ཀྲུང་གོ་བོད་ཀྱི་དྲ་བ།

བརྙན་འཕྲིན་རྩོམ་ཡིག་ལོ་ཙཱའི་ཐད་ཀྱི་གནད་དོན་ལ་རགས་ཙམ་དཔྱད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གནས་བརྟན།   སྤེལ་དུས། : 2020-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། བརྙན་འཕྲིན་གསར་འགྱུར་རྩོམ་ཡིག་ལོ་ཙཱའི་སྐོར་གླེང་བ།

སྤྱིར་བརྙན་འཕྲིན་ལེ་ཚན་གྱི་ནང་དོན་ཀྱི་ཐད་དུ་ཆུང་ཕྱོགས་ནས་དགར་ན་རིགས་དང་དབྱེ་བ་ཤིན་ཏུ་མང་མོད། ཆེ་ཐད་ནས་བརྙན་འཕྲིན་གསར་འགྱུར་རྩོམ་ཡིག་དང་བརྙན་འཕྲིན་ཆེད་སྒྲིག་རྩོམ་ཡིག བརྙན་འཕྲིན་རིག་རྩལ་རྩོམ་ཡིག་བཅས་གསུམ་དུ་བཀར་ན་འཚམ་སྙམ། དེ་ལས་བརྙན་འཕྲིན་གསར་འགྱུར་རྩོམ་ཡིག་ལོ་ཙཱ་བྱེད་སྐབས། མ་ཡིག་གི་ནང་དོན་ཡང་དག་ཅིང་རང་མི་རིགས་ཀྱི་སྐད་ཆའི་ཁྱད་ཆོས་དང་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པ་ཞིག་བསྒྱུར་རྒྱུ་དེ་རྩ་བའི་ཆ་རྐྱེན་ཡིན། གསར་འགྱུར་རྩོམ་ཡིག་ཏུ་གསར་དུ་བྱུང་མ་ཐག་པའི་བྱ་དངོས་གསར་པའི་རིགས་མྱུར་བ་མྱུར་དུ་བརྒྱུད་སྒྲོག་བྱེད་བཞིན་ཡོད་ལ། དུས་ཚོད་མྱུར་ལ་ཁྱབ་ཚད་ཆེ་བ། ཤུགས་རྐྱེན་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། གསར་འགྱུར་རྩོམ་ཡིག་ལོ་ཙཱ་བྱེད་པའི་དུས་སུ་གསར་བྱུང་གི་བྱ་དངོས་ཀྱི་རིགས་ལ་མིང་གསར་འདོགས་པ་དང་ལོ་ཙཱ་བྱེད་སྐབས། རྩ་དོན་དང་རྒྱབ་ལྗོངས། ལོ་རྒྱུས།རིག་གནས་ཀྱི་གཞུང་ཁོག་སོགས་ཕྱོགས་མང་པོ་ཞིག་ལ་བསམ་གཞིག་ཞིབ་མོ་བཏང་རྗེས། ད་གཟོད་ཁྱད་གཤིས་དང་མཐུན་པའི་མིང་ཞིག་གདགས་པ་དང་ལོ་ཙཱ་བྱ་དགོས་ལ། ལྷག་པར་ས་མིང་དང་རུ་སྡེ་ཚོ་ཁག་གི་མིང་། མི་མིང་སོགས་སྒྱུར་སྐབས་བོད་རང་གི་སྲོལ་རྒྱུན་གྱི་མིང་བརྡ་དེ་ཇི་མ་ཇི་བཞིན་བཀོལ་སྤྱོད་བྱེད་རྒྱུ་གལ་འགངས་ཧ་ཅང་ཆེ། གལ་ཏེ་ལོ་ཙཱར་ནོར་འཁྲུལ་བྱུང་ཚེ་རིག་གནས་དང་ལོ་རྒྱུས་ཀྱི་སྤྱི་ཁོག་ཅིག་ལ་གནོད་སྐྱོན་དང་རྙོག་འཛིང་ཚབས་ཆེན་བཟོ་བར་གདོན་མི་ཟ། དཔེར་ན། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཞེས་པའི་མིང་དེ་བོད་རང་གི་མིང་རྙིང་ཞིག་ཡིན་པ《དུང་དཀར་ཚིག་མཛོད》དུ། “ཆབ་