ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་གི་ཞིབ་ཕྲའི་ལག་བསྟར།

ཡོང་ཁུངས། : ཚྭ་འདམ་བོད་ཡིག་དྲ་བ།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དོན་ཚན་དང་པོ། 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལག་ལེན་དོན་འཁྱོལ་བྱ་ཕྱིར། (གཤམ་ནས《སྲོལ་ཡིག》ཅེས་བསྡུས་ཡོད།)རང་སྐྱོང་ཁུལ་གྱི་དོན་དངོས་དང་སྦྲེལ་ཏེ་ཞིབ་ཕྲའི་ལག་བསྟར་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། ཞིབ་ཕྲའི་ལག་བསྟར་འདི་རང་སྐྱོང་ཁུལ་སྲིད་འཛིན་མངའ་ཁོངས་སུ་བེད་སྤྱོད་དགོས།

དོན་ཚན་གསུམ་པ།  མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་སྤེལ་བར་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་ཁེ་ཕན་གཙིགས་འཛིན་བྱེད་པ་མ་ཟད《སྲོལ་ཡིག》འདི་རང་ཁུལ་དུ་ལག་བསྟར་དོན་འཁྱོལ་ཐུབ་པར་ཁག་འགན་ལེན་དགོས།

དོན་ཚན་བཞི་བ།  རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་སྲིད་ཨུ།དེ་མིན་སྡེ་ཁག་དང་ལས་ཁུངས་སོ་སོས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་བྱ་གཞག་གལ་ཆེན་ཁྲོད་དུ་འཇོག་དགོས་ཤིང་། རང་ས་གནས་དང་སྡེ་ཁག ལས་ཁུངས་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་ལེགས་པོར་བསྒྲུབ་དགོས། མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་ཐད་དུ་གཙོ་འགན་པའི་འགན་ཁུར་བའི་ལམ་ལུགས་ལག་བསྟར་བྱེད་དགོས་པ་མ་ཟད། འགོ་ཁྲིད་དང་འགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་ཚད་ལེན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་འཛིན་དགོས།

དོན་ཚན་ལྔ་བ།  རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་སྲིད་ཨུ།དེ་མིན་སྡེ་ཁག་དང་ལས་ཁུངས་སོ་སོས་ནན་ཏན་གྱིས《སྲོལ་ཡིག》ལག་ལེན་དོན་འཁྱོལ་བྱ་དགོས།ཏང་ཨུའི་འགོ་ཁྲིད་དང་སྲིད་གཞུང་འགན་ལེན། འབྲེལ་ཡོད་སྡེ་ཁག་བར་གྱི་མཐུན་སྦྱོར།སྤྱི་ཚོགས་ཡོངས་ཞུགས་པའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་གྱི་རྣམ་པ་ཚང་སྐྲུན་བྱ་དགོས།

དོན་ཚན་དྲུག་པ།  ཁུལ་དང་རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་དང་སྲིད་ཨུ་བཅས་ཀྱིས《སྲོལ་ཡིག》ཏུ་གཏན་འབེབས་བྱས་པའི་འོས་འགན་ལག་བསྟར་དགོས་པ་མ་ཟད་གཤམ་གསལ་གྱི་བྱ་བའི་འོས་འགན་དག་འགྲུབ་དགོས།

གཅིགལོ་རེར་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་ལ་མ་མཐའ་ཡང་ཞིབ་འཇུག་བཀོད་སྒྲིག་བྱེད་པ་ཐེངས2ལས་ཉུང་མི་རུང་ཞིང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བྱེད་ཐབས་བསྒྲིག་དགོས།མི་རིགས་མཐུན་སྒྲིལ་ལས་དོན་ལ་རྩ་འཛུགས་དང་མཛུབ་སྟོན། ལྟ་རྟོག ཞིབ་བཤེར་བཅས་བྱ་དགོས་ཤིང་། མཐུན་སྦྱོར་སྒོས་གནད་དོན་གལ་ཆེན་ཐག་གཅོད་དགོས།  

གཉིས།མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་གྲས་སུ་འཇོག་དགོས་ཤིང་།རང་སྐྱོང་ཁུལ་གྱི་མི་རིགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས། དམངས་འཚོ་ལེགས་བསྒྱུར་དང་རིགས་སོ་སོའི་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས།

གསུམ། རིགས་སྣ་ཚོགས་ཀྱི་གཞི་སྤོར་མི་དམངས་དང་གསར་སྐྲུན་མཁར་གྲོང་གི་རོང་འབྲོག་དམངས་འཆར་གཞི་ཡོད་པའི་སྒོ་ནས་རྗེས་མཐུད་ཐོན་ལས་ལ་རོགས་འདེགས་མཛད་དགོས།གཞི་སྤོར་མི་དམངས་དང་གསར་སྐྲུན་མཁར་གྲོང་གི་རོང་འབྲོག་པའི་ལས་ཞུགས་དང་ཕྱུག་བསྒྱུར་ལ་སྐུལ་འདེད་བྱས་ཏེ་མཁར་གྲོང་གི་འཚོ་བར་ལོབས་པར་འཇུག་དགོས།

བཞི། ལོ་རེར་ཚན་རིག་ལྟར་རང་ས་གནས་ཀྱི་ལས་རིགས་དང་ལས་ཁུངས།ཁེ་ལས་གཙོ་བོ་བཅས་ས་གནས་ཀྱི་དབུལ་སྐྱོར་གནད་ཕིགས་དང་སློབ་གསོའི་རོགས་སྐྱོར། དམངས་འཚོ་ལེགས་བསྒྱུར།དམངས་ཕན་འགན་སྲུང་སོགས་ལ་ཞུགས་པ་དང་རྒྱབ་སྐྱོར་བྱེད་པའི་དམངས་འཚོའི་མངའ་ཁོངས་ཀྱི་བྱེད་ཐབས་བཏོན་ཏེ། ས་གནས་ཀྱི་ཁེ་ལས་དང་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་ཡར་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས།

