྱེར་གྲོང་གསེབ་ཀྱི་འཆར་འགོད་དང་། གཙོ་གནད་འཛུགས་སྐྲུན་ལས་གྲྭ ཁུལ་ཁོངས་རང་བཞིན་གྱི་དཔལ་འབྱོར་གསར་སྤེལ་རྣམ་གྲངས་གལ་ཆེ་རིགས། ཉི་ནུས་དང་རླུང་ནུས་སོགས་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་རྣམ་གྲངས་ཆེ་གྲས་བཅས་ལ་གནམ་གཤིས་ཀྱི་ཤུགས་རྐྱེན་ཡོད་མིན་རྗེས་འདེད་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་དཔྱད་གདེང་བྱེད་དགོས་པ་མ་ཟད། དཔྱད་གདེང་བྱ་ཡུལ་ཚན་པའི་ལག་རྩལ་དང་ལས་སྒོའི་གསང་བ་སྲུང་དགོས།

དཔྱད་གདེང་བྱ་ཡུལ་གྱི་འཛུགས་སྐྲུན་ཚན་པས་ངེས་པར་དུ་གནས་ཚུལ་ངོ་མ་གསལ་ཞུ་དང་དགོས་ངེས་ཀྱི་དཔྱད་ཡིག་མཁོ་འདོན་བྱེད་དགོས།

ལེའུ་གསུམ་པ། གནམ་གཤིས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་རྒྱུ།

དོན་ཚན་ཉེར་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནམ་གཤིས་ཐོན་ཁུངས་བརྟག་དཔྱད་བྱས་འབྲས་གཞིར་བཟུང་། གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་རྒྱུ་མ་ཟད། འབྲེལ་ཡོད་ཀྱི་ཆེད་དོན་འཆར་འགོད་དང་ལས་རིགས་འཆར་འགོད་དེ་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་ཀྱི་འཆར་འགོད་དང་ཕན་ཚུན་མཐུན་སྦྱོར་ཡོང་བའི་འགན་སྲུང་བྱེད་དགོས།

དོན་ཚན་ཉེར་གསུམ་པ། གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་ཀྱི་འཆར་འགོད་ནང་གཤམ་གསལ་གྱི་ནང་དོན་ཚུད་དགོས་པ་སྟེ།

(གཅིག)མཛུབ་ཁྲིད་བསམ་བློ་དང། རྩ་དོན། དམིགས་ཚད་བཅས་དང་།

(གཉིས)འཆར་འགོད་བཟོ་རྒྱུའི་རྒྱབ་ལྗོངས་དང་ད་ལྟའི་གནས་ཚུལ།

(གསུམ)གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་བྱེད་རྒྱུའི་གཙོ་གནད་དང་ཁ་ཕྱོགས།

(བཞི)གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་བྱེད་རྒྱུའི་རྣམ་གྲངས་འཛུགས་སྐྲུན་གྱི་འཆར་འགོད།

(ལྔ)གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་བྱེད་ཐབས་བཅས་སོ།

དོན་ཚན་ཉེར་བཞི་པ། གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་རྣམ་གྲངས་རིགས་ངེས་པར་དུ་གནམ་གཤིས་ཐོན་ཁུངས་ཀྱི་ཁུལ་ཁོངས་དབྱེ་རྒྱུ་གཞིར་བཟུང་ནས་ཚན་རིག་དང་མཐུན་པའི་ངང་གནམ་གཤིས་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱས་ཏེ་རྨོངས་ཚོད་ཀྱིས་འཛུགས་སྐྲུན་བྱེད་རིགས་སྔོན་འགོག་བྱེད་དགོས།

དོན་ཚན་ཉེར་ལྔ་པ། རང་སྐྱོང་ལྗོངས་ནས་ཉི་ནུས་དང་། རླུང་ནུས། གནམ་ཆུ་སོགས་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུ།

