ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་སྐད་ཡིག་བྱ་བའི་སྐོར་གྱི་སྲོལ་ཡིག

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(1995ལོའི་ཟླ6པའི་ཚེས1ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏུ་གྲོས་འཆམ་བྱུང་། 1996ལོའི་ཟླ6པའི་ཚེས1ཉིན་ཀན་སུའུ་ཞིང་ཆེན་སྐབས་བརྒྱད་པའི་དམངས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་ཐོག་ཏུ་ཆོག་མཆན་བཀོད།)

དོན་ཚན་དང་པོ། བོད་ཀྱི་སྐད་ཡིག་གི་སློབ་གསོ་དང་བེད་སྤྱོད། གོང་སྤེལ་བཅས་ལ་འགན་སྲུང་བྱེད་པ་དང་། རང་སྐྱོང་ཁུལ་གྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམསདང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས>><<ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་རང་སྐྱོང་སྲོལ་ཡིག>>བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མི་རིགས་སྐད་ཡིག་གི་སྲིད་ཇུས་ལྟར། མི་རིགས་ཁག་གི་སྐད་ཡིག་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མི་རིགས་སོ་སོ་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་གོང་སྤེལ་གཏོང་བའི་རང་དབང་ཡོད་པ་འགན་སྲུང་བྱ་དགོས།

དོན་ཚན་གསུམ་པ། བོད་ཀྱི་སྐད་ཡིག་ནི་རང་སྐྱོང་ཁུལ་གྱིས་རང་སྐྱོང་དབང་ཆ་སྤྱོད་པའི་སྐད་ཡིག་གཙོ་བོ་ཡིན་པ་དང་། རང་སྐྱོང་ཁུལ་དུ་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་གཙོ་བོ་ཞིག་ཀྱང་ཡིན། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་རིགས་སྤྱི་དམངས་ལ་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་གོང་སྤེལ་བྱེད་པའི་རང་དབང་ཡོད་པ་འགན་སྲུང་དང་། རང་སྐྱོང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་འཛུགས་སྐྲུན་ཁྲོད་བོད་ཀྱི་སྐད་ཡིག་གི་ནུས་པ་འདོན་སྤེལ་བྱ་དགོས།

དོན་ཚན་བཞི་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་ཀྱིས་གཞུང་དོན་སྒྲུབ་སྐབས་སུ་བོད་དང་རྒྱའི་སྐད་ཡིག་གཉིས་ཀ་བེད་སྤྱོད་བྱ་རྒྱུ། སྐད་ཡིག་གཉིས་ཀྱི་ནུས་པ་འདྲ་མཚུངས་ཡིན།

དོན་ཚན་ལྔ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་ཀྱིས་བོད་ཀྱི་སྐད་ཡིག་གི་བྱ་བ་སྤེལ་བའི་སྐབས་སུ། མི་རིགས་ཁག་གི་འདྲ་མཉམ་དང་། མཐུན་སྒྲིལ། ཕན་ཚུན་རོགས་རམ། མཉམ་དུ་དར་རྒྱས་ཡོང་བ་ལ་སྐུལ་སྤེལ་བྱ་རྒྱུ་དང་། རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་ཐོན་ཡོང་བ་ལ་སྐུལ་འདེད་བྱ་རྒྱུར་ཞབས་འདེགས་ཞུ་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ལས་བྱེད་པ་བསྡུ་ལེན་དང་གོ་གནས་སྤར་སྐབས། བོད་དང་རྒྱའི་སྐད་ཡིག་གི་སློབ་གཉེར་བརྒྱུད་རིམ་དང་ཆུ་ཚད་གཅིག་འདྲ་ཡིན་པ་རྣམས་ལ་ལྟ་སྟངས་འདྲ་མཉམ་འཛིན་པ་ལས། སྐད་ཡིག་སྟེང་ནས་མཐོང་ཆུང་བྱེད་པ་ཡོད་ཚད་ལ་ངོ་རྒོལ་བྱ་དགོས།

རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་ཁོངས་ཀྱི་སྡེ་ཁག་དང་ཁེ་ལས་སོ་སོའི་ལས་བཟོ་བས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་སྐུལ་སྤེལ་གཏོང་དགོས། བོད་རིགས་ལས་བཟོ་བས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་དུས་མཚུངས་སུ་རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་བཀོལ་བའི་སྤྱི་སྐད་དང་རྒྱ་ཡིག་སློབ་པར་སྐུལ་སློང་བྱ་དགོས།

དོན་ཚན་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་གྲུབ་འབྲས་མངོན་གསལ་གྱི་སྡེ་ཚན་དང་ལས་བྱེད་པ་དང་ལས་བཟོ་བ་ལ་གཟེངས་བསྟོད་བྱ་རྒྱུ་མ་ཟད། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དེ་ལས་བྱེད་པར་རྟོག་ཞིབ་བྱེད་པའི་ནང་དོན་ཞིག་ཏུ་བརྩི་དགོས།

དོན་ཚན་བདུན་པ། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་དང་རྫོང་སོ་སོའི་མི་དམངས་སྲིད་གཞུང་གི་བོད་ཀྱི་སྐད་ཡིག་བྱ་བའི་སྡེ་ཁག་གི་འགན་འཁྲི་ནི།

( གཅིག)རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་གི་སྲིད་ཇུས་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ནང་འཁོད་པའི་མི་རིགས་སྐད་ཡིག་གི་འབྲེལ་ཡོད་དོན་ཚན་དང་། སྲོལ་ཡིག་འདི་ལག་བསྟར་བྱེད་པར་ཞིབ་བཤེར་དང་ལྟ་སྐུལ་བྱ་དགོས།

( གཉིས)བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། གོང་སྤེལ་བཅས་ཀྱི་འཆར་འགོད་དང་ཐབས་ཤེས་གཏན་འབེབས་བྱ་དགོས།

( གསུམ)བོད་ཀྱི་སྐད་ཡིག་གི་རྩོམ་སྒྱུར་དང་ཞིབ་འཇུག ཚད་ལྡན་གཏོང་བའི་བྱ་བའི་འགན་འཁུར་དགོས།

(བཞི)བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ། དཔྱད་ཞིབ་བྱ་རྒྱུ་དང་། གཟེངས་བསྟོད་དང་ཆད་གཅོད་ཐག་གཅོད་དང་འབྲེལ་ཡོད་དཔང་ཡིག་སྟེར་དགོས།

(ལྔ)བོད་ཀྱི་སྐད་ཡིག་གི་ཆེད་ལས་མི་སྣའི་གསོ་སྦྱོང་དང་རིག་གཞུང་བྱ་འགུལ་རྩ་འཛུགས་བྱ་དགོས།

(དྲུག)བོད་ཀྱི་སྐད་ཡིག་བྱ་བའི་སྡེ་ཁག་སོ་སོའི་བར་གྱི་བྱེད་སྒོའི་འབྲེལ་བ་མཐུ་སྦྱོར་བྱ་དགོས།       

དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རིམ་པ་སོ་སོའི་སློབ་གྲྭའི་བོད་ཀྱི་སྐད་ཡིག་སློབ་གསོའི་ཐད་ཀྱི་གཏན་འབེབས་དེ། སློབ་གྲྭ་དང་ཡང་ན་ལས་བགོས་འགན་གཉེར་སྡེ་ཁག་གིས་འདོད་མོས་ལྟར་བསྒྱུར་མི་ཆོག་པ་དང་། གལ་ཏེ་བསྒྱུར་དགོས་པ་བྱུང་ན་ངེས་པར་དུ་རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཆོག་མཆན་འགོད་དགོས།