ལྔ། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་ཤུགས་སྣོན་དགོས།མི་རིགས་རིག་གནས་བཤམས་ཁང་གི་སྒྲིག་ཆས་ལེགས་བསྒྱུར་བྱ་དགོས།གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་འཕེལ་རྒྱས་དང་མི་རིགས་རིག་གནས་འབྲེལ་འདྲིས་ལ་སྐུལ་འདེད་བྱ་དགོས། མི་རིགས་རྩོམ་རིག་སྒྱུ་རྩལ་གསར་རྩོམ་དར་སྤེལ་དང་མི་རིགས་ཀྱི་དུས་དེབ་ཚགས་པར་བསྒྲུབ་པ་དང་དཔར་སྐྲུན།འགྲེམ་སྤེལ་བཅས་ཀྱི་ལས་དོན་ལ་རོགས་སྐྱོར་བྱ་དགོས།  

དྲུག   སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བསྒྱུར་བྱ་དགོས། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་སྐུལ་སྤེལ་དང་མི་རིགས་དང་མི་རིགས་ཆོས་ལུགས་རྒྱུ་རྐྱེན་དང་འབྲེལ་བའི་འགལ་ཟླ་རྩོད་གླེང་བར་འདུམ་གསེད་འགྲོལ་ལེགས་པོ་བྱས་ཏེ།སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོང་བྱ་དགོས།  

བདུན།  ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་དགོས།ཧུར་ཐག་གིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་པར་སྐུལ་འཁྲིད་མཛད་དགོས།

དོན་ཚན་བདུན་པ།  ལོ་རེའི་ཟླ9བ་ནི་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་དྲིལ་སྒྲོག་ཟླ་བ་དང་ཟླ9བའི་གཟའ་འཁོར་གཉིས་པ་ནི་མི་རིགས་མཐུན་སྒྲིལ་ཡར་རྒྱས་དྲིལ་སྒྲོག་བྱ་འགུལ་གཟའ་འཁོར་དང་། གཟའ་འཁོར་གཉིས་པའི་ཉིན་ལྔ་བ་ནི་མི་རིགས་མཐུན་སྒྲིལ་ཡར་རྒྱས་དྲིལ་སྒྲོག་ཉིན་མོར་གཏན་འབེབས་བྱས་ཏེ། དྲིལ་སྒྲོག་ཟླ་བ་དང་དྲིལ་སྒྲོག་གཟའ་འཁོར།དྲིལ་སྒྲོག་ཉིན་མོ་བཅས་ཀྱི་བརྗོད་བྱ་འབུར་དུ་དོད་དགོས། ལག་རྩལ་གསར་བ་དང་སྨྱན་བྱད་གསར་བ། རྒྱུ་ལམ་སྣ་མང་། ཆ་ཡོངས་སུ་རྫོགས་པ་བཅས་ཀྱི་ཐབས་ལམ་གང་ལེགས་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་རྒྱས་དྲིལ་སྒྲོག་བྱ་འགུལ་སྤེལ་དགོས།

གཅིག  རྒྱ་ཆེ་བའི་སྒོ་ནས་གྲུབ་འབྲས་འགྲེམ་སྟོན་དང་ཤེས་བྱ་འགྲན་སྡུར། འཆད་འཁྲིད་རྩོམ་བསྡུ།  རིག་རྩལ་འཁྲབ་སྟོན།བཞུགས་མོལ་འབྲེལ་འདྲིས་བཅས་ཁྱད་ཆོས་ལྡན་པའི་མང་ཚོགས་རང་བཞིན་གྱི་བྱ་འགུལ་སྤེལ་དགོས།   

གཉིས། ཤུགས་ཆེན་པོས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་གྱི་སྔོན་ཐོན་དཔེ་མཚོན་ཅན་དྲིལ་སྒྲོག་བྱེད་པ་དང་།  ལྷག་པར་དུ་ཚྭ་འདམ་གསར་སྤེལ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་འཛུགས་ཁྲོད་དུ་ཐོན་པའི་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་མཚོན་ཅན་དང་སེམས་འགུལ་ཐེབས་པའི་བྱས་རྗེས་དྲིལ་སྒྲོག་བྱ་དགོས། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པ་རྩ་འཛུགས་བྱས་ཏེ་ས་གནས་སོ་སོ་ནས་སྐོར་སྐྱོད་སྙན་སྒྲོན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་ཅན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་ནས། རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་ལ་ཁྲིད་སྟོན་བྱས་ཏེ་རང་འགུལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པའི་མི་རིགས་འབྲེལ་བ་འཛུགས་མཁན་དང་སྐུལ་སྤེལ་བྱེད་མཁན་ཞིག་ཏུ་བསྐྲུན་དགོས།

གསུམ། མི་རིགས་མཐུན་སྒྲིལ་ཡར་རྒྱས་དྲིལ་སྒྲོག་སློབ་གསོའི་ནང་དོན་གནད་བསྡུས་དང་གོ་སླ་བའི་སློབ་དེབ་སོགས་དཔྱད་ཡིག་རྩོམ་སྒྲིག་བྱེད་པ་དང་། ཏང་ཡོན་རྒན་པ་དང་འཐབ་མོ་བ་རྒན་པ།  ཆེད་མཁས་པ་རྒན་པ། དགེ་རྒན་རྒན་པ།  དཔེ་ལེགས་ཅན་རྒན་པ་སོགས་ཀྱིས་ནུས་པ་འདོན་སྤེལ་བྱས་ཏེ། ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་སྒྲོག་འགྲེལ་བྱས་ནས། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་བཅང་བའི་ཡིད་ཆེས་ཤུགས་ཆེ་རུ་གཏང་དགོས།