དོན་ཚན་ཉེར་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་ཀྱི་འཆར་འགོད་གཞིར་བཟུང་འཆར་གཞི་ཡོད་པའི་ངང་ཉི་ནུས་དང་། རླུང་ནུས། གནམ་ཆུ་སོགས་གནམ་གཤིས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་དགོས།

དོན་ཚན་ཉེར་བདུན་པ། རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་སྡེ་ཚན་གྱིས་གནམ་གཤིས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པར་ངེས་པར་དུ་ལག་རྩལ་ཐོག་ནས་རྒྱབ་སྐྱོར་དང་ཞབས་ཞུ་སྒྲུབ་དགོས།

དོན་ཚན་ཉེར་བརྒྱད་པ། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་གནམ་གཤིས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་ནས་གཏན་འབེབས་བྱས་པའི་ཚད་གཞི་དང་སྒྲིག་སྲོལ་ལ་སྲུང་བརྩི་ཞུ་དགོས་པ་ལས་སྤྱི་པའི་ཁེ་ཕན་དང་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག

ལེའུ་བཞི་པ། གནམ་གཤིས་ཀྱི་ཐོན་ཁུངས་སྲུང་སྐྱོབ།

དོན་ཚན་ཉེར་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནམ་གཤིས་ཐོན་ཁུངས་ཀྱི་ཁུལ་ཁོངས་དབྱེ་བར་གཞིགས་ནས་གནམ་གཤིས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པའི་ས་ཁོངས་སམ་ཡང་ན་གནམ་གཤིས་འགྱུར་སླ་བའི་ས་ཁོངས་སུ་གནམ་གཤིས་ཐོན་ཁུངས་སྲུང་སྐྱོབ་བྱེད་ཁོངས་དབྱེ་བཅད་བྱེད་དགོས།

གནམ་གཤིས་ཐོན་ཁུངས་སྲུང་སྐྱོབ་བྱེད་ཁོངས་ནང་གནམ་གཤིས་ཐོན་ཁུངས་ལ་གནོད་སྐྱོན་གཏོང་བའི་འཛུགས་སྐྲུན་རྣམ་གྲངས་སྤེལ་མི་ཆོག

དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནུས་རྒྱུ་བསྲི་ཚགས་དང་། བཙོག་སྐྱོན་ཉུང་གཏོང་། ཐཱན་རྒྱུ་གཏན་འཇགས། གྲོང་ཁྱེར་དང་གྲོང་གསེབ་ལྗང་འགྱུར་སོགས་བྱེད་རྒྱུའི་ཕན་ལྡན་བྱ་ཐབས་སྤྱད་ནས་ནགས་ཚལ་དང་། རྩྭ་ཐང་། གཤེར་ས། མཚེའུ། ཆུ་བོ་སོགས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གནམ་གཤིས་ཐོན་ཁུངས་ཀྱི་ཆ་རྐྱེན་ཇེ་ཡག་ཏུ་འགྲོ་ཐུབ་པ་བྱེད་དགོས།

དོན་ཚན་སོ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་གྱི་ལམ་ལུགས་ལག་བསྟར་བྱེད་རྒྱུ།

དོན་ཚན་སོ་གཉིས་པ། རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་གནམ་གཤིས་ཀྱི་ཆ་རྐྱེན་དང་འབྲེལ་བ་ཟབ་པོ་ཡོད་པའི་གཤམ་གསལ་གྱི་འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས་ལ་གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་རྒྱུའི་སྒྲིག་འཛུཌ་བྱེད་དགོས་པ་སྟེ།

(གཅིག)གྲོང་ཁྱེར་གྲོང་གསེབ་ཀྱི་འཆར་འགོད་དང་གཙོ་གནད་ཁྱབ་ཁོངས་སམ་ཡང་ན་ཁུལ་ཁོངས་གོང་འཕེལ་དང་འཛུགས་སྐྲུན་བྱེད་པའི་འཆར་འགོད་དང་།