མདོའི་བྱང་ངོས་ཀྱི་ས་ཆ་མང་པོ་ལ་རྡོ་ཤུལ་དང་ར་ཤུལ། དམེ་ཤུལ། སེར་ཤུལ། ཡུལ་ཤུལ་ཟེར་བའི་ས་ཆ་མང་པོ་ཞིག་ཡོད་པས་དེ་དག་ནི་ལྡོང་གི་རུས་ཆེན་བཅོ་བརྒྱད་ཀྱི་རུས་རྒྱུད་ཆགས་ཤུལ་ཡིན”ཞེས་གསལ་པོར་ཡོད་མོད། ཡུལ་ཤུལ་ས་འགུལ་གྱི་དུས་སུ་མཚོ་སྔོན་བརྙན་འཕྲིན་ཁང་གིས་ཡུལ་ཤུལ་ཞེས་པའི་མིང་དེ་ཡུས་ཧྲུའུ་ཞེས་རྒྱ་སྐད་ཀྱི་མིང་དེ་སོར་འཇོག་བྱས་པས། གཟིགས་མོ་བ་ཡོངས་ལ་ཡུལ་ཤུལ་ཞེས་པའི་བོད་རང་གི་ཡུལ་མིང་རྙིང་པ་དེ་བརྗེད་དུ་བཅུག་པ་དང་། ཡུས་ཧྲུའུ་ཞེས་པའི་རྒྱ་སྐད་ཀྱི་མིང་དེའི་བག་ཆགས་བརྟན་པོ་ཞིག་ཆགས་སུ་བཅུག་པ་ཀུན་པོར་གསལ་ལ། ལྷག་པར་དུ་སྔོན་ཆད་ཡུལ་ཤུལ་ཞེས་པའི་མིང་དེ་གོ་མ་མྱོང་བའི་རོང་འབྲོག་ཁུལ་མང་ཚོགས་རྣམས་ཀྱི་སྣང་ངོར་ཡུས་ཧྲུའུ་ཞེས་པའི་རྒྱ་སྐད་ཀྱི་མིང་དེའི་བག་ཆགས་གསུབ་པར་དཀའ་བ་ཞིག་བཞག་ཟིན་པས། ད་ལྟ་ཁོ་ཚོའི་བསམ་བློའི་ནང་དུ་གནས་དེར་ཡུས་ཧྲུའུ་ཞེས་འབོད་པ་ལས་ཡུལ་ཤུལ་ཞེས་པའི་སྣང་བ་ཁབ་རྩེ་ཙམ་ཡང་སྐྱེ་མི་སྲིད། ལོ་ཙཱ་འདི་ལྟ་བུ་ཡིས་རང་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ལ་རྙོག་འཛིང་ཆེན་པོ་བཟོ་ངེས་པས་དེར་གཏོགས་ཀྱི་རིགས་ལ་སྣང་འཇོག་ཆེན་པོ་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། དེང་དུས་ཀྱི་གསར་འགྱུར་རྩོམ་ཡིག་གི་འགྱུར་མང་པོ་ཞིག་གི་ནང་དུ་བོད་རང་ཉིད་ལ་སྲོལ་རྒྱུན་གྱི་མིང་རྙིང་པ་ཡོད་བཞིན་དུ། རྒྱ་མིང་དང་དབྱིན་ཇིའི་སྐད་སྒྲ་སྒྱུར་སོར་འཇོག་བྱས་པ་ཤིན་ཏུ་མང་སྟེ། “博士”ལ་འབུམ་རམས་པ་དང“硕士”ལ་རབ་འབྱམས་པ། “总统”ལ་སྲིད་འཛིན། “总理”ལ་སྲིད་བློན་ཞེས་པ་ལྟ་བུ་དང་། “GNP”ནི(gross national product)ཡི་བསྡུས་འབྲི་ཡིན་ལ། རྒྱལ་དམངས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་ཞེས་པའི་དོན་ལྡན་པས། ང་ཚོས་དེ་ལྟར་བསྒྱུར་ཀྱང་མི་ཆོག་པ་ཅི་ཡང་མེད་མོད།དེང་སྐབས་བརྙན་འཕྲིན་གསར་འགྱུར་རྩོམ་ཡིག་འགའ་ཤས་སུ་སྒྲ་སྒྱུར་གྱི་ཚུལ་དུ་སོར་འཇོག་བྱས་འདུག