དོན་ཚན་བརྒྱད་པ།  མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་དེ་བསམ་བློའི་ལས་དོན་དྲིལ་སྒྲོག་གི་སྤྱིའི་འཆར་གཞི་ནང་དུ་ལེན་པ་དང་།བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་བརྒྱུད་རིམ་ནང་དུ་ལེན་དགོས་ལ། དྲིལ་སྒྲོག་བྱེད་ཐབས་གང་མང་ཞིག་ཕྱོགས་བསྡུས་བཀོལ་སྤྱོད་བྱས་ནས།ཡོངས་ཁྱབ་ཏུ་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་རྒྱ་ཆེར་སྤེལ་བ་དང་།  མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་སློབ་གསོ་ལས་ཁུངས་སུ་བསྐྱོད་པ་དང་ཞང་གྲོང་དུ་བསྐྱོད་པ། གྲོང་སྡེ་རུ་བསྐྱོད་པ།   སྡེ་ཁུལ་དུ་བསྐྱོད་པ། སློབ་གྲྭར་བསྐྱོད་པ།   ཁེ་ལས་སུ་བསྐྱོད་པ།  དམག་སྒར་དུ་བསྐྱོད་པ།  ཁྲོམ་རར་བསྐྱོད་པ། ཁྱིམ་ཚང་དུ་བསྐྱོད་པ། དགོན་པར་བསྐྱོད་པ་བཅས་ལ་སྐུལ་འདེད་བྱ་དགོས་ཤིང་། མི་རིགས་མཐུན་སྒྲིལ་གྱི་བསམ་བློ་ཁྱིམ་ཚང་ཁྲི་སྟོང་དུ་བསྐྱོད་པ་དང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སྟོབས་ཤུགས་གྲུབ་དགོས།

དོན་ཚན་དགུ་པ།   རིགས་སོ་སོའི་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་དུས་སྟོན་བྱ་འགུལ་སྤེལ་བར་བརྩི་འཇོག་དང་རྒྱབ་སྐྱོར་བྱ་དགོས་པ་དང་།རིགས་སོ་སོའི་མང་ཚོགས་རྣམས་མཉམ་དུ་མི་རིགས་མི་འདྲ་བའི་དུས་སྟོན་བྱ་འགུལ་གལ་ཆེན་རིགས་ལ་ཞུགས་པ་དར་སྤེལ་གཏང་དགོས་ལ།  རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་དུས་ཆེན་ལམ་ལུགས་ལག་བསྟར་བྱེད་པ་ཕུད།  གཞན་པའི་ལུགས་རྙིང་གི་ལོ་སར་ཏེ་སོག་སྐད་དུ“ཁྲ་ཀན་ས་རེན”དང་།མེ་མཆོད་དུས་ཆེན།  བོད་ལུགས་ལོ་གསར་སོགས་ཀྱི་སྐབས་སུ་སྲིད་འཛིན་ལས་ཁུངས་དང་།ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་རིགས་སོ་སོའི་ལས་བྱེད་མི་སྣར་གཅིག་གྱུར་གྱི་ཉིན་གཅིག་གི་ངལ་གསོ་སྟེར་དགོས།

དོན་ཚན་བཅུ་པ།   མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་འཛུགས་བྱ་འགུལ་གྱི་སྐུལ་སློང་སྒྲིག་སྲོལ་བཙུགས་ནས།  མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་སྐུལ་སྤེལ་ཁྲོད་དུ་གྲུབ་འབྲས་གཟེངས་སུ་ཐོན་པ་དང་བྱས་རྗེས་འབུར་ཐོན་གྱི་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱ་དགའ་སྟེར་དགོས།

གཅིག རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དུས་གཏན་འཁེལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་གཟེངས་བསྟོད་ཚོགས་འདུ་བསྡུ་དགོས་པ་དང་།  ཁུལ་དང་རྫོང(གྲོང་ཁྱེར) སྲིད་ཨུ་བཅས་ཀྱི་ལོ 3 རེའི་ནང་ཐེངས་གཅིག་ལ་འཚོགས་པ་དང་། ཞང་དང་གྲོང་རྡལ(སྲང་ལམ)གྱི་ལོ་རེར་ཐེངས་གཅིག་རེར་འཚོགས་དགོས།  སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་དང་། ཁེ་ལས་དང་ལས་དོན་ལས་ཁུངས་ཟུང་འབྲེལ་བྱས་ནས་སོ་སོའི་དངོས་སུ་དུས་ལྟར་མི་རིགས་མཐུན་སྒྲིལ་ཡས་རྒྱས་ཀྱི་གཟེངས་བསྟོད་ཚོགས་འདུ་བསྡུ་དགོས།  ཁུལ་རིམ་པའི “མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་དཔེ་ལེགས་ཐུན་མོང”གི་མཚན་སྙན་ཐོབ་མཁན་ལ་མཚན་སྙན་གནང་བའི་གཟེངས་བསྟོད་དང་སྒོར་ཁྲི5 ཡི་བྱ་དགའ་སྟེར་དགོས།  ཁུལ་རིམ་པའི“མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་དཔེ་ལེགས་མི་སྣའི”མཚན་སྙན་ཐོབ་མཁན་ལ་སྒོར3000 གྱི་བྱ་དགའ་སྟེར་དགོས།  

གཉིས།  ལོ་རེར་མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་འཛུགས་བྱ་བའི་ཆེད་དོན་དཔྱད་ཞིབ་སྤེལ་དགོས་ལ། ཕུལ་བྱུང་དང་ལེགས་པོ།  ཚད་ལོན་པ།  ཚད་མི་ལོན་པའི་དཔྱད་ཞིབ་རིམ་པ་དཔྱད་བསྡུར་གཏན་འབེབས་བྱ་དགོས་ཤིང་ཕུལ་བྱུང་དང་ལེགས་པོ།ཚད་ལོན་པའི་རིམ་པར་གཏན་འབེབས་བྱས་པ་ལ་མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་འཛུགས་ལས་དོན་གྱི་ལོ་འཁོར་དཔྱད་ཞིབ་བྱ་དགའ་སྟེར་དགོས། དཔྱད་ཞིབ་བྱ་དགའ་སྟེར་བའི་ཁྱབ་ཁོངས་དང་བྱ་དགའི་ཚད་གཞི།  བྱ་དགའི་བླང་བྱ་བཅས་མཚོ་ནུབ་ཁུལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་གསར་འཛུགས་ལས་དོན་འགོ་ཁྲིད་ཚན་ཆུང་གིས་དཔར་འགྲེམ་བྱས་པའི《མཚོ་ནུབ་ཁུལ་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་གསར་འཛུགས་ལས་དོན་གྱི་དཔེ་སྟོན་གནས་འཛུགས་པའི་དཔྱད་ཞིབ་དོ་དམ་ཐབས་ཤེས་སོགས་ལམ་ལུགས་ཁག་གསུམ་གྱི་བརྡ་ཐོ》(མཚོ་ནུབ་མི་རིགས་མཐུན་སྒྲིལ་གསར་འཛུགས་འགོ་ཁྲིད་ཚན་ཆུང[2016]ཨང17པ)ལྟར་ལག་བསྟར་བྱ་དགོས་ཤིང་།ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ལྟར་ལོ་རེ་བཞིན་རིམ་འཕར་བྱ་དགོས།