(གཉིས)རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ལས་གྲྭ རྣམ་གྲངས་ཆེ་གྲས་བཅས་ཀྱི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན།

(གསུམ)ཁུལ་ཁོངས་རང་བཞིན་གྱི་དཔལ་འབྱོར་གསར་སྤེལ་དང་ཁུལ་ཁོངས་ཀྱི་ཞིང་(འབྲོག)ལས་གྲུབ་ཆ་ལེགས་སྒྲིག་གི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན།

(བཞི)ཉི་ནུས་དང་རླུང་ནུས་སོགས་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་རྒྱུའི་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས།

(ལྔ)ཁྲིམས་བཞིན་ངེས་པར་དུ་གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་དགོས་པའི་འཆར་འགོད་དང་འཛུགས་སྐྲུན་གྱི་རྣམ་གྲངས་གཞན་དག་བཅས་སོ།

དོན་ཚན་སོ་གསུམ་པ། དོན་ཚན་སོ་གཉིས་པའི་ནང་གཏན་འབེབས་བྱས་པའི་གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་སྐབས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནམ་དཔྱད་གཙོ་འགན་ལས་ཁུངས་ནས་ངོས་འཛིན་བྱས་པའི་བབ་མཚུངས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་ནུས་ལྡན་པའི་ལས་ཁུངས་ཀྱིས་སྒྲུབ་དགོས།

དོན་ཚན་སོ་བཞི་པ། གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་སྐབས་ངེས་པར་དུ་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་མཁོ་འདོན་བྱས་པའི་གནམ་དཔྱད་དཔྱད་ཡིག་གམ་ཡང་ན་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ལས་ཁུངས་ནས་ཞིབ་བཤེར་ངེས་གཏན་འཁེལ་བའི་གནམ་དཔྱད་ཐད་ཀྱི་དཔྱད་ཡིག་བེད་སྤྱོད་བྱེད་དགོས།

དོན་ཚན་སོ་ལྔ་པ། རིགས་སྒྲུབ་ཁུངས་སྐྱེལ་ལས་ཁུངས་ཀྱིས་གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་སྐབས་ངེས་པར་དུ་གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་སྙན་ཞུ་བཟོ་འགོད་བྱེད་དགོས་པ་དང་། སྙན་ཞུའི་དྲང་བདེན་རང་བཞིན་དང་ཚན་རིག་རང་བཞིན་འགན་སྲུང་བྱེད་དགོས་པ་མ་ཟད་། གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱས་འབྲས་ལ་འགན་འཁུར་དགོས།

དོན་ཚན་སོ་དྲུག་པ། གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་སྙན་ཞུར་ངེས་པར་དུ་གཤམ་གསལ་གྱི་ནང་དོན་ཚུད་དགོས་པ་སྟེ།

(གཅིག)འཆར་འགོད་དམ་ཡང་ན་འཛུགས་སྐྲུན་རྣམ་གྲངས་ཀྱི་གནས་ཚུལ་རགས་བསྡུས་དང་།

(གཉིས)རྨང་གཞིའི་དཔྱད་ཡིག་འབྱུང་གཞི་དང་དེའི་ཚབ་མཚོན་རང་བཞིན་དང་། བློས་འགེལ་ཆོག་པའི་གསལ་བཤད། ལས་ཡུལ་དངོས་སུ་ལྟ་དཔྱད་འཚོལ་ཞིབ་བྱས་ནས་ཐོབ་པའི་དཔྱད་གཞི་བཅས་དང་། ད་དུང་ངེས་པར་དུ་ལྟ་དཔྱད་འཚོལ་ཞིབ་ཡོ་བྱད་དང་། ལྟ་དཔྱད་འཚོལ་ཞིབ་བྱ་ཐབས། ལྟ་དཔྱད་འཚོལ་ཞིབ་ཁོར་ཡུག་བཅས་ལ་གསལ་འགྲེལ་བྱེད་རྒྱུ།