དེ་ལྟར་རང་མི་རིགས་ཀྱི་སྲོལ་རྒྱུན་མིང་བརྡའི་ཁྲོད་དངོས་སུ་ཡོད་པ་དང་། ཡང་ན་རང་སྐད་དུ་བསྒྱུར་རུང་ལ་དོན་ཡང་ཇི་བཞིན་ཐོན་ནུས་པའི་རིགས་འདི་དག་གོང་བརྗོད་ལྟར་འཇོག་ལོབས་སུ་སོང་ཚེ། ཉི་མ་རེ་རེར་གསར་བྱུང་བྱ་དངོས་ཀྱི་མིང་བགྲང་གིས་མི་ལོང་བ་བྱུང་དང་འབྱུང་མུས་ཀྱི་དུས་རབས་འདིར། སྐད་རིགས་ཤིག་གི་འཕེལ་རྒྱས་ལ་གྱོང་གུད་བཟོ་རྒྱུ་དང་སྐད་རིགས་ཤིག་ཉམས་རྒུད་དུ་གཏོང་རྒྱུ་དེ་ཧ་ཅང་ལས་སླ་བོ་ཞིག་ཏུ་འཁུམས་འདུག་པས། རང་རེའི་ལོ་ཙཱ་བ་རྣམས་ཀྱིས་དེའི་སྐོར་ལ་གཟབ་གཟབ་བྱེད་རྒྱུ་གལ།

གཉིས་པ། བརྙན་འཕྲིན་ཆེད་བསྒྲིགས་རྩོམ་ཡིག་ལོ་ཙཱའི་སྐོར་གླེང་བ།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་དུ་བོད་སྐད་ལ་སྒྱུར་སྐྲུན་བྱས་པའི་བརྙན་འཕྲིན་ཟློས་གར་ཐོག་མ་སྟེ་《སུ་རུའི་མེ་ཏོག》བྱུང་བ་ནས།《ཐང་སིན་བླ་མའི་རྟོགས་བརྗོད》དང《ཆུ་ངོགས་གཏམ་རྒྱུད》《ཐོག་ཁང་དམར་པོའི་རྨི་ལམ》སོགས་མང་པོ་བྱུང་དང་འབྱུང་མུས་སུ་མཆིས་ལ། དེ་དག་གིས་རོང་འབྲོག་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་མཆིས་ལ། རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བར་ཞབས་འདེགས་ཀྱི་ནུས་པའང་ཆེན་པོ་ཐོན་བཞིན་ཡོད། དེར་བརྟེན། བརྙན་འཕྲིན་ཟློས་གར་རྩོམ་ཡིག་ལོ་ཙཱ་བྱེད་སྐབས་གཙོ་བོ་དོན་སྒྱུར་གྱི་ཐབས་ལམ་སྤྱད་དེ། བསྒྱུར་བྱའི་ནང་དོན་ཇི་མ་ཇི་བཞིན་མཚོན་ཐུབ་པ་དང་། རྗོད་བྱེད་ཚིག་གི་སྡེབ་སྦྱོར་གསལ་ཞིང་གོ་བདེ་བ། བོད་རང་གི་ཁྱད་ཆོས་འབུར་དུ་ཐོན་པ་དེ་དག་སྔོག་འདོན་ཅི་ཐུབ་བྱ་རྒྱུ། རང་མི་རིགས་ཀྱི་བརྡ་སྤྲོད་ཀྱི་ལུགས་དང་མཐུན་པ་ཞིག་ཡོང་བ་བྱ་རྒྱུ་དེ་ལས་དོན་འདིའི་འགན་འཁྲི་རེད། ལྷག་པར་དུ་བརྡ་སྤྲོད་ཀྱི་སྒྲིག་གཞི་དེ་མི་རིགས་གང་དེའི་བརྡ་སྤྲོད་རིག་པའི་འགྲོས་དང་མཐུན་པར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། རྒྱུ་མཚན་ནི། མི་རིགས་གང་དེའི་སྐད་བརྡའི་བརྡ་སྤྲོད་ཀྱི་ཁོངས་སུ་མི་རིགས་དེའི་བསམ་བློ་གཏོང་ཕྱོགས་དང་བྱ་དངོས་གང་དེར་ངོས་འཛིན་བྱེད་སྟངས་སོགས་ཀྱི་འདུ་ཤེས་ཀྱི་རྩ་བ་སྦས་འདུག་པས། སྐད་བརྡའི་བརྡ་སྤྲོད་ལ་ཕོག་ཐུག་བཟོས་པ་ཡིས་མི་རིགས་སྤྱིའི་བསམ་བློའི་གཏིང་རིམ་ལ་རྨ་ཁ་བཟོ་བཞིན་པ་སྐད་བརྡ་རིག་པའི་གཞུང་ལུགས་སུ་གསལ། ལོ་རབས་བརྒྱད་ཅུ་པར་བོད་སྐད་བརྙན་འཕྲིན་ཟློས་གར་བྱུང་བ་དེས་རོང་འབྲོག་མང་ཚོགས་ཀྱི་སྐད་ཆར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་མཆིས་ལ། ལྷག་པར་དུ་ལོ་ཆུང་བྱིས་པ་ཚོས་བོད་སྐད་བརྙན་འཕྲིན་ཟློས་གར་ལ་བལྟས་རྗེས། བསམ་གཞིག་ཅི་ཡང་མེད་པར་དེའི་ཁྲོད་ཀྱི་མིང་བརྡ་མང་པོ་རང་ཉིད་ཀྱི་འཚོ་བ་དངོས་ཀྱི་ཁྲོད་དུ་ཚུར་ལེན་བྱེད་བཞིན་པས། བརྙན་འཕྲིན་ཟློས་གར་གྱི་རྩོམ་ཡིག་ལོ་ཙཱའི་ལས་དོན་སྒྲུབ་མཁན་རྣམས་ལུང་སྐད་དམ་ཡུལ་སྐད་ཁོ་ནའི་དབང་དུ་མི་ཤོར་བར། བོད་སྤྱི་སྐད་ཀྱི་ཐད་ལ་བསམ་གཞིག་ཅིག་ཅིས་ཀྱང་བྱ་རན་རེད།བརྙན་འཕྲིན་དངོས་བྲིས་རྩོམ་ཡིག་མང་ཆེ་ཤོས་ནི་རྩོམ་པ་པོས་སྤྱི་ཚོགས་མིའི་རིགས་རིག་པའམ་རིག་གནས་མིའི་རིགས་རིག་པ། ཡང་ན་ལོ་རྒྱུས་རྩོད་སྒྲུབ་རིག་པའི་གཞུང་ལུགས་གཙུག་ཏུ་བཟུང་ནས་བྲིས་ཡོད་པར་བརྟེན། བརྗོད་བྱའི་བྱ་དངོས་ལ་ཞིབ་འཇུག་བྱས་པ་གཏིང་ཟབ་ཅིང་། བྱ་དངོས་གང་དེའི་འཕོ་འགྱུར་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་ཞིང་། སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མ་འགལ་ལ། རྗོད་བྱེད་ཚིག་ཁ་གསལ་ཞིང་ཞིབ་ཆ་དོད་ལ། ཚིག་རྣོ་ཞིང་ཚིག་དོན་གྱི་གོང་འོག་འབྲེལ་ཆགས་པས། ལོ་ཙཱ་བ་རྣམས་ཀྱིས་རྩོམ་ཡིག་དེའི་རིགས་ཡིག་སྒྱུར་བྱེད་པའི་དུས་སུ། ཐོག་མར་བརྗོད་བྱ་གང་དེའི་སྐོར་གྱི་ཡིག་ཆ་མང་པོར་བལྟས་ཏེ། རྩོམ་ཡིག་ནང་གི་བྱ་དངོས་ཀུན་གྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་བྱ་དངོས་དེ་བྱུང་གནས་ཀྱི་ས་མིང་དང་ཆུ་མིང་། ཡུལ་དེའི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་དང་ཁོར་ཡུག་སོགས་ལ་ཞིབ་ཏུ་བརྟགས་རྗེས། གཙོ་བོ་དོན་སྒྱུར་དང་ཐད་སྒྱུར་གྱི་ཐབས་ལམ་གཙོར་བཟུང་ནས། རང་མི་རིགས་ཀྱི་སྲོལ་རྒྱུན་གྱི་མིང་རྙིང་རྣམས་བཀོལ་ཅི་ཐུབ་སྒོས་རྗོད་བྱེད་ཚིག་གི་ཁ་གསལ་ལ་གནད་དུ་ཁེལ་བ། ཚིག་རྣོ་ཞིང་གྲིམ་ཆ་དོད་པ། རང་མི་རིགས་ཀྱི་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པ་ཞིག་ཡོང་ཅི་ཐུབ་བྱེད་དགོས་ལ། སྤྱིར་བཏང་ཚིག་རྒྱན་སོགས་མང་དུ་བཀོལ་ནས་ཚིག་མཛེས་པར་སྤུད་པའི་སྒྱུ་རྩལ་གྱི་ཆ་དེ་ཉུང་ཙམ་སྤྱད་པས་བཟང་།