དོན་ཚན་བཅུ་གཅིག་པ།  ནོར་སྲིད་སྡེ་ཁག་གིས་ལོ་འཁོར་གྱི་ནོར་སྲིད་སྔོན་རྩིས་སྡེབ་སྒྲིག་བྱེད་དུས་སུ་རིམ་པ་དགར་ནས་འགན་འཁུར་བའི་རྩ་དོན་ལྟར། ཁུལ་དང་།  རྫོང(གྲོང་ཁྱེར)དང་སྲིད་ཨུ།  ཞང་དང་གྲོང་རྡལ།(སྲང་ལམ)    སྡེ་བ།(སྡེ་ཁུལ)དགོན་པ་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་གྱི་གྲོན་དངུལ་དང་། གཟེངས་བསྟོད་བྱ་དགའི་མ་དངུལ་ལོ་འཁོར་གྱི་ནོར་སྲིད་སྔོན་རྩིས་ནང་སྣོན་དགོས།  ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་གསར་འཛུགས་དཔེ་སྟོན་གནས་ཀྱི་ལས་ཁུངས་སུ་དཔྱད་འདེམས་བྱས་པར་ཐེངས་གཅིག་ལ་སྒོར་ཁྲི5ཡི་ཁ་གསབ་རོགས་རམ་བྱེད་པ་དང་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་ཀྱི་ཁོངས་སུ་འཇོག་དགོས།

དོན་ཚན་བཅུ་གཉིས་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་། སྲིད་ཨུ་སོ་སོ་དང་སྡེ་ཁག་སོ་སོ།  ལས་ཁུངས་སོ་སོ་བཅས་ཀྱིས《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》དང《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སོག་བོད་སྐད་ཡིག་ལས་དོན་གྱི་སྲོལ་ཡིག》ལྟར་ཡང་དག་པ་དང་ཚད་ལྡན་གྱི་སྒོ་ནས་སོག་ཡིག་དང་བོད་ཡིག  རྒྱ་ཡིག་བཅས་རིགས་གསུམ་པོ་དུས་མཉམ་དུ་བེད་སྤྱོད་བྱ་དགོས།   རྫོང(གྲོང་ཁྱེར)སོ་སོས་ངེས་པར་དུ་མི་རིགས་སྐད་ཡིག་ལས་དོན་ཁང་འཛུགས་དགོས་ལ།མི་སྣ་དང་འགན་འཁྲི་གསལ་པོ་དོན་འཁྱོལ་བྱས་ནས་བྱ་བར་སྐུལ་འདེད་གཏང་དགོས།

དོན་ཚན་བཅུ་གསུམ་པ།   ཁུལ་དང་ རྫོང་།(གྲོང་ཁྱེར)སྲིད་ཨུ་བཅས་ཀྱི་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་ངེས་པར་དུ《སྲོལ་ཡིག》གི་གཏན་འབེབས་བྱས་པའི་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པ་དང་། གཤམ་གྱི་བྱ་བའི་ལས་འགན་འགྲུབ་དགོས།

གཅིག  ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས། རྒྱལ་ཁབ་ཀྱི་མི་རིགས་བཅའ་ཁྲིམས་ཁྲིམས་སྲོལ་འབྲེལ་ཡོད་ཀྱི་ཤེས་བྱ་དྲིལ་སྒྲོག་བྱ་དགོས།

གཉིས། མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་དྲིལ་སྒྲོག་ཟླ་དང་དྲིལ་སྒྲོག་གཟའ་འཁོར། དྲིལ་སྒྲོག་ཉིན་མོ་བཅས་ཀྱི་བྱ་འགུལ་ཇུས་གཞི་གཏན་འབེབས་བྱ་དགོས།

གསུམ། ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ཁག་དོན་འཁྱོལ་མཐར་ཕྱིན་བྱ་དགོས་ཤིང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ལས་དོན་ཁྱབ་ཁོངས་ལ་འབྲེལ་ཡོད་ཀྱི་ཕྱི་ཕྱོགས་བརྗེ་རེས་དང་མཉམ་ལས་སྐོར་གྱི་ལས་དོན་མཐུན་སྦྱོར་བྱ་དགོས།

བཞི།  མི་རིགས་བར་གྱི་འགལ་བ་དང་རྩོད་གླེང་མཐུན་སྦྱོར་ལེགས་པོ་བྱས་ཏེ།  མི་རིགས་བར་གྱི་འབྲེལ་བ་འཆམ་མཐུན་བརྟན་འཇགས་ཡིན་པར་སྲུང་སྐྱོང་བྱ་དགོས།

ལྔ། མི་རིགས་ཆོས་ལུགས་ལས་རིགས་ཁག་གི་འཐུས་ཚབ་མི་སྣས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་བྱ་བའི་ཁྲོད་དུ་དགེ་མཚན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

དྲུག རང་སྲིད་འཛིན་ས་ཁུལ་ནང་གི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་བྱ་བར་བརྟག་དཔྱད་ཞིབ་འཇུག་བྱས་ཏེ།  བསམ་འཆར་དང་གྲོས་མགོ་བཏོན་ནས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་བྱ་བར་སྐུལ་འདེད་བྱ་དགོས།

བདུན། འཐུས་མི་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ནང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོ་སོ། དེ་མིན་འོག་རིམ་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་བྱ་བ་དར་སྤེལ་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ལ། དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་དོ་དམ་ལམ་ལུགས་ལག་བསྟར་བྱ་དགོས།  

