འབུ་ཆ་ག་པ་ཟེར་བ་དེ་ག་འདྲ་ཞིག་ལ་ངོས་འཛིན་གྱིན་ཡོད།

ངོ་སྤྲོད།

འབུ་ཆ་ག་པ་ནི་ཞིང་ལས་ཀྱི་གནོད་འབུ་གཏེ་བོ་ཡིན་ལ། འབུ་དེ་སུག་ཚིགས་སྲོག་ཆགས་རིས་ཀྱི་འབུ་སྲིན་རིགས་ལ་གཏོགས། ལུས་ཕུང་ཕྲ་ཞིང་རིང་ལ། ལུས་མདོག་ལྗང་གུ་དང་ཁམ་སེར་ཡིན་ཞིང་། ལུས་ངོས་སུ་ཆི་ཐིན་རྒྱུའི་ཕྱིའི་རུས་སྐོགས་ཡོད་པ་དེས་ལུས་ནང་གི་གཤེར་ཆ་འཛིན་ཐུབ་པས་ཕྱིའི་ཐན་པ་དང་བརླན་གཤེར་དང་འབུ་ཕྲ་སོགས་འགོག་ཐུབ་པ་རེད། སྐུད་ཕྲའི་གཟུགས་ཀྱི་དབང་རྭ་ཆ་གཅིག་ཡོད་པ་དང་། རྐང་ལག་དྲུག་གི་བར་རིང་ཞིང་རྐང་པ་རིང་པོར་བརྟེན་ནས་ས་ལ་འགྲོ་མཆོང་བྱེད་པ། གཤོག་པ་ཡོད་པས་བར་སྣང་ལའང་འཕུར་ཐུབ་ཀྱི་ཡོད། ཟས་སུ་གྲོ་དང་འབྲས་ཀྱི་མྱུ་གུ་བཟའ་བ་དང་དེ་མིན་རྩྭ་རིགས་སྣ་ཚོགས་བཟའ་བ་རེད།

རིགས་དབྱེ།

ཆ་ག་པ་ལ་ཚོགས་སྡོད་དང་ཐོར་སྡོད་བྱེད་པའི་སྐྱེ་ཁམས་དཔེ་སྲོལ་ཅན་རིགས་གཉིས་ཡོད། དེ་ལས་ཚོགས་སྡོད་ཆ་ག་པའི་ཁྱུ་ཚོགས་ཆེན་པོ་ནི་ཁ་བ་བུ་ཡུག་འཚུབ་པ་ལྟར་ཡོང་ནས་གར་སླེབས་ས་ནས་ཞིང་ལས་ལོ་ཏོག་དང་རྩྭ་ལྡུམ་ལ་སོགས་ལྷག་པ་མེད་པར་ཟོས་འགྲོ་བ་དང་། ཆ་ག་པ་ལ་འཕུར་རྩལ་ཆེན་པོ་ལྡན་པ་སྟེ། ཉིན་མཚན་ཁ་སྤྲོད་དུ་འཕུར་ཐུབ་པས་མཚོ་འགག་དང་རྒྱ་མཚོའི་ཕ་མཐར་བརྒལ་ནས་ག་ས་གང་དུ་གནོད་འཚེ་གཏོང་གི་ཡོད།

སྐྱེ་འཕེལ།

ཆ་ག་པ་ནི་གཟུགས་འགྱུར་ཆ་ཚང་མི་བྱེད་པའི་འབུ་སྲིན་ཡིན་པ་སྟེ།སྒོ་ང་ལས་ནར་མ་སོན་པའི་འབུ་ཕྲུག་སྐྱེ་བ་དང་པགས་པ་ཐེངས5བརྗེས་རྗེས་འབུ་དར་མར་ཆགས་པ་རེད།རྩྭའི་གསེབ་དང་ས་ཁུང་དུ་སྒོ་ང་བཏང་ནས་ཕྱི་ལོའི་ཟླ4པ་ནས5པའི་ནང་དུ་སྒོ་ང་ཁ་གས་ནས་ཟླ8པ་ནས9པའི་ནང་ཕྲུ་གུ་དེ་ཆེན་པོ་ཆགས་ཐུབ།

ཁྱབ་ཡུལ།

ཆ་ག་པའི་གྲངས་འབོར་ཧ་ཅང་མང་ལ་གསོན་ཤུགས་ཐུམ་མེད་ཅིག་ཡིན། ས་གནས་སྣ་ཚོགས་ནས་འཚོ་ཐུབ་ཀྱང་རི་སྡེ་དང་ནགས་ཚལ།གཤོང་སའི་ས་ཁུལ།ཕྱེད་སྐམ་ཁུལ།ཡིན་ཡང་རྩྭ་ཐང་སོགས་སུ་ཆེས་མང་བ་ཡིན།