རང་སྐྱོང་ཁུག་ནང་ཁོངས་ཀྱི་བོད་རིགས་སློབ་མ་གཙོ་བོར་བསྡུ་བའི་སློབ་གྲྭ་འབྲིང་ཆུང་གིས་རིམ་གྱིས་བོད་རྒྱ“སྐད་གཉིས”སློབ་ཁྲིད་ལག་བསྟར་བྱ་དགོས།
       བྱིས་སྙོར་ཁང་དང་བུ་བཅོལ་ཁང་གིས་དགོས་མཁོ་ལྟར་འཛིན་གྲྭ་ལོགས་སུ་འཛུགས་པ་དང་བོད་ཀྱི་སྐད་ཡིག་གི་དགེ་རྒན་བཀོད་སྒྲིག་བྱས་ཏེ་བོད་རྒྱ“སྐད་གཉིས”ཀྱི་སློབ་གསོ་སྤེལ་དགོས།
      དོན་ཚན་དགུ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆོད་དོན་གཞིར་བཟུང་སྟེ་འཆར་གཞི་ལྡན་པའི་སྒོ་ནས་བོད་རིགས་སྤྱི་དམངས་ཁྲོད་དུ་བོད་ཡིག་གི་ཡིག་རྨོངས་སེལ་བའི་སློབ་གསོ་སྤེལ་དགོས་པ་དང་། རིམ་གྱིས་དེའི་རིག་གནས་སྦྱོང་བརྡར་ཐེབས་ཚད་མཐོ་རུ་གཏོང་དགོས།
      རང་སྐྱོང་ཁུལ་ནང་ཁོངས་ཀྱི་བོད་རིགས་མགོ་ཁྲིད་ལས་བྱེད་པས་མི་རིགས་རང་གི་སྐད་ཡིག་བེད་སྤྱད་ནས་ལས་འགན་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་དགོས།
      དོན་ཚན་བཅུ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་ཀྱིས་ཤང་དང་སྡེ་བ་ལ་འགྲེམ་དགོས་པའི་ཡིག་ཆ་དང་བསྒྲགས་ཡིག་གལ་ཆེན་དང་དྲིལ་བསྒྲགས་ཡིག་རིགས་དེ་དགོས་མཁོ་དངོས་གཞིར་བཟུང་ནས་བོད་ཡིག་བཀོལ་དགོས་པ་དང་ཡང་ན་བོད་རྒྱ་གཉིས་ཀྱི་ཡི་གེ་མཉམ་དུ་བཀོལ་དགོས། རྫོང་དང་ཤང་རིམ་པའི་གོང་ཞུ་ཡིག་ཆ་དེ་བོད་རྒྱ་ཡིག་རིགས་གཉིས་ལས་གང་བཀོལ་ན་ཆོག་ལ་བོད་རྒྱ་ཡིག་རིགས་གཉིས་ཀ་མཉམ་དུ་བཀོལ་ནའང་ཆོག
     དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་ཀྱིས་གྲོས་ཚོགས་གལ་ཆེན་ཚོགས་པ་དང་ཡང་ན་འདུ་ཚོགས་བྱེད་ཚེ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཚོགས་བྱང་འགེལ་རྒྱུ་དང་། གྲོས་ཚོགས་སུ་བཀོལ་བའི་སྐད་ཆ་དང་གྲོས་ཚོགས་ཀྱི་ཡིག་རིགས་བོད་རྒྱ་རིགས་གཉིས་ཀ་བཀོལ་དགོས།
     རང་སྐྱོང་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་ཁེ་ལས་དོན་ལས་སྡེ་ཚན་གྱིས་བྱ་བའི་གྲོས་ཚོགས་བསྡུ་ན། དགོས་མཁོ་དངོས་གཞིར་བཟུང་སྟེ་བོད་རྒྱ་ཡིག་རིགས་གཉིས་ཀ་བཀོལ་དགོས།