དོན་ཚན་བཅུ་བཞི་པ།  ཁུལ་དང་རྗོང(གྲོང་ཁྱེར)སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་བཅོས་སྒྱུར་གོང་འཕེལ།  དཔལ་འབྱོར་ཆ་འཕྲིན།ཚོང་དོན། ཚོང་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་གྲངས་ཉུང་ཁེ་ལས་ཀྱི་ལས་སྐྲུན་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྐུལ་སློང་། མཛུབ་སྟོན་གནང་སྟེ། ཧུར་བརྩོན་གྱིས་མི་རིགས་ཐོན་རྫས་དང་ཚོང་རྟགས་བསྐྲུན་པར་རྒྱབ་སྐྱོར་བྱེད་པ་དང་། མི་རིགས་ལག་ཤེས་བཟོ་ལས་དང་མི་རིགས་ཁྱད་ལྡན་ཐོན་ལས་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་གནང་དགོས། ཁུལ་ཕྱི་རོལ་གྱི་མི་རིགས་ཁེ་ལས་དང་འབྲེལ་འདྲིས་དང་བརྗེ་རེས།  མཉམ་ལས།མཉམ་རྒྱལ་བྱེད་པར་ཤུགས་བསྣན་ཏེ།  ཧུར་བརྩོན་གྱིས་ས་ཁོངས་མི་རིགས་ཀྱི་དཔལ་འབྱོར་གསོ་སྦྱོང་དང་སྟོབས་ཆེར་གཏང་དགོས།

དོན་ཚན་བཅོ་ལྔ་པ།  ཁུལ་དང་རྗོང(གྲོང་ཁྱེར)སྲིད་འཛིན་ཨུ་ཡོན་ལྷན་ཁང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་མི་རིགས་གྲངས་ཉུང་ལས་བྱེད་པ་དང་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ལུགས་མཐུན་གྱིས་མི་རིགས་ལས་བྱེད་པ་བཀོད་སྒྲིག་བྱ་དགོས། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་དང་ལས་དོན་སྡེ་ཁག་གིས་ལས་བྱེད་མི་སྣ་བསྡུ་སྐབས་ངེས་པར་དུ་མི་རིགས་གྲངས་ཉུང་གི་མིང་འགོད་རྒྱུགས་སྤྲོད་མི་སྣ་བསྡུ་སྤྱོད་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་དགོས་ལ། ཁུལ་ཐད་གཏོགས་སྡེ་ཁག་དང་རྗོང(གྲོང་ཁྱེར)སྲིད་འཛིན་ཨུ་ཡོན་ལྷན་ཁང་།  ཞང(གྲོང་རྡལ)སྲང་ལམ་དོན་གཅོད་ཁང་གིས་བྱ་བའི་དགོས་མཁོར་གཞིགས་ནས། བསྡུར་ཚད་ངེས་ཅན་གྱི་མི་རིགས་གྲངས་ཉུང་གི་གཞུང་དོན་ལས་སྒྲུབ་པ་བསྡུ་ལེན་དང་བཀོད་སྒྲིག་བྱ་དགོས། ཞབས་ཕྱིའི་རང་བཞིན་གྱི་ལས་རིགས་སུ་ངེས་པར་དུ་མི་རིགས་གྲངས་ཉུང་གི་ལས་གཉེར་ཞབས་ཕྱིའི་སྒེའུ་ཁུང་འཛུགས་དགོས་པ་དང་། “སྐད་གཉིས”ལས་སྒྲུབ་མི་སྣ་བཀོད་སྒྲིག་བྱེད་དགོས། རིགས་སོ་སོའི་ལས་བྱེད་འཇོན་མིའི་གསོ་སྦྱོང་བྱ་བར་ཤུགས་སྣོན་བྱས་ཏེ།  མི་རིགས་ཀྱི་རིག་གཞུང་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་གཞི་རྩའི་ཤེས་བྱ་གསོ་སྦྱོང་ནང་དུ་འཁོད་པར་བྱ་དགོས།

དོན་ཚན་བཅུ་དྲུག་པ། ཁུལ་དང་རྗོང(གྲོང་ཁྱེར)སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་སྡོད་ཁང་དང་མཁར་ཞང་འཛུགས་སྐྲུན་སྡེ་ཁག་གིས་མི་རིགས་ས་ཁུལ་གྱི་ཁྱད་ཆོས་གཞིར་བཟུང་སྟེ།  སྲོལ་རྒྱུན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐུན་མིན་འཛུགས་སྐྲུན་དང་ཁྱད་ལྡན་སྡེ་གྲོང་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ། གྲོང་དང་གྲོང་གསེབ་གཞི་གཅིན་ཅན་གྱི་འཆར་འགོད་ལ་སྐུལ་འདེད་གཏང་དགོས།  

དོན་ཚན་བཅོ་བདུན་པ།  ཁུལ་དང་རྫོང་། (གྲོང་ཁྱེར)སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་སློབ་གསོ་སྡེ་ཁག་གིས་ཤུགས་ཆེན་པོས་མི་རིགས་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་དགོས་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་རིགས་སོ་སོའི་མི་རིགས་ཀྱི་སློབ་ལོ་རན་པའི་མི་འབོར་ལ་རྒྱལ་དམངས་སློབ་གསོ་དང་ལེན་བྱེད་པར་ཁག་ཐེག་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོ་དར་སྤེལ་བྱེད་པ་དེ་ལོ་ན་མ་སོན་པའི་སྐྱེ་བོའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་དང་སློབ་མའི་བསམ་བློ་དང་ཆབ་སྲིད་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་འཇོག་པ་དང་། སློབ་ཁང་དུ་སློབ་ཁྲིད་བྱེད་པ་དང་སློབ་གསེང་བྱེད་སྒོའི་ཁྲོད་བཞག་སྟེ།  རིགས་སོ་སོའི་ན་གཞོན་རྣམས་ལ་མི་རིགས་ཀྱི་ལྟ་བ་ཡང་དག་པ་ཞིག་འཛུགས་པར་རོགས་རམ་བྱེད་དགོས།མཐོ་རིམ་སློབ་གྲྭས་བསམ་བློའི་ཆབ་སྲིད་རིག་གཞུང་སློབ་ཁྲིད་དང་གནས་བབ་དང་སྲིད་ཇུས་སློབ་ཁྲིད་ཁྲོད་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ནང་དོན་འཇོག་དགོས་ལ། སློབ་མའི་སྤྱི་ཚོགས་ལག་ལེན་དང་དང་བླངས་ཞབས་ཞུའི་བྱ་འགུལ་ཁྲོད་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོའི་ནང་དོན་ཇེ་མང་དུ་གཏང་དགོས།