(གསུམ)གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་གྱི་གཞི་འཛིན་སའི་ཚད་གཞི་དང་། ཚད་བཅད། སྒྲིག་སྲོལ། བྱ་ཐབས་བཅས།

(བཞི)འཆར་འགོད་དམ་ཡང་ན་འཛུགས་སྐྲུན་རྣམ་གྲངས་གནས་ཡུལ་ཁུལ་ཁོངས་ཀྱི་གནམ་གཤིས་འགྱུར་ལྡོག་འགྲོ་ཚུལ་ལ་དབྱེ་ཞིབ།

(ལྔ)གནམ་གཤིས་འཕྲོད་ཤུགས་དང་། ཉེན་ཁའི་རང་བཞིན། དེ་བཞིན་ས་ཆ་ཆ་ཤས་ལ་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ཉེན་ཡོད་པར་ཚོད་སྐོར། དམིགས་བསལ་གནམ་ངན་གྱི་དོན་རྐྱེན་ཐོན་ཚད།

(དྲུག)གནོད་འཚེ་སྔོན་འགོག་གམ་ཡང་ན་ཆུང་དུ་གཏོང་རྒྱུའི་ཐབས་ཇུས་དང་གྲོས་འཆར།

(བདུན)རིགས་སྒྲུབ་ཁུངས་སྐྱེལ་གྱི་བསྡོམས་ཚིག་དང་སྤྱོད་འཐུས་རང་བཞིན་གྱི་གསལ་བཤད།

(བརྒྱད)འབྲེལ་ཡོད་ནང་དོན་གཞན་དག་བཅས་སོ།

དོན་ཚན་སོ་བདུན་པ། རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་རིགས་གཅིག་མཁས་དབང་སྒྲིག་འཛུགས་བྱས་ནས་འཆར་འགོད་དམ་ཡང་ན་འཛུགས་སྐྲུན་རྣམ་གྲངས་ལ་གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་སྙན་ཞུར་ཞིབ་དཔྱད་བྱེད་རྒྱུ་མ་ཟད་ཡིག་ཐོག་ནས་ཞིབ་དཔྱད་བསམ་འཆར་འདོན་དགོས།

ཞིབ་དཔྱད་ཐོབ་པའི་སྙན་ཞུ་དང་ཞིབ་དཔྱད་བསམ་འཆར་དེ་འཆར་འགོད་དམ་ཡང་ན་འཛུགས་སྐྲུན་རྣམ་གྲངས་རིགས་ཀྱི་ཁོངས་སུ་འཇུག་རྒྱུ་དང་། ཇུས་འགོད་དམ་ཡང་ན་ཞིབ་མཆན་འགོད་པའི་གཞི་འཛིན་སར་བརྩི་དགོས།

དོན་ཚན་སོ་བརྒྱད་པ། གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་དགོས་པའི་འཆར་འགོད་དམ་ཡང་ན་འཛུགས་སྐྲུན་རྣམ་གྲངས་དེ་རྣམ་གྲངས་ལག་ལེན་བསྟར་འཐུས་ཀྱི་ཞིབ་འཇུག་སྙན་ཞུར་ཞིབ་མཆན་ཞུ་སྐབས་ངེས་པར་དུ་གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་གྱི་སྙན་ཞུ་དང་དེ་བཞིན་རིགས་གཅིག་མཁས་དབང་གི་ཞིབ་དཔྱད་བསམ་འཆར་དང་མཉམ་དུ་ཞིབ་མཆན་འགོད་མཁན་ཚན་པར་འབུལ་དགོས།

གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་གྱི་སྙན་ཞུ་དང་རིགས་གཅིག་མཁས་དབང་གི་ཞིབ་དཔྱད་བསམ་འཆར་གོང་འབུལ་བྱས་མེད་ཚེ། རྣམ་གྲངས་འཆར་འགོད་དང་འཛུགས་སྐྲུན་བྱེད་མཁན་ཚན་པས་ངེས་པར་དུ་ལས་ཀའི་ཉིན་10ནང་གསབ་འབུལ་ཞུ་དགོས་ཤིང་། དུས་བཀག་ནང་མ་ཕུལ་ཚེ་བདག་སྤྲོད་བྱེད་རྒྱུ་མིན།

དོན་ཚན་སོ་དགུ་པ། འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་དཔྱད་མཆན་འགོད་བྱེད་འགན་སྡེ་ཚན་གྱིས་ངེས་པར་དུ་གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱས་འབྲས་དང་རིགས་གཅིག་མཁས་དབང་གི་ཞིབ་དཔྱད་ཐོབ་པའི་གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་གྱི་སྙན་ཞུ་དེ་རྣམ་གྲངས་འཆར་འགོད་དང་འཛུགས་སྐྲུན་བྱེད་པའི་ལག་ལེན་བསྟར་འཐུས་ཀྱི་ཞིབ་འཇུག་ལ་ཞིབ་བཤེར་བྱེད་པའི་ཁོངས་སུ་བཅུག་ནས་གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་གྱི་སྙན་ཞུའི་བསྡོམས་ཚིག་ལ་གཅིག་གྱུར་འཆར་འགོད་བྱེད་རྒྱུའི་བསམ་གཞིགས་བྱེད་དགོས། གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་མ་བྱས་པའམ་ཡང་ན་དེར་གྲོས་འཆམ་མ་བྱུང་བའི་འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་དཔྱད་མཆན་འགོད་བྱེད་མི་ཆོག

དོན་ཚན་བཞི་བཅུ་པ། རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་ངེས་པར་དུ་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་སྒོ་སྤེལ་མཁན་ཚན་པ་དང་མི་སྒེར་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། འགན་འཁྲི་སྒྲུབ་སྐབས་གཤམ་གསལ་གྱི་བྱེད་ཐབས་སྤྱོད་དབང་ཡོད་པ་སྟེ།

(གཅིག)འབྲེལ་ཡོད་ལས་ཡུལ་དང་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་རྒྱུ།

(གཉིས)ཞིབ་བཤེར་བྱ་ཡུལ་ཚན་པ་དང་མི་སྒེར་ལ་གནས་ཚུལ་གསལ་བཤད་དང་། འབྲེལ་ཡོད་ཀྱི་དཔྱད་ཡིག་མཁོ་འདོན་བྱེད་དགོས་པའི་རེ་བ་འདོན་རྒྱུ།

(གསུམ)ཞིབ་བཤེར་བྱ་ཡུལ་ཚན་པ་དང་མི་སྒེར་ལ་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་དགོས་པའི་བཀའ་གཏོང་རྒྱུ།

(བཞི)དཔྱད་ཡིག་དང་། ཡོ་བྱད། སྒྲིག་ཆས་བཅས་སྤོ་སྒྱུར་དང་། སྦས་གསང་། མེད་པ་བཟོ་ཉེན་ཡོད་རིགས་སྔོན་ནས་ཐོ་འགོད་ཉར་ཚགས་བྱེད་ཆོག་པ་བཅས་སོ།

དོན་ཚན་ཞེ་གཅིག་པ། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་དང་ལེན་ཞུ་དགོས་པ་ལས་གནམ་དཔྱད་གཙོ་འགན་ལས་ཁུངས་ནས་ཁྲིམས་བཞིན་འགན་འཁྲི་བསྒྲུབས་པར་དང་ལེན་མི་ཞུ་བ་དང་འགོག་རྐྱེན་བཟོ་བའི་རིགས་བྱེད་མི་ཆོག