གནོད་སྐྱོན།

ཆ་ག་པས་ཞིང་ལས་དང་ནགས་ལས།ཕྱུགས་ལས་སོགས་ལ་ཚད་མི་འདྲ་བའི་གནོད་སྐྱོན་བཟོ་ཀྱིན་ཡོད།འཛམ་གླིང་སྟེང་གི་ཆ་ག་པར་རིགས་ཁྲི1ལྷག་ཡོད་པ་དང་དེའི་ཁྲོད་དུ་ཞིང་ལས་དང་ནགས་ལས།ཕྱུགས་ལས་ལ་གནོད་སྐྱོན་བཟོ་བའི་ཆ་ག་པའི་རིགས300ལྷག་ཡོད།གླིང་ཆེན་ཡོ་རོབ་དང་གླིང་ཆེན་ཨེ་ཤ་ཡའི་སྐམ་ས་ཆེན་པོའི་བྱང་འཕྲེད་ཐིག550ཡི་བྱང་ཕྱོགས་དང་འཛམ་གླིང་གི་ལྷོ་སྣེ་མ་གཏོགས་པའི་ས་ཆ་ཡོངས་ལ་ཆ་ག་པའི་གནོད་སྐྱོན་ཐེབས་ཀྱི་ཡོད།འཛམ་གླིང་ཡོངས་ལ་ལོ་རེར་ཆ་ག་པའི་གནོད་སྐྱོན་ཐེབས་པའི་སའི་རྒྱ་ཁྱོན་ནི་སྟོང་སྨི་གྲུ་བཞི་མ་ཁྲི4680ལྷག་ཡིན་པ་དང་།གོ་ལ་ཧྲིལ་པོའི་མི1/8ལ་རྒྱུན་དུ་ཆ་ག་པའི་འཇབ་རྒོལ་ཐེབས་ཀྱིན་ཡོད།

ཆེད་མཁས་པས་དབྱེ་ཞིབ་བྱས་པར་གཞིགས་ན། རང་རྒྱལ་གྱི་ལོ་རྒྱུས་ཡིག་ཆའི་ནང་དུ་བྱེ་ཐང་གི་འབུ་ཆ་ག་པའི་གནོད་འཚེ་བྱུང་མྱོང་བའི་ས་ཆ་མེད་མོད།འོན་ཀྱང་ཆེད་མཁས་པས་ཡུན་ནན་དང་བོད་རང་སྐྱོང་ལྗོངས་ཀྱི་གཉའ་ལམ་དུ་བྱེ་ཐང་གི་འབུ་ཆ་ག་པའི་ཁྱབ་ཚུལ་ཡོད་པར་ཚོད་དཔག་བྱས་ཡོད། དྲོ་ཚད40℃ཡས་མས་ནི་བྱེ་ཐང་གི་འབུ་ཆ་ག་པ་དང་འབུ་དར་མ་འགུལ་སྐྱོད་བྱེད་པའི་ཆ་རྐྱེན་ཡིན་ལ། བལྟོས་བཅས་ཀྱི་བརླན་ཚད60%ནས70%ལ་སླེབས་དགོས། འབུ་ཆ་ག་པ་སྨྱོན་སྐྱོད་བྱེད་སའི་ས་ཁུལ་ནི་འབར་མ་དང་། ནེ་པ་ལ། རྒྱ་གར་བཅས་ཡིན། དཔྱིད་དུས་འབུ་ཆ་ག་པའི་འཕུར་ཕྱོགས་ནི་རྒྱ་གར་ནས་ནེ་པ་ལ།འབར་མ། བོད་ལྗོངས་ལྷོ་རྒྱུད་དང་ཡུན་ནན་ནུབ་རྒྱུད་བཅས་ཡིན། རང་རྒྱལ་གྱི་མཐའ་མཚམས་སུ་ཁུ་ནུ་རི་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་བཀག་ཡོད་པས། འབུ་ཆ་ག་པ་ས་བབ་མཐོ་བ་དང་གྲང་ངར་ཆེ་བའི་མཐོ་སྒང་ལས་བརྒལ་དཀའ་བར་གྱུར་ཡོད།རང་རྒྱལ་བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཡུན་ནན་ནུབ་རྒྱུད་ཀྱི་མཐའ་མཚམས་ནི་ནེ་པ་ལ་དང་འབར་མའི་བྱེ་ཐང་གི་འབུ་ཆ་ག་པའི་བྱུང་ཁུལ་དང་འབྲེལ་ཡོད་པས། དུས་རླུང་དང་བསྟུན་ནས་རང་རྒྱལ་དུ་སླེབས་སྲིད་མོད་འོན་ཀྱང་གནོད་སྐྱོན་ཆེན་པོ་བཟོ་བའི་ངེས་པ་མེད་དོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།