དོན་ཚན་བཅོ་བརྒྱད་པ། ཁུལ་དང་རྫོང་།(གྲོང་ཁྱེར)སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་དམངས་སྲིད་སྡེ་ཁག་གིས་འོས་འཚམ་གྱིས་ཡོངས་ཁྱབ་གཟིགས་སྐྱོང་རྣམ་པའི་དམངས་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། སྤྱི་ཚོགས་ཕན་བདེ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། རིགས་སོ་སོའི་དཀའ་ངལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱ་དགོས། མི་རིགས་གྲངས་ཉུང་གི་དུར་འཇུག་ཡུལ་སྲོལ་གོམས་གཤིས་ངེས་པར་དུ་བརྩི་བཀུར་བྱེད་དགོས་ལ། མི་རིགས་གྲངས་ཉུང་མང་ཚོགས་ཀྱིས་རང་འདོད་ལྟར་དུར་འཇུག་གོམས་སྲོལ་བསྒྱུར་བར་རྒྱབ་སྐྱོར་གནང་དགོས།

དོན་ཚན་བཅུ་དགུ་པ།  ཁུལ་དང་རྫོང་།(གྲོང་ཁྱེར)སྲིད་འཛིན་ཨུ་ཡོན་ལྷན་ཁང་ཚན་རྩལ་སྡེ་ཁག་གིས་མི་རིགས་ས་ཁུལ་གྱི་ཚན་རྩལ་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཚན་རྩལ་ཁྱིམ་ཚང་དང་གཞིས་ཁུལ།  ལས་ཁུངས།  ཁེ་ལས། ཞང་གྲོང་།  དགོན་པ།  སྡེ་བ་སོགས་སུ་ཁྱབ་པར་སྐུལ་འདེད་བྱེད་པ་དང་། དམངས་ཡོངས་ཀྱི་ཚན་རིག་སློབ་གསོའི་འབྱུང་སྤུས་ཕྱོགས་ཡོངས་ནས་འཕར་བར་སྐུལ་ཁྲིད་བྱེད་དགོས། སྔོན་ཐོན་དང་སྤྱད་འཐུས་ཡིན་པའི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་རོང་འབྲོག་ཁུལ་དུ་ཁྱབ་གདལ་དང་བེད་སྤྱོད་བྱ་དགོས།

དོན་ཚན་ཉི་ཤུ་པ།  ཁུལ་དང་རྗོང(གྲོང་ཁྱེར)སྲིད་འཛིན་ཨུ་ལྷན་མི་རིགས་སྐད་ཡིག་སྡེ་ཁག་གིས་ངེས་པར་དུ་བྱ་བའི་འགན་འཁྲི་ལག་བསྟར་བྱས་ཏེ། སྐད་དང་ཡི་གེ་ཕན་ཚུན་བར་སློབ་སྦྱོང་དང་འབྲེལ་འདྲིས། ཁྱབ་གདལ་དུ་བཏང་སྟེ།  འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། མི་རིགས་གྲངས་ཉུང་གི་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་དང་སྲུང་སྐྱོང་ལ་ཤུགས་བསྣན་ཏེ། མི་རིགས་སྐད་ཡིག་ཚད་ལྡན་ངང་བཀོལ་སྤྱོད་བྱེད་པར་ལྟ་བཤེར་བྱེད་དགོས།  མི་རིགས་གྲངས་ཉུང་གི་སྐད་ཡིག་སློབ་ཁྲིད་དང་ཁྲིམས་ཁྱབ་ཞིབ་བཤེར། འཚོལ་བསྡུ་ལེགས་སྒྲིག  སྡུད་སྒྲིག  ལོ་ཙཱ། པར་སྐྲུན་དང་ཞིབ་འཇུག་བྱ་བ་དར་སྤེལ་བྱེད་དགོས།  

དོན་ཚན་ཉེར་གཅིག་པ། ཁུལ་དང་རྗོང(གྲོང་ཁྱེར)སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་འཕྲོད་བསྟེན་འཆར་སྐྱེས་དང་ཚོང་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་ངེས་པར་དུ་མི་རིགས་ས་ཁུལ་གྱི་སྨན་བཅོས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་དང་འཐུས་ཚང་དུ་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། མི་རིགས་སྨན་རྫས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ལ་ཤུགས་བསྣན་ཏེ། ཁྱད་ཆོས་ལྡན་པའི་མི་རིགས་སྨན་རྫས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཟས་རིགས་སྨན་རྫས་བདེ་འཇགས་ལ་ལྟ་བཤེར་བྱེད་པའི་ཤུགས་ཚད་ཆེ་རུ་གཏང་དགོས།

དོན་ཚན་ཉེར་གཉིས་པ། ཁུལ་དང་རྗོང(གྲོང་ཁྱེར)སྲིད་འཛིན་ཨུ་ཡོན་ལྷན་ཁང་དབུལ་སྐྱོར་གསར་སྤེལ་སྡེ་ཁག་གིས་དབུལ་སྐྱོར་གསར་སྤེལ་ཤུགས་ཚད་ཆེ་རུ་གཏོང་བ་དང་དབུལ་སྐྱོར་གནད་ཕིགས་ལ་སྐུལ་འདེད། དབུལ་ཐར་མཁྲེགས་གཏོར་ལ་དུས་བཅད་ལྟར་ལྟ་སྐུལ་ཞིབ་བཤེར་སྒོས་དབུལ་ཐར་དམིགས་འབེན་མངོན་འགྱུར་བྱ་དགོས། དབུལ་སྐྱོར་འབྲེལ་གནས་ཀྱི་ལས་ཁུངས་སོ་སོས་ལོ་རེར་འབྲེལ་གནས་སྡེ་བ་རུ་རྣམ་པ་འདྲ་མིན་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་གསར་སྐྲུན་བྱ་འགུལ་སྤེལ་དགོས།  