     དོན་ཚན་བཅུ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་རིགས་སྤྱི་དམངས་ཀྱིས་བོད་ཀྱི་སྐད་ཡིག་བཀོལ་ཏེ་གཏུག་བཤེར་བྱེད་པའི་དབང་ཆ་འགན་སྲུུང་བྱ་རྒྱུ། དོ་བདག་གིས་བོད་ཀྱི་སྐད་ཡིག་བཀོལ་ཏེ་ངག་ཐོག་དང་ཡང་ན་ཡིག་ཐོག་ནས་གཏུག་བཤེར་དང་རྒྱུ་མཚན་ཞུ་བ། གོང་གཏུག་བཅས་བྱེད་པར་ཁྲིམས་འཛིན་སྡེ་ཁག་གིས་དང་ལེན་བྱ་དགོས་པ་ལས་དང་དུ་མ་བླངས་ན་མི་ཆོག     
     རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་བཅས་ཀྱིས་གྱོད་གཞི་བརྩད་ཞིབ་དང་ཁྲིམས་སྦྱོར་ཞུ་བ། ཞིབ་གཅོད་བཅས་བྱེད་སྐབས། བོད་རིགས་དོ་བདག་ལ་བོད་སྐད་བཀོལ་དགོས་པ་དང་ཡང་ན་ཁོ་ཚོར་ལོ་ཙྭ་བསྒྱུར་དགོས། བཅའ་ཁྲིམས་ཡིག་ཆར་བོད་རྒྱ་ཡིག་རིགས་གཉིས་ཀ་བཀོལ་དགོས།
     དོན་ཚ་བཅུ་གསུམ་པ། རང་སྐྱོང་ཁུལ་ནང་ཁོངས་སུ་བོད་རིགས་དང་མི་རིགས་གཞན་གྱི་སྤྱི་དམངས་ཀྱིས་ཞུ་ཡིག་སྣ་ཚོགས་དང་། ཐོ་འགོད་རེའུ་མིག་དང་དེ་མིན་གྱི་ཡིག་ཆ་གཞན་པ་སྣ་ཚོགས་འབྲི་སྐབས་བོད་ཡིག་བཀོལ་ཆོག
     དོན་ཚན་བཅུ་བཞི་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཁག དེ་མིན་ཞིང་ཆེན་ལ་གཏོགས་ཤིང་རང་ཁུལ་དུ་སྡོད་པའི་སྡེ་ཁག་གི་གཞུང་ཐེལ་དང་ཡིག་ཆའི་དབུ་བྱང་། ཡིག་བྱང་། བྱ་དགའི་རྟགས་མ་སྦྱར་ཡིག དཔང་ཡིག བསྒྲགས་ཡིག རླངས་འཁོར་གྱི་རིགས་བཅས་ཀྱི་སྟེང་གི་ལས་ཁུངས་མིང་དང་། དེ་མིན་གྲོང་རྡལ་དང་སྲང་ལམ། ས་མཚམས་རྡོ་རིང་སོགས་ཀྱི་མིང་ཚང་མར་བོད་རྒྱ་ཡིག་རིགས་གཉིས་ཀ་བཀོལ་ཏེ་འབྲི་དགོས།
     དོན་ཚན་བཅོ་ལྔ། རང་སྐྱོང་ཁུལ་གྱི་མངའ་ཁོངས་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཀྱི་མིང་དང་ཚོང་རྟགས། ཚོང་ཁང་དང་ཚོང་བཤམས་ས་སོ་སོའི་ཚོང་ཟོག་རིན་གོང་གི་ཤོག་བྱང་དང་དེ་མིན་ཚོང་ཟོག་མཚམས་སྦྱོར་བརྡ་ཁྱབ་སོགས་ཚང་མར་གཅིག་མཚུངས་ཀྱིས་བོད་རྒྱ་ཡིག་རིགས་གཉིས་ཀ་བཀོལ་དགོས།
