ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར། ཁ་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5. ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ས་ཁོངས་ཀྱི་བཀོད་པ་ལེགས་སྒྲིག་བྱ་དགོས། 

ཟི་ལིང་དང་མཚོ་ཤར་གཙོ་བྱས་པའི་ཁྱད་ལྡན་འདེབས་གསོའི་ཕན་མཐོ་དཔེ་སྟོན་ཁུལ་དང། མཚོ་བྱང་དང་མཚོ་ལྷོ། མཚོ་ནུབ་བཅས་གཙོ་བྱས་པའི་མཚོ་སྐོར་ཞིང་ཕྱུགས་བསྣོལ་མའི་འཁོར་སྐྱོད་འཕེལ་རྒྱས་སྔོན་སྐྱོད་ཁུལ་དང། མཚོ་སྔོན་ལྷོ་རྒྱུད་ཀྱི་ཁུལ་གསུམ་གཙོ་བྱས་པའི་མཚོ་སྔོན་ལྷོ་རྒྱུད་ཀྱི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་སྲུང་སྐྱོབ་འཕེལ་རྒྱས་ཁུལ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་གྲང་མོའི་གསོ་སྤེལ་འོས་འཚམ་གསར་སྤེལ་ས་རྒྱུད་བཅས“ཁུལ་གསུམ་རྒྱུད་གཅིག”གི་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ཆགས་སྟངས་སྒྲིག་འཛུགས་བྱ་དགོས། ཞོག་ཁོག་དང་ལོག་དཀར། ནས། སྲན་མ། སིལ་ཏོག་སྔོ་ཚལ། སྐམས་ཤ ལུག་ཤ འོ་མ། ཆུ་གྲང་མོའི་ཉ། གཟན་རྩྭ་བཅས་གཙོ་གནད་ཀྱི་ཁྱད་ལྡན་ཐོན་ལས་ཆེན་པོ་བཅུ་བསྐྲུན་དགོས། ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། བྱ་ཕྱུགས་གསོ་སྤེལ་དང་འབྲུ་སྣུམ་འདེབས་འཛུགས། སིལ་ཏོག་སྔོ་ཚལ། འཕང་འབྲས་སྟར་བུ་བཅས་སྒོར་ཐེར་འབུམ་ཆེན་པོའི་ཐོན་ལས་བཞི་གཙོ་གནད་དུ་བཟུང་སྟེ་བསྐྲུན་དགོས།

6. ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་གཏང་དགོས། 

"འབྲུ་རིགས་ས་གཞི་རུ་ཉར་བའི"འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱ་དགོས། རྨོ་ཞིང་སྲུང་སྐྱོང་ཀྱི་དམར་ཐིག་དམ་སྲུང་བྱེད་པ་དང་། འཛིན་སྤྱོད་དང་ཁ་གསབ་དོ་མཉམ་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ རྨོ་ཞིང་སྲུང་སྐྱོང་གི་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཡུན་རིང་གི་གཞི་རྩའི་ས་ཞིང་གཏན་འཁེལ་བྱ་དགོས། རྨོ་ཞིང་གི་རྒྱུ་སྤུས་སྲུང་སྐྱོང་དང་མཐོར་འདེགས་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཞིང་སྡེའི་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་དང་གཏེར་ཁའི་བསྐྱུར་སར་རྨོ་འདེབས་སླར་གསོ་བྱ་དགོས། རྨ་ཆུའི་རོང་ཁུལ་དང་ཙོང་ཆུའི་འབབ་ཡུལ་གྱི་ས་ཞིང་སྒྲིག་བཅོས་དང་ཐོན་ཚད་ཐ་འབྲིང་གི་ཞིང་ས་བསྒྱུར་བཅོས་ཤུགས་ཆེན་པོས་སྐུལ་སྤེལ་བྱེད་པ་དང་། མུའུ་ཁྲིའི་འབྲུ་སྣུམ་ཐོན་ཚད་མཐོན་པོ་གསར་བསྐྲུན་དང་ལྗང་མདོག་གནོད་མེད་ཀྱི་ཐོན་ཚད་སྤར་སྟངས་ཀྱི་འགག་གཏོར་ཏེ། ཚད་གཞི་མཐོན་པོའི་ས་ཞིང་འཛུགས་སྐྲུན་བྱ་དགོས། ས་ཞིང་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་དང། ཆུ་གཏོང་ཁུལ་ཆེ་འབྲིང་གྲས་འཛུགས་སྐྲུན་དང་ལེ་ལག་བསྒྲིགས་པའི་རྒྱུན་མཐུད་འཛུགས་སྐྲུན་དང་ཆུ་སྲི་བསྒྱུར་བཀོད་ཇེ་མགྱོགས་སུ་གཏང་དགོས། ས་ཞིང་ཆུ་བེད་ཆུང་བའི་གཙོ་གནད་ལས་གཞིའི་རྫོང་དུ་འཛུགས་སྐྲུན་དང་། ས་ཞིང་ཆུ་བེད་སྒྲིག་ཆས་ཆུང་གྲས་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་རྫིང་བུ་སྒྲིག་བཅོས་དང་ཞིང་ཚིགས་ཀྱི་ཆུ་རྐའི་ལེ་ལག་ཆ་བསྒྲིགས། ཆར་ཆུ་གསོག་ཉར་བེད་སྤྱོད། འབྲོག་ཁུལ་གྱི་ཆུ་སྲི་ཆུ་གཏོང་གི་གཟན་ཆས་འདེབས་ཞིང་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་དགོས། རྩི་ཤིང་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱེད་པ་དང་། ལོ་ཏོག་གི་ནད་འབུའི་གནོད་པར་ལྟ་འཇལ་དང་ཉེན་ཟོན་སྔོན་བརྡ་བཏང་སྟེ། ཆེད་ལས་ཅན་གྱིས་གཅིག་གྱུར་འགོག་བཅོས་བྱ་དགོས། སྒྲིག་བཀོད་ཅན་གྱི་ཞིང་ཕྱུགས་ལས་ཤུགས་ཆེན་པོས་གོང་དུ་སྤེལ་ནས། ཞིང་ཕྱུགས་ལས་ཀྱི་དངོས་པའི་ལག་རྩལ་སྒྲིག་སྦྱོར་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རྨོ་འདེབས་རྔ་གསུམ་ཕྱོགས་བསྡུས་ཀྱི་འཕྲུལ་ཆས་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏང་དགོས།

7. རྒྱལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་བསྐྲུན་པར་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བྱ་དགོས།

 《མཚོ་སྔོན་ཞིང་ཆེན་གྱི“རྒྱལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ”འཛུགས་སྐྲུན་གྱི་སྤྱི་ཁོག་འཆར་འགོད》དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། རིགས་བཀར་ཏེ་མཛུབ་སྟོན་དང་གོ་རིམ་ལྡན་པར་སྐུལ་སྤེལ་བྱ་དགོས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་མ་རྐང་ལམ་ལུགས་བསྒྱུར་བཅོས་གཙོ་གནད་དུ་བཟུང་སྟེ་ལེགས་པོར་བསྒྲུབ་དགོས་པ་དང། ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་བསྟོད་སྐུལ་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱ་དགོས། རྩ་འཛུགས་ཅན་གྱི་ཚད་ཐིག་མཐོ་ལ། གཞི་ཁྱོན་ཅན་གྱི་བདག་གཉེར་ནུས་པ་ཆེ་བ། ཐོན་ལས་ཅན་གྱི་ཆུ་ཚད་མཐོ་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་ཆ་ཚང་བ། མཐོ་སྒང་གི་ཁྱད་ཆོས་འབུར་དུ་ཐོན་པའི་ཐོན་སྐྱེད་བདག་གཉེར་རྐྱེན་སྲོལ་ཧུར་ཐག་གིས་གསར་གཏོད་བྱ་དགོས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཐོན་ལས་དང་པོ་གཉིས་པ་གསུམ་པ་བཅས་མཉམ་འདྲེས་ཀྱིས་གོང་དུ་སྤེལ་བར་སྐུལ་བསྟོད་དང་རྒྱབ་སྐྱོར་བྱ་དགོས་པ་དང་། འཁོར་སྐྱོད་ཕྱུགས་ལས་དང་གཟན་རྩྭ་ཕྱུགས་ལས་སོགས་ཚོད་ལྟའི་གནས་ལ་ཟུང་འབྲེལ་བྱས་ཏེ། སྲོལ་རྒྱུན་གྱི་རྩྭ་ཐང་ཕྱུགས་ལས་དེ་དེང་རབས་ཀྱི་རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་སུ་རིགས་བསྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་བྱས་ཏེ། ཚོད་ལྟའི་གནས་དེ་རྒྱལ་ཡོངས་རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྔོན་སྐྱོད་ས་ཁུལ་དུ་འཛུགས་སྐྲུན་བྱེད་པར་བརྩོན་དགོས།

8. དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་དར་ཞིང་རྒྱས་པར་གཏང་དགོས།

 ཐོན་སྐྱེད་ཕན་མཐོ་དང་ཐོན་རྫས་ཉེན་མེད། ཐོན་ཁུངས་གྲོན་ཆུང། ཁོར་ཡུག་མཛའ་མཐུན་གྱི་འཕེལ་རྒྱས་བླང་བྱ་ལྟར། བཅོས་སྒྱུར་གསར་གཏོད་དང་ཚན་རྩལ་གྱིས་སྐུལ་བ། ཐོན་ཁུངས་ཧྲིལ་སྡེབ། སྲིད་ཇུས་ཀྱིས་འདེགས་སྐྱོར་བཅས་ལ་ཤུགས་བསྣན་པ་དང། ད་ཡོད་དཔེ་སྟོན་ཁུལ་མཐོར་འདེགས་སྲ་བརྟན་དུ་བཏང་བའི་རྨང་གཞིའི་སྟེང། བསྐྱར་བསྐྲུན་དང་ཁྱབ་གདལ་བྱེད་ཆོག་པའི་དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་དཔེ་མཚོན་ཅན་མུ་མཐུད་དུ་བསྐྲུན་དགོས། དཔེ་སྟོན་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་མགྱོགས་མྱུར་གྱིས་ཇེ་ལེགས་སུ་གཏོང་བ་དང་། དཔེ་སྟོན་ཁུལ་དུ་གཙོ་ཁྲིད་ཐོན་ལས་གོང་དུ་སྤེལ་ནས་སྲོག་ཤིང་ཐོན་ལས་ཁྱུ་ཚོགས་འགྲུབ་པར་སྐུལ་འདེད་བྱ་དགོས་པ་དང་། དཔེ་སྟོན་ཁུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱབ་རྒྱ་སྔར་ལས་ཆེ་ཞིང་ཁྱབ་ཁོངས་སྔར་ལས་ཡངས་པའི་སྒོ་ནས་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྣེ་སྟོན་དང་སྐུལ་ཁྲིད་བྱེད་པའི་ཐད་ནས་གོམ་སྟབས་གསར་བ་སྤོ་དགོས།

9. སྐྱེ་ལྡན་ཕྱུགས་ལས་དང་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཟོང་རྟགས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་དགོས། 

སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་བྱེད་པའི་སྣེ་ཁྲིད་ཁེ་ལས་ཧུར་ཐག་གིས་སྐྱེད་སྲིང་བྱས་ནས། སྐྱེ་ལྡན་ཐོན་སྐྱེད་ལག་རྩལ་མ་ལག་སྒྲིག་འཛུགས་དང། སྐྱེ་ལྡན་ཐོན་སྐྱེད་ཀྱི་ཚད་ལྡན་དོན་འཁྱོལ། ཚད་ལྡན་ཅན་གྱི་སྐྱེ་ལྡན་ཕྱུགས་ར་འཛུགས་སྐྲུན་བཅས་བྱ་དགོས། ཞིང་ཆེན་རིམ་པའི་སྐྱེ་ལྡན་ཐོན་རྫས་ཁུངས་འདེད་ལས་སྟེགས་བཙུགས་ཏེ། ཐོན་སྐྱེད་བརྒྱུད་རིམ་ཡོངས་ལ་ལྟ་རྟོག་བྱེད་པར་ཤུགས་བསྣན་ནས། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་རྒྱུ་སྤུས་དང་ཕན་འབྲས་མཐོར་འདེགས་བྱ་དགོས། སྐྱེ་ལྡན་ཕྱུགས་ལས་གཙོ་གནད་དུ་བཟུང་སྟེ། ཟོང་རྟགས་མཐོར་འདེགས་འཐབ་ཇུས་ལག་བསྟར་བྱ་དགོས་ཤིང་། ནུས་ཤུགས་ཡོད་རྒུས“ནོར་ནག་གི་ཕ་ས”དང“འབྲོག་ལུག་གི་གཡང་ཁྱིམ”བསྐྲུན་དགོས། ཞིང་ཕྱུགས་ལས་ཐོན་རྫས་ཀྱི“རྫས་གསུམ་རྟགས་གཅིག”གི་དཔང་དཔྱད་ངོས་འཛིན་ལ་ཤུགས་བསྣན་པ་དང་། ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱ་དགོས་ལ། མཐོ་སྒང་དང་སྐྱེ་ལྡན། ལྗང་མདོག སྭེལ་མོད། ཀྲེམ་མོད་སོགས་ཀྱི་བདེ་ཐང་ཟོང་རྟགས་ཀྱི་སྙན་པ་ཀུན་ལ་བསྒྲགས་ཏེ། ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཞོར་གཏོང་རིན་ཐང་དང་རིམ་པ་མཐོ་འབྲིང་གི་ཁྲོམ་ར་ཟིན་ཕྱོད་མཐོར་འདེགས་སུ་གཏང་དགོས། ཆེས་གཟབ་ནན་ཡིན་ལ་བརྒྱུད་རིམ་ཡོངས་སུ་ཁེབས་པའི་ཞིང་ཕྱུགས་ལས་ཐོན་རྫས་ཉེན་མེད་ལྟ་སྐུལ་དོ་དམ་ལམ་ལུགས་འཛུགས་པ་དང་། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་ཡུལ་གྱི་ཕྱིར་གཏོང་འཐུས་མཆན་དང་ཁྲོམ་རའི་ནང་འཇུག་འཐུས་མཆན་ལམ་ལུགས་ནན་ཏན་སྒོས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་པ་དང་། ཁུངས་འདེད་ཆོག་ལ་མཉམ་འབྲེལ་མཉམ་སྤྱོད་ཀྱི་ཆ་འཕྲིན་ལས་སྟེགས་འཛུགས་དགོས། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་རྫོང་འཛུགས་པར་སྐུལ་འདེད་གཏིང་ཟབ་བྱས་ཏེ། རོང་འབྲོག་ཁུལ་གྱི་ཟས་རིགས་ཉེན་མེད་བཅོས་སྐྱོང་འགུལ་སྐྱོད་སྤེལ་དགོས། ཞིང་ཕྱུགས་ལས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་དང་མཉམ་ལས་འབྲེལ་འདྲིས་སྐུལ་སྤེལ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”འགྲམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་ལ་མ་དངུལ་གཏོང་འཇོག་དང་ཉོ་ཚོང། ཚན་རྩལ། སྲོག་ཆགས་རྩི་ཤིང་གི་རིམས་བཤེར་བཅས་ཐད་ནས་མཉམ་ལས་བྱེད་པར་ཤུགས་བསྣན་དགོས།

10. ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་སྐུལ་ནུས་ཇེ་དྲག་ཏུ་གཏང་དགོས། 