དོན་ཚན་ཞེ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གནམ་གཤིས་ཐོན་ཁུངས་ལྟ་ཞིབ་ཚད་ལེན་དང་། དཔྱད་གདེང་། གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་པ་སོགས་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་བྱེད་སྒོ་སྤེལ་མཁན་རྒྱལ་ཁབ་ཕྱིའི་རྩ་འཛུགས་དང་མི་སྒེར་གྱིས་ངེས་པར་དུ་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས་པ་མ་ཟད། ལྟ་འདོམས་དང་ལེན་ཡང་ཞུ་དགོས།

ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ཞེ་གསུམ་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་གཉིས་པའི་ནང་གསེས་གཉིས་པ་དང་། དོན་ཚན་བཅོ་ལྔ་པ། དོན་ཚན་སོ་གསུམ་པ་བཅས་ཀྱི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་བྱ་སྤྱོད་གྲས་ཤིག་ཡོད་ཚེ་རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ནས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་གཏོང་དགོས་པ་མ་ཟད་དངུལ་ཆད་སྒོར་ཁྲི་5མན་འགེལ་ཆོག་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ན་གཞུང་བཞེས་གཏོང་དགོས་པ་སྟེ།

(གཅིག)རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱི་ཞིབ་བཤེར་དང་མོས་མཐུན་མ་ཐོབ་པར་གནམ་གཤིས་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱས་རིགས་དང་།

(གཉིས)ཁྲིམས་འགལ་ངང་སྤྱི་ཚོགས་ཐོག་གནམ་གཤིས་ཀྱི་གནས་ཚུལ་ཁྱབ་བསྒྲཌ་བྱས་རིགས།

(གསུམ)ཁྲིམས་འགལ་ངང་གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་སྒོ་སྤེལ་རིགས་བཅས་སོ།

དོན་ཚན་ཞེ་བཞི་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་དགུ་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ནས་གནམ་གཤིས་ཐོན་ཁུངས་སྲུང་སྐྱོབ་བྱེད་ཁོངས་ནང་གནམ་གཤིས་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་འཛུགས་སྐྲུན་རྣམ་གྲངས་བསྐྲུན་ཚེ་རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་དགོས་པ་མ་ཟད་དངུལ་ཆད་སྒོར་ཁྲི་3མན་འགེལ་ཆོག

དོན་ཚན་ཞེ་ལྔ་པ། སྲོལ་ཡིག་འདིའི་དོན་ཚན་སོ་གཉིས་པ་དང་དོན་ཚན་སོ་གསུམ་པའི་གཏན་འབེབས་ལས་འགལ་ནས་འཆར་འགོད་དམ་ཡང་ན་རྣམ་གྲངས་འཛུགས་སྐྲུན་ཚན་པར་གཤམ་གསལ་གྱི་བྱ་སྤྱོད་གྲས་ཤིག་ཡོད་ཚེ་རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་འཁུར་མཁན་ལས་ཁུངས་ཀྱིས་དབང་ཚད་ལ་གཞིགས་ནས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་བ་དང་ཐ་ཚིག་སྒྲོག་དགོས་པ་མ་ཟད་དངུལ་ཆད་སྒོར་ཁྲི་3མན་འགེལ་ཆོག་པ་སྟེ།

(གཅིག)གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་དགོས་པའི་འཆར་འགོད་དམ་ཡང་ན་འཛུགས་སྐྲུན་རྣམ་གྲངས་ལ་རིགས་སྒྲུབ་ཁུངས་སྐྱེལ་བྱས་མེད་པའི་རིགས་དང་།

(གཉིས)གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་ནུས་མེད་པའི་ལས་ཁུངས་ལ་རིགས་པས་ཁུངས་སྐྱེལ་བྱེད་རྒྱུའི་མངགས་བཅོལ་བྱས་རིགས།