     དོན་ཚན་བཅུ་དྲུག་པ། རང་སྐྱོང་ཁུལ་ནང་ཁོངས་ཀྱི་ཡིག་སྐྱེལ་གློག་འཕྲིན་དང་། དངུལ་ཁང་། འབྲུ་རིགས་ཚོང་ཁང་། རླངས་འཁོར་ས་ཚིགས། ཟ་ཁང་། མགྲོན་ཁང་། ཚོང་ཁང་། དཔེ་ཚོང་ཁང་། སྨན་ཁང་སོགས་ཞབས་ཕྱི་རང་བཞིན་གྱི་སྒྲིག་གཞིའི་བྱ་བྱེད་མི་སྣས་བོད་སྐད་ཀྱིས་བོད་རིགས་ཞབས་འདེགས་ཞུ་ཡུལ་དང་ནད་པ་ལ་སྣེ་ལེན་བྱ་དགོས་པ་དང་ཡང་ན་ལོ་ཙྭ་བྱ་དགོས།
     དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་ནང་ཁོངས་ཀྱི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣ། བཟོ་བ་བཅས་ཀྱི་ཆེད་ལས་ལག་རྩལ་ལོ་གནས་དཔྱད་ཞིབ་དང་། དཔྱད་བསྡུར་གཏན་འབེབས་དང་གདན་ཞུ་ལས་བསྐོ་བྱེད་སྐབས་སུ་བོད་ཀྱི་སྐད་ཡིག་བེད་སྤྱད་དེ་དྲིས་ལན་འདེབས་པ་དང་ཡིག་རིགས་འབྲི་ཆོག དམའ་རིམ་དང་འབྲིང་རིམ་གྱི་ཆེད་ལས་ལག་རྩལ་གྱི་གོ་གནས་ལ་དཔྱད་ཞིབ་གཏན་འབེབས་དང་གདན་ཞུ་ལས་བསྐོ་བྱེད་སྐབས། རང་སྐྱོང་ཁུལ་གྱི་མི་དོན་ཆེད་ལས་གོ་གནས་བསྒྱུར་བཅོས་སྡེ་ཁག་གིས་གཅིག་གྱུར་གྱི་རྒྱུགས་བླངས་པ་དང་དཔྱད་ཞིབ་བྱས་རྗེས། བོད་ཀྱི་སྐད་ཡིག་གི་ཆུ་ཚད་དེ་གཏན་ཁེལ་གྱི་ཚད་གཞི་ལོན་པས་ན། རེ་འདུན་ཞུས་ཏེ། ཕྱི་རྒྱལ་གྱི་ཡི་གེའི་རྒྱུགས་མ་བླངས་ན་ཆོག།
     དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ཁུལ་ནང་ཁོངས་ཀྱི་བོད་ཀྱི་སྐད་ཡིག་གི་གསར་འགྱུར་དང་དུས་དེབ་དང་རྒྱང་བསྒྲགས། བརྙན་འཕྲིན། གློག་བརྙན་བསྒྱུར་སྐྲུན་བྱ་བའི་སྡེ་ཁག་གིས་བོད་ཀྱི་སྐད་ཡིག་ཚད་ལྡན་བེད་སྤྱོད་བྱེད་པའི་འགན་འཁྲི་འཁུར་དགོས་པ་དང་དུས་མཚུངས་སུ་བོད་ཀྱི་སྐད་ཡིག་གི་གོང་འཕེལ་ལ་བྱས་རྗེས་འཇོག་དགོས།
     དོན་ཚན་བཅུ་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚན་རྩལ་མི་སྣ་དང་རིག་རྩལ་བྱ་བྱེད་མཁན་གྱིས་བོད་ཀྱི་སྐད་ཡིག་བེད་སྤྱད་དེ་ཚན་རིག་ཞིབ་འཇུག་དང་གསར་སྐྲུན། ཆེད་རྩོམ་དང་བཀའ་རྩོམ་འབྲི་བ། རིག་རྩལ་གསར་རྩོམ་དང་འཁྲབ་སྟོན་བྱེད་པར་བསྟོད་སྐུལ་བྱ་དགོས།
