ཀྲུང་གོ་བོད་ཀྱི་དྲ་བ།

མདོ་སྨད་བསང་ཆུ་རྫོང་གི་སྒྲུང་པ་སྐད་གྲགས་ཅན་སྐལ་བཟང་གྲགས་པ།

ཡོང་ཁུངས། : གེ་སར་རིག་མཛོད།     སྤེལ་དུས། : 2019-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     b1bb72e80af0e4d1f62292a0ee255bce.jpg

       གླིང་སྒྲུང་ངག་རིག་པ་སྐལ་བཟང་གྲགས་པ་ལགས་ནི1958ལོར་མདོ་སྨད་བསང་ཆུ་རྫོང་ཁོངས་སུ་འཁྲུངས། ལོ་ན་གཞོན་དུས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་རྒྱུད་སྟོད་དུ་གྲྭ་སར་ཞུགས་མྱོང་བ་སོགས་ཁོང་གི་སྐུ་ཚེའི་ཁྲོད་བརྒྱུད་རིམ་སྣ་ཚོགས་པའི་ཉམས་མྱོང་བསགས་ཤིང་རྒྱུས་ལོན་མྱོང་ཡོད་ལ། ལྷག་པར་དུ་མིང་དུ་གྲགས་པའི་གླིང་གེ་སར་སྐྱེས་བུའི་རྣམ་སྒྲུང་དབྱངས་སུ་གྱེར་མཁན་དང་། འབྲེལ་བཤད་ངག་རིག་པ་ཕུལ་དུ་བྱུང་བ་ཞེས་བོད་ཡུལ་སྤྱི་ཁྱོན་ནས་མཚན་སྙན་གྱི་གོ་གནས་ཚད་མཐོན་པོ་ཐོབ་ཏེ། སྤྱི་ལོ1978ལོ་ནས་བཟུང་ཁོང་དངོས་སུ་ཀན་ལྷོ་དང་མཚོ་སྔོན་རླུང་འཕྲིན་ཁང་སོགས་སུ་ཕེབས་ནས་གླིང་གེ་སར་སྒྲུང་གི་བསྟན་པ་སྤེལ་བའི་མགོ་བཟུང་། དེ་དང་ཆབས་ཅིག་བྱ་མགྲིན་སྔོན་ཟླ་བ་སོགས་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་སྙན་ལ་བྱིན་ཆགས་པ། ཟབ་ལ་དོན་གསལ་བའི་ཁྱད་ཆོས་དང་ལྡན་པ་སྒྲ་ཕབ་དང་རྒྱང་བསྒྲགས་གནང་། བོད་ཀྱི་རྣམ་ཐར་ཁྱབ་སྒྲོག་གི་ལས་དབང་གི་དམན་པས་སྤྱི་ལོ2005ལོ་ཁོང་སྐུ་གཤེགས། ཡིན་ན་ཡང་ཁོང་གི་ལྷན་སྐྱེས་ཀྱི་སྐད་ངག་དང་སྐད་ཆའི་སྒྱུ་རྩལ་གྱིས་བོད་ཞིང་འབྲོག་མང་ཚོགས་ཀྱི་སེམས་ཁམས་ལ་ནམ་ཡང་ཡལ་དུ་མེད་པའི་བག་ཆགས་ཤིག་ཐེབས་ཡོད་པར་མ་ཟད། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བའི་སྐབས་སུ་ཁོང་གིས་བཤད་པའི་གླིང་སྒྲུང་དང་རྣམ་ཐར་དག་གི་ཁྲོད་ཀྱི་མི་སྣའི་རྣམ་པ་དང་། ཉམས་འགྱུར། གོམས་གཤིས་དང་མཛད་སྤྱོད་སོགས་ལ་བློས་བསླངས་དང་སྔོག་འདོན་རྒྱུད་སྒྲོག་གི་ཐད་ནས་བཞལ་ན། ད་ཆ་འཛམ་གླིང་སྟེང་ཆེས་ཚད་མཐོན་དུ་བགྲང་བའི་དངོས་བྲིས་གློག་བརྙན་དག་ལས་ཀྱང་ལོ་རྒྱུས་ཀྱི་གསོན་ཉམས་དང་ཡིད་འགུག་གི་ནུས་པ། མི་རིགས་ཀྱི་སྲོལ་རྒྱུན་གྲུབ་སྟངས་དང་སློབ་གསོའི་སྒུལ་ཤུགས་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད། ཁོང་གིས་གེ་སར་སྒྲུང་ཁོ་ན་ཡི་ཆ་ནས་གཞལ་ཡང་ད་ཆ་ཀན་ལྷོའི་བོད་སྐད་རླུང་འཕྲིན་ཁང་དུ་ཁོས་བཤད་པའི་གེ་སར་སྒྲུང་རིགས་མི་འདྲ་བ་ལྔ་བཅུ་སྒྲར་ཕབ་ཏེ་ཕྱི་རབས་པའི་རྣ་བའི་གསོས་སུ་བཞག་ཡོད་པ་ནི། ཆེས་ཕུལ་དུ་བྱུང་བའི་ཟླ་མེད་ཀྱི་མཛད་འཕྲིན་དང་། ཤུལ་བཞག་གི་ནོར་བུ་རྩ་ཆེན་ཞིག་གོ །

རྩོམ་སྒྲིག་པ། : བསམ་ནོར།