གསུམ་པ། བརྙན་འཕྲིན་རིག་རྩལ་རྩོམ་ཡིག་ལོ་ཙཱའི་སྐོར་གླེང་བ།

སྤྱིར་བཏང་དུ་བརྙན་འཕྲིན་རིག་རྩལ་རྩོམ་ཡིག་ལ་གླུ་དང་གཞས། གར་དང་བྲོ། ཤགས་སོགས་དམངས་ཁྲོད་རྩོམ་རིག་གི་རིགས་མ་འདུས་པ་མེད་པས། ནང་དོན་གྱི་ཆ་ནས་རྒྱ་ཆེ་ལ་ཕུན་སུམ་ཚོགས་པ་དང་། རིག་གནས་སྒེར་ཚུགས་ཀྱི་རང་བཞིན་དང་མི་རིགས་རང་བཞིན། ས་ཁོངས་རང་བཞིན་སོགས་ཤིན་ཏུ་ཆེ་ལ། ལྷག་པར་དུ་རིག་རྩལ་རྩོམ་རིག་ཏུ་རྩོམ་རིག་གཞན་པ་ལས་ལྷག་པའི་དམངས་སྲོལ་རིག་གནས་དང་མི་རིགས་གང་དེའི་བསམ་བློའི་རིག་གནས་ཀྱི་ཁྱད་ཆོས་མོད་པར་བརྟེན། རིག་རྩལ་རྩོམ་རིག་ལོ་ཙཱ་བྱེད་མཁན་དེར། ཐོག་མར་བསྒྱུར་བྱའི་བརྩམས་ཆོས་དེ་མི་རིགས་གང་དང་ས་ཁོངས་གང་། རིག་གནས་གང་ཞིག་གི་ཁྱབ་ཁོངས་སུ་གཏོགས་པ་དང་གང་དེའི་ཕྱོགས་ཀྱི་དམངས་སྲོལ་རིག་གནས་དང་འདུ་ཤེས་འཛིན་སྟངས། མཛེས་དཔྱད་ལྟ་བ། རིན་ཐང་ལྟ་ཚུལ། འཚོ་བ་རོལ་སྟངས་སོགས་ཀྱི་ཐད་དུ་མཐོང་ཐོས་དང་ཤེས་བྱ་མི་དམན་པ་ཞིག་ཡོད་པའི་རྨང་གཞིའི་ཐོག བསྒྱུར་བྱའི་བརྩམས་ཆོས་དེ་མི་རིགས་གང་གི་ཡིན་པ་དེའི་སྐད་དང་ཡི་གེར་བྱང་ཆ་ལྡན་དགོས་ལ། བསྒྱུར་བྱའི་མ་རྩོམ་གྱི་ནང་དོན་དང་དེའི་སྒྱུ་རྩལ་མཚོན་ཐབས་སོགས་ལ་གོ་བ་ཟབ་མོ་བླངས་རྗེས།《སྒྲ་སྦྱོར་བམ་གཉིས》ནང་གཏན་འཁེལ་བྱས་པའི་ཡིག་སྒྱུར་གྱི་རྩ་དོན་གསུམ་གཙིགས་སུ་བཟུང་ནས། མ་རྩོམ་ཀྱི་ནང་དོན་ཇི་བཞིན་མཚོན་ནུས་ལ་བརྗོད་སྙིང་གསལ་ཞིང་། དཔེ་དང་དཔེ་མཚོན་དུ་བཀོད་པ་འབྱོར་ཞིང་ཚིག་གོ་བདེ་ལ་སྙན་ཆ་ལྡན་པ་དང་། མིང་བརྡ་ཐ་སྙད་དང་སུམ་རྟགས་དག་གསུམ་རང་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཡོངས་སུ་མཐུན་ཞིང་། ཚིག་སྦྱོར་ཕུན་སུམ་ཚོགས་ཤིང་སྙན་ཞིང་འཇེབས་པའི་སྐད་ཆའི་སྒྱུ་རྩལ་གྱིས་རབ་ཏུ་ཕྱུག་པ་ཞིག་བསྒྱུར་བར་བརྩོན་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།