“འབྲུ་རིགས་ལག་རྩལ་དུ་ཉར་བའི”འཐབ་ཇུས་ལག་བསྟར་བྱ་དགོས། ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་ཐོན་ལས་ཆེན་པོ་བཅུའི་ཚན་རྩལ་དེ་གཞན་བསྒྱུར་དང་ཞིབ་འཇུག་གསར་སྤེལ་བྱེད་པའི་རིམ་པ་གསུམ་པའི་ལས་སྟེགས་སྲ་བརྟན་དང་ཟབ་སྤེལ་བྱ་དགོས་ཤིང། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང། ཞིང་ཆེན་རིམ་པའི་ཐོན་ལས་ལས་སྟེགས་དེ་རྫོང་རིམ་པའི་ཁྱབ་གདལ་དང་དཔེ་སྟོན་ཉེར་སྤྱོད་ལས་སྟེགས་ལ་སྦྲེལ་མཐུད་གོ་ཆོད་བྱེད་པར་ཤུགས་བསྣན་ཏེ། དེའི་སྣེ་ཁྲིད་དང་དཔེ་སྟོན་དང་རྩིབས་འཕྲོ་སྐུལ་ཁྲིད་བཅས་ཀྱི་བྱེད་ནུས་འདོན་སྤེལ་བྱ་དགོས། ཞིང་ཕྱུགས་ལས་ཀྱི་ཚན་རིག་ཞིབ་འཇུག་ཁང་དང་སློབ་གྲྭ་ཆེན་མོའི་ལག་རྩལ་སྤོ་སྒྱུར་ལ་སྐུལ་འདེད་བྱེད་པ་དང། སྲིད་གཞུང་གིས་སྐུལ་འདེད་དང་ཁྲོམ་རས་ཁྲིད་སྟོན། ཁེ་ལས་ཅན་གྱི་འཁོར་རྒྱུག་བཅས་བྱེད་པའི་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་འབྲས་བུ་སྤོ་སྒྱུར་བྱེད་པའི་མ་དཔེ་གསར་བ་དང་རྐྱེན་སྲོལ་གསར་བ་འཚོལ་ཞིབ་བྱས་ཏེ། གསར་གཏོད་འབྲས་བུ་དང་ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བྱ་དགོས། རིགས་མི་འདྲ་བའི་ཚན་རྩལ་མི་སྣ་དག་ལས་ཡུལ་དངོས་སུ་སོང་ནས་ལོ་ཏོག་གི་བརྒྱུད་རིམ་ཡོངས་འཕྲུལ་ཆས་ཅན་དུ་བསྒྱུར་བ་དང། རྨོན་ཆས་དང་ཞིང་རྩལ་སིམ་འདྲེས་བྱེད་པ་སོགས་སྔོན་ཐོན་གྱི་སྤྱོད་འཐུས་ལག་རྩལ་གྱི་ལྷུ་སྒྲིག་ཆ་བསྡེབས་དང་ཁྱབ་གདལ་ཉེར་སྤྱོད་ལ་ཁྲིད་སྟོན་བྱ་དགོས། གཟན་རྩྭ་ལས་སྣོན་དང་བཀོལ་སྤྱོད་བྱེད་པའི་ལག་རྩལ་ཉེར་སྤྱོད་ལ་ཤུགས་བསྣན་པ་དང་། གཟན་རྩྭ་དང་གཟན་ཆས་དང་དྲོད་ཚད་ཇེ་མཐོར་གཏོང་བ་བརྗོད་བྱ་གཙོ་བོ་ཡིན་པའི་མཐོ་གྲང་རྩྭ་སའི་སྐྱེ་ཁམས་སླར་གསོ་དང། ནོར་ནག་དང་འབྲོག་ལུག་གི་ཕན་འབྲས་མཐོ་བའི་གསོ་སྤེལ་ལག་རྩལ། རྩྭ་ཟན་སྒོ་ཕྱུགས་ལག་གསོ་བྱེད་པའི་གསོ་སྤེལ་ལག་རྩལ་ཚད་ལྡན་ཅན་བཅས་ཁྱབ་གདལ་དུ་བཏང་སྟེ། མ་རྩ་གྲོན་ཆུང་དང་སྤུས་ཚད་མཐོར་འདེགས། ཕན་འབྲས་འཕར་སྣོན་བཅས་མངོན་འགྱུར་བྱ་དགོས། དེང་རབས་སོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པ་དང། གསོ་སྐྱོང་དང་སྐྱེ་འཕེལ་དང་ཁྱབ་གདལ་གཞི་གཅིག་ཅན་དུ་བསྒྱུར་བར་སྐུལ་འདེད་བྱས་ཏེ། སོན་ལས་ཀྱི་གསར་སྤེལ་ནུས་པ་མཐོར་འདེགས་སུ་གཏང་དགོས། ས་གནས་ཀྱི་བྱ་ཕྱུགས་ཀྱི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་དང་རྒྱུད་བཟང་ནང་འདྲེན་ཁྱབ་གདལ་གྱི་བྱ་བ་ཧུར་ཐག་གིས་སྤེལ་ཏེ། རྒྱུད་བཟང་གིས་ཕྱུགས་ལས་དཔལ་འབྱོར་ལ་བྱས་རྗེས་བཞག་ཕྱོད་ཇེ་མཐོར་གཏང་དགོས། ནགས་ཁུལ་གྱི་སྒྲིག་ཆས་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བྱ་དགོས། ཞིང་སྡེ་ཆ་འཕྲིན་ཅན་གྱི་དཔེ་སྟོན་ཞིང་ཆེན་དང་རྒྱང་ཚོར་ལྟེ་གནས་སོགས་ཞིང་ཕྱུགས་ལས་ཀྱི་ཆ་འཕྲིན་ཅན་གྱི་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་དང་། “སྦྲེལ་དྲྭ+”དེང་རབས་ཞིང་ཕྱུགས་ལས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་རྡང་ཡོངས་བསྒྱུར་བཀོད་དང་རིམ་སྤར་བྱེད་པར་སྐུལ་དགོས། རིག་ལྡན་གནམ་གཤིས་བརྟག་དཔྱད་དང་ཞིང་ཕྱུགས་ལས་ཀྱི་རྒྱང་ཚོར་ལག་རྩལ་གྱི་ཉེར་སྤྱོད་ཤུགས་ཡོད་ཆེན་པོས་གོང་དུ་སྤེལ་ནས། གནམ་གཤིས་བརྟག་དཔྱད་ཀྱིས་ཞིང་ལས་ལ་ཞབས་ཕྱི་སྒྲུབ་པ་དང་གནོད་འགོག་གནོད་སེལ་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།