དོན་ཚན་ཉེར་གསུམ་པ།  ཁུལ་དང་རྫོང(གྲོང་ཁྱེར)སྲིད་ཨུའི་སྤྱི་བདེ་དང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་སྐྱེལ་བ་དང་མི་རིགས་སྣང་ཆུང་དང་བརྙས་བཅོས་བཏང་དུས་སུ། ངེས་པར་དུ་ཁྲིམས་ལྟར་འབྲེལ་ཡོད་ཀྱི་ཞུ་གཏུག་དང་གྱོད་གཏུག་བཅས་བདག་སྤྲོད་བྱེད་དགོས་ལ་དུས་ཐོག་ཏུ་བརྟག་དཔྱད་ཐག་གཅོད་བྱ་དགོས། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཁྲིམས་དང་མཐུན་པའི་ཁེ་དབང་ལ་སྲུང་སྐྱོང་དང་ལུགས་མཐུན་གྱི་ཁེ་དབང་མཚོན་པའི་ཞུ་དོན་འདོན་དུས་སུ་ངེས་པར་དུ་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་དང་སྤྱི་ཚོགས་ཀྱི་རྒྱུན་ལྡན་བརྒྱུད་རིམ་ལ་སྲུང་སྐྱོང་བྱ་དགོས།

དོན་ཚན་ཉེར་བཞི་པ།   ཁུལ་དང་རྫོང(གྲོང་ཁྱེར)སྲིད་ཨུའི་ཁོར་ཡུག་སྲུང་སྐྱོང་དང་ཞིང་ཕྱུགས་ཅུའུ། རྒྱལ་ཁབ་མངའ་ཁོངས་ཀྱི་ཐོན་ཁུངས་ཅུའུ།  ནགས་ལས། ཆུ་བེད། ལྗོངས་རྒྱུ་སོགས་ཀྱི་སྡེ་ཁག་གིས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་སྐྱེ་ཁམས་སྲུང་སྐྱོང་འཆར་འགོད་གཏན་འབེབས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་དང་། སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ཀྱི་ལག་བསྟར་ལ་ནུས་ལྡན་གྱིས་སྲུང་སྐྱོང་དོ་དམ་དང་། རིགས་སོ་སོའི་རང་བྱུང་སྲུང་སྐྱོང་ཁུལ་དང་མཛེས་ལྗོངས་གནའ་ཤུལ་གནས་མཆོག ས་གཤིས་སྤྱི་གླིང་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་བར་ཁྲིད་སྟོན་ལྟ་སྐུལ་དང་ ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་དྲག་དང་། མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་མཐོ་སྒང་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་མིང་གྲགས་ཅན་བཞེངས་བསྐྲུན་བྱ་དགོས།

དོན་ཚན་ཉེར་ལྔ་པ།  ཁུལ་དང་རྫོང(གྲོང་ཁྱེར)སྲིད་ཨུའི་སློབ་གསོ་དང་མི་རིགས་ཆོས་ལུགས། སྤྱི་བདེ་དང་དམངས་སྲིད།  ཁྲིམས་འཛིན།  མི་ཤུགས་ཐོན་ཁུངས། འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་སོགས་ཀྱི་སྡེ་ཁག་གིས་མཁར་གྲོང་གི་གཏན་སྡོད་མ་ཡིན་པའི་གྲངས་ཉུང་མི་རིགས་མི་འབོར་གྱི་ཞབས་ཞུ་དང་དོ་དམ་ཇེ་བཟང་དུ་བཏང་སྟེ།གཏན་སྡོད་མ་ཡིན་པའི་གྲངས་ཉུང་མི་རིགས་མི་འབོར་གྱི་ངལ་རྩོལ་ལས་ཞུགས་དང་བུ་ཕྲུག་སློབ་གྲྭར་འགྲོ་བ། སྨན་བཅོས་རོགས་སྐྱོབ།ཁྲིམས་ལུགས་རོགས་སྐྱོར་སོགས་ཐད་ཀྱི་དཀའ་ཁག་དངོས་ལ་རོགས་བྱས་ཏེ་ཐག་གཅོད་བྱ་དགོས།

དོན་ཚན་ཉེར་དྲུག་པ།  ཁུལ་དང་རྫོང(གྲོང་ཁྱེར)སྲིད་ཨུའི་མི་རིགས་ཆོས་ལུགས་དང་འཕྲོད་བསྟེན།  ཚོང་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་དབྱི་སི་ལན་གྱི་བཟའ་ཆས་ཐོན་སྐྱེད་ཚོང་གཉེར་བྱ་བར་ནན་ཏན་གྱིས་ལྟ་སྐུལ་དོ་དམ་བྱེད་དགོས་པ་དང་། 《མཚོ་སྔོན་ཞིང་ཆེན་དབྱི་སི་ལན་གྱི་བཟའ་ཆས་ཐོན་སྐྱེད་ཚོང་གཉེར་དོ་དམ་སྲོལ་ཡིག》གི་གཏན་ཁེལ་ལ་གཟབ་ནན་གྱིས་ལག་བསྟར་དང་།  མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་ཟས་སྣའི་གོམས་གཤིས།  འཚོ་བའི་གོམས་གཤིས་བཅས་ལ་བརྩི་འཇོག་བྱ་དགོས།

དོན་ཚན་ཉེར་བདུན་པ།  ཁུལ་དང་རྫོང(གྲོང་ཁྱེར)སྲིད་ཨུའི་ཡུལ་སྐོར། འགྲིམ་འགྲུལ།  ཚོང་རའི་ལྟ་སྐུལ་དོ་དམ།སྤྱི་བདེ་སོགས་ཀྱི་སྡེ་ཁག་གིས་རང་སྐྱོང་ཁུལ་ནང་གི་མཛེས་ལྗོངས་ཁུལ་དང་མགྲོན་ཁང་། ཟ་ཁང་།  ཚོང་ཁང་།  གནམ་གྲུ་ཐང་།  རླངས་འཁོར་ས་ཚུགས་སོགས་མི་ཚོགས་འདུ་གནས་སུ་མགྲོན་ཁང་དུ་སྡོད་དུ་མི་འཇུག་པ་དང་ཚོང་རྫས་མི་བཙོང་བ། རླངས་འཁོར་སྟེང་འདུག་དུ་མི་འཇུག་པ་སོགས་མི་རིགས་མཐུན་སྒྲིལ་ལ་གནོད་པ་སྐྱེལ་བ་དང་སྤྱི་ཚོགས་གཏན་འཇགས་ལ་ཤུགས་རྐྱེན་ཐེབས་པའི་བྱ་སྤྱོད་དག་ལ་དོག་ཟོན་དང་གཏན་འགོག་བྱ་དགོས།