     དོན་ཚན་ཉི་ཤུ་བ། རང་སྐྱོང་ཁུལ་གྱིས་ཆ་རྐྱེན་ལ་བལྟས་ནས་བོད་ཀྱི་སྐད་ཡིག་གི་བྱ་དགའི་ཐེབས་རྩ་བཙུགས་ཏེ། བོད་ཀྱི་སྐད་ཡིག་སློབ་གསོ་དང་ཞིབ་འཇུག་གོང་སྤེལ་བཅས་ཀྱི་ཐད་དུ་གྲུབ་འབྲས་མངོན་གསལ་བཞག་པའི་སྡེ་ཁག་དང་མི་སྒེར་ལ་བྱ་དགའ་སྟེར་དགོས།
     དོན་ཚན་ཉེར་གཅིག་པ། རང་སྐྱོང་ཁུལ་ནང་ཁོངས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བྱེད་མི་སྣར་གཤམ་གསལ་གྱི་བྱ་སྤྱོད་གཅིག་ཡོད་ན། བོད་ཀྱི་སྐད་ཡིག་བྱ་བའི་སྡེ་ཁག་གིས་བརྟག་དཔྱད་བྱེད་པ་དང་། ཐད་ཀར་འགན་ཁུར་ཡོད་པའི་མི་ཡོད་སའི་ལས་ཁུངས་དང་ཡང་ན་དེ་གོང་རིམ་གཙོ་གཉེར་སྡེ་ཁག་ལ་གྲོས་གཞི་བཏོན་ཏེ་སྐྱོན་བརྗོད་སློབ་གསོ་གཏོང་བ་དང་སྲིད་འཛིན་གྱི་ཆད་པ་གཅོད་དགོས་ཏེ།        
     (གཅིག)གཞུང་དོན་སྒྲུབ་སྐབས་སུ། བོད་ཀྱི་སྐད་ཡིག་བཀོལ་དགོས་པར་མ་བཀོལ་བར་མཇུག་འབྲས་ངན་པ་བཟོས་པ།
     (གཉིས)སྲོལ་ཡིག་འདི་དང་འགལ་ཏེ་བོད་རིགས་སྤྱི་དམངས་ཀྱིས་བོད་ཀྱི་སྐད་ཡིག་བེད་སྤྱོད་པར་བར་ཆད་བཟོས་པ།
     དོན་ཚན་ཉེར་གཉིས་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་བཞི་བ་དང་དོན་ཚན་བཅོ་ལྔ་བར་འགལ་བ་ལ། རང་སྐྱོང་ཁུལ་དང་རྫོང་གི་བོད་ཀྱི་སྐད་ཡིག་བྱ་བའི་སྡེ་ཁག་གིས་ལྟ་སྐུལ་དང་ཞིབ་བཤེར་བྱས་ཏེ་དུས་བཅད་བཞག་སྟེ་ཡོ་བསྲང་བྱེད་དུ་འཇུག་དགོས།
     དོན་ཚན་ཉེར་གསུམ་པ། རང་སྐྱོང་ཁུལ་དང་རྫོང་གི་བོད་ཀྱི་སྐད་ཡིག་བྱ་བ་སྤེལ་བར་དགོས་པའི་མ་དངུལ་དེ་ཁུལ་དང་རྫོང་གི་ནོར་སྲིད་སྔོན་རྩིས་ཀྱི་ནང་དུ་འགོད་དགོས།
     དོན་ཚན་ཉེར་བཞི་བ། སྲོལ་ཡིག་འདི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་ནས་འགྲེལ་བཤད་བྱ་དགོས།
     དོན་ཚན་ཉེར་ལྔ་བ། སྲོལ་ཡིག་འདི་ཁྱབ་བསྒྲགས་བྱས་ཉིན་ནས་ལག་ཏུ་བསྟར་དགོས།

རྩོམ་སྒྲིག་པ། : གསང་བདག་རྒྱལ།