དོན་ཚན་ཞེ་དྲུག་པ། སྲོལ་ཡིག་འདིའི་དོན་ཚན་སོ་བཞི་པ་དང་དོན་ཚན་སོ་ལྔ་པའི་གཏན་འབེབས་ལས་འགལ་ཏེ་གཤམ་གསལ་གྱི་བྱ་སྤྱོད་གྲས་ཤིག་ཡོད་ཚེ་རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་དབང་ཚད་ལ་གཞིགས་ཏེ་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་བ་དང་ཐ་ཚིག་སྒྲོག་དགོས་པ་མ་ཟད་དངུལ་ཆད་སྒོར་ཁྲི་3མན་འགེལ་ཆོག་པ་དང་། གྱོང་གུན་བཟོས་ཡོད་ཚེ་ཁྲིམས་ལྟར་སྐྱིན་ཚབ་འཇལ་རྒྱུའི་འགན་འཁུར་དུ་འཇུག་རྒྱུ་སྟེ།

(གཅིག)བེད་སྤྱོད་བྱས་པའི་གནམ་གཤིས་དཔྱད་ཡིག་དེ་གནམ་དཔྱད་གཙོ་འགན་ལས་ཁུངས་ནས་མཁོ་འདོན་བྱས་མེད་པའམ་ཡང་ན་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་ཞིབ་བཤེར་ཁས་ལེན་བྱས་པའི་གནམ་དཔྱད་དཔྱད་ཡིག་མིན་པ།

(གཉིས)གནམ་གཤིས་ཐད་ཀྱི་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱས་པའི་སྙན་ཞུ་རྫུན་མ་འདོན་རིགས།

དོན་ཚན་ཞེ་བདུན་པ། སྲོལ་ཡིག་འདིའི་དོན་ཚན་བཞི་བཅུ་པའི་གཏན་འབེབས་ལས་འགལ་ཏེ་གཤམ་གསལ་གྱི་བྱ་སྤྱོད་གྲས་ཤིག་ཡོད་ཚེ་རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་བ་དང་ཐ་ཚིག་སྒྲོག་དགོས་པ་དང་། ཡོ་བསྲང་མི་བྱེད་མཁན་ལ་དངུལ་ཆད་སྒོར་1000ཡན་ནས་སྒོར་5000མན་འགེལ་རྒྱུ།

(གཅིག)ཞིབ་བཤེར་བྱ་ཡུལ་ཚན་པའི་མི་སྣས་གསལ་བཤད་མི་བྱེད་པ་དང་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་མི་བྱེད་པའི་རིགས།

(གཉིས)ཚུལ་མཐུན་གྱི་རྒྱུ་མཚན་མེད་པར་ཞིབ་བཤེར་མི་སྣར་འབྲེལ་ཡོད་ལས་ཡུལ་དང་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་དུ་མི་འཇུག་པའི་རིགས།

(གསུམ)ཁྲིམས་འགལ་གྱི་བྱ་སྤྱོད་དང་འབྲེལ་བ་ཡོད་པའི་དཔྱད་ཡིག་དང་། ཡོ་བྱད། སྒྲིག་ཆས་བཅས་སྤོ་སྒྱུར་དང་། སྦས་གསང་། མེད་པ་བཟོ་བ་བཅས་སོ།

དོན་ཚན་ཞེ་བརྒྱད་པ། གནམ་དཔྱད་གཙོ་འགན་ལས་ཁུངས་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་བྱས་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་རིང་རང་འགན་ཟོལ་འཇོག་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ནས་ཉེས་གསོག་གི་ཚད་ལ་མ་སླེབས་པའི་རིགས་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་རྒྱུ།

དོན་ཚན་ཞེ་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཉེས་གསོག་གི་ཚད་ལ་སླེབས་ཡོད་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

ལེའུ་དྲུག་པ། ཞར་བྱུང་།

དོན་ཚན་ལྔ་བཅུ་པ། སྲོལ་ཡིག་འདི་2013ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ།

(བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང) 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།