དོན་ཚན་ཉེར་བརྒྱད་པ།  ཁུལ་དང་རྫོང(གྲོང་ཁྱེར)སྲིད་ཨུའི་རིག་རྩལ་རྒྱང་སྒྲོག་སྙན་འཕྲིན་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་རིག་གནས་ཐོན་ལས་གླིང་ཁུལ་གྱི་འཛུགས་སྐྲུན་འཆར་འགོད་དང་། གྲངས་ཉུང་མི་རིགས་ཕུལ་བྱུང་གི་རིག་གནས་ཅན་ལ་སྐྱེད་སྲིང་དང་རིགས་སོ་སོའི་རིག་དངོས་ཤུལ་རྫས་དང་གཟུགས་འདས་རིག་གནས་ཀྱི་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་།  གྲངས་ཉུང་མི་རིགས་མང་ཚོགས་རང་བཞིན་གྱི་རིག་གནས་ལུས་རྩལ་བྱ་འགུལ་ལ་རྒྱབ་སྐྱོར།  མི་རིགས་རིག་རྩལ་ལས་དོན་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས།  རིག་གནས་ཚོང་ར་ལ་ལྟ་སྐུལ་དོ་དམ་བྱེད་ཚད་ཇེ་དྲག་དང་།   དཔེ་དེབ་དང་ཚགས་དེབ། རིག་རྩལ་རྩོམ་རིགས།   བརྙན་རིས་ཐོན་རྫས། དྲ་ལམ་དང་དེ་མིན་བརྡ་ཁྱབ་དང་ཚོང་རྟགས་གཞན་གྱི་མང་ཚོགས་བྱ་འགུལ་ཁྲོད་དུ་གྲངས་ཉུང་མི་རིགས་དང་འབྲེལ་བའི་བརྗོད་བྱ་ལ་སྣང་ཆུང་དང་བརྙས་བཅོས་བྱེད་པར་བཀག་སྡོམ་བྱ་དགོས།

དོན་ཚན་ཉེར་དགུ་པ།  ཁུལ་དང་རྫོང(གྲོང་ཁྱེར) སྲིད་ཨུའི་གཞན་གྱི་འགན་ནུས་སྡེ་ཁག་གིས་རང་བབས་ལས་ཀ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་བྱ་བ་དང་ཟུང་དུ་སྦྲེལ་ཏེ། མི་རིགས་མཐུན་སྒྲིལ་སློབ་གསོར་ཤུགས་སྣོན་དང་དུས་ཐོག་ཏུ་མི་རིགས་ཀྱི་འགན་ཟླ་དང་རྩོད་གཞི་སེལ་དགོས་ལ། མི་རིགས་ཀྱི་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་སྡེ་ཁག་བསྐྲུན་དགོས།

དོན་ཚན་སུམ་བཅུ་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་སྲིད་ཨུ་སོ་སོ། དེ་མིན་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་ཀྱང་ལས་ཁུངས་དང་མི་སྒེར་གང་ཞིག་ཡིན་རུང་མི་རིགས་མཐུན་སྒྲིལ་གྱི་ཆ་འཕྲིན་དང་ཡང་ན་གཏམ་བརྗོད་ལ་གནོད་པའི་འཚོལ་བསྡུ་དང་འདོན་སྤྲོད། བཟོ་སྐྲུན།  ཡོངས་བསྒྲགས་སོགས་བྱེད་པར་དོགས་ཟོན་དང་བཀག་འགོག་བྱ་དགོས།

དོན་ཚན་སོ་གཅིག་པ། མི་རིགས་མཐུན་སྒྲིལ་ཡར་རྒྱས་འབྲེལ་ཡོད་གཟི་བརྗིད་ཀྱི་མཚན་སྙན་ཐོབ་པའི་ལས་ཁུངས་དང་མི་སྒེར་གྱིས་གལ་ཏེ་མི་རིགས་བར་འགལ་ཟླ་བཟོས་བ་དང་ཡང་ན་མི་རིགས་བར་རྩོད་གཞི་སོགས་ཚོགས་སྤྱི་རང་བཞིན་གྱི་དོན་རྐྱེན་སློང་བ་དང་།  སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དག་ལ་བརྒྱུད་རིམ་ལྟར་འབྲེལ་ཡོད་ཀྱི་མཚན་སྙན་ཕྱིར་འཐེན་དགོས།

དོན་ཚན་སོ་གཉིས་པ།  སྲོལ་ཡིག་གི་ཞིབ་ཕྲའི་ལག་བསྟར་འདི་དང་འབྲེལ་བའི་གཏན་ཁེལ་ལ་འགལ་བའི་བྱ་སྤྱོད་དག《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་སྐུལ་སྤེལ་སྲོལ་ཡིག》གི་དོན་ཚན་སུམ་བཅུ་དང་སོ་གཅིག སོ་གཉིས་པ་སོགས་ཀྱི་གཏན་ཁེལ་ལྟར་འབྲེལ་ཡོད་ཀྱི་འགན་འཁྲི་རྩད་གཅོད་བྱ་དགོས།

དོན་ཚན་སོ་གསུམ་པ།   སྲོལ་ཡིག་གི་ཞིབ་ཕྲའི་ལག་བསྟར་འདི་གསལ་བཤད་བྱེད་པའི་འོས་འགན་ནི་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འཁུར་དགོས།

དོན་ཚན་སོ་བཞི་པ།  སྲོལ་ཡིག་གི་ཞིབ་ཕྲའི་ལག་བསྟར་འདི2017ལོའི་ཟླ9བའི་ཚེས1ཉིན་ནས་བཟུང་སྟེ་ལག་བསྟར་བྱ་རྒྱུ་ཡིན་ལ།  ནུས་ལྡན་དུས་ཡུན་ནི2022ལོའི་ཟླ8པའི་ཚེས31ཉིན་བར་ཡིན།

རྩོམ་སྒྲིག་པ། : གསང་བདག་རྒྱལ།