ཆུ་འཐུང་བ་ལའང་འཐུང་ཤེས་དགོས།

ཚ་གདུག་གིས་མི་བཟོད་པའི་དབྱར་ཁའི་དུས་འདིར། དུས་ཐོག་ཏུ་ལུས་པོར་ཆུ་ཁ་གསབ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་མི་མང་པོ་ཞིག་གིས་ཆུ་འཐུང་བ་ལ་འཐུང་ཤེས་ཀྱིན་མེད་པ་འདྲ། དེ་རིང་ང་ཚོས་ཆུ་འཐུང་བའི་ཐད་ཀྱི་ནོར་འཁྲུལ་ལྔ་བཤད་པར་བྱ།

ནོར་འཁྲུལ་དང་པོ། སྐོམ་ན་མ་གཏོགས་ཆུ་མི་འཐུང་བ།

མི་ཁ་ཤས་ཤིག་དུས་རྒྱུན་དུ་ཆུ་འཐུང་རྒྱུར་མི་དགའ་བར། སྐོམ་པའི་སྐབས་སུ་ད་གཟོད་ཆུ་མང་པོ་འཐུང་བ་རེད།དེ་ནི་མི་འགྲིག་པ་སྟེ།མི་ལ་སྐོམ་སྣང་འབྱུང་བའི་སྐབས་སུ།ལུས་པོར་ཆུས་མི་འདང་བའི་གནས་བབ་ཏུ་ལུས་ཡོད།ལུས་པོར་ཆུས་མ་འདང་ན་ཁྲག་རྒྱུན་གྱི་གར་ཚད་དང་ཁྲག་གི་ཤོང་ཚད་ཇེ་དམའ་རུ་འགྲོ་བ་དང་།དེ་ལས་ཇེ་སྡུག་ཏུ་སོང་ན་ཕྲ་ཕུང་ནང་གི་ཆུ་ཤོར་བར་མ་ཟད།ཡི་ག་མེད་པ་དང་ཉ་བེ་ཉོབ་བེར་འགྱུར་བ།རྐང་ལག་བཞི་བོར་ཤུགས་མེད་པ་སོགས་ཀྱི་ནད་རྟགས་འབྱུང་ངེས་རེད།དུས་ཡུན་རིང་པོར་ཆུས་མ་འདང་ན་ནད་རིགས་སྣ་ཚོགས་སློང་བའི་ཉེན་ཁ་དེ་བས་ཀྱང་ཆེ།དེའི་ཕྱིར་ཚང་མས་དུས་རྒྱུན་ཆུ་འཐུང་བའི་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱས་ཏེ།དུས་ཚོད་དང་གྲངས་ཚད་ལྟར་ཆུ་འཐུང་དགོས་པ་ལས།སྐོམ་པའི་སྐབས་སུ་ད་གཟོད་ཆུ་འཐུང་ན་མི་འགྲིག་པ་རེད།

ནོར་འཁྲུལ་གཉིས་པ། ཆུ་མང་པོ་འཐུང་ན་ལུས་སྟེང་གི་དུག་ཕུད་ཐུབ་པར་འདོད་པ།

ཆུ་མང་པོ་འཐུང་ན་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་གཏོང་ཐུབ།མིའི་ལུས་པོར་མཚོན་ན།ཆུས་ལུས་སྟེང་གི་འཚོ་བཅུད་དངོས་པོ་སྐྱེལ་འདྲེན་བྱེད་ཐུབ་པས།འོས་འཚམ་གྱིས་ཆུ་འཐུང་ན་ཕོ་རྒྱུའི་དལ་འགུལ་ལ་སྐུལ་འདེད་ཐོབ་སྟེ།ལུས་སྟེང་གི་སྙིགས་རོ་ཕྱིར་ཕུད་པར་ཕན་པ་ཡོད་མོད།འོན་ཀྱང་བཙན་གྱིས་ཆུ་མང་པོ་འཐུང་ན།ཕོ་བའི་ནང་དུ་ཆུས་བཀང་སྟེ་ཡི་ག་ཆད་པ་དང་།དེ་ལས་གཞན་ད་རུང་ཆུ་མང་པོ་འཐུང་སྟེ་མཁལ་མའི་ཕྱིར་ཕུད་ནུས་པ་ལས་བརྒལ་སྐབས།ལུས་སྟེང་གི་གློག་འབྱེད་རྫས་འཁྲུགས་སྲིད།

《ཀྲུང་གོའི་གཞིས་དམངས་ཀྱི་བཟའ་བཅའི་ཕྱོགས་སྟོན(2022)》ནང་དུ། མི་དར་མས་ཉིན་རེར་ཆུ་ཧའོ་ཧྲིན1500ནས1700འཐུང་དགོས་པ་དང་།“ཆུ་འདང་ཚོད་འཐུང་བ་དང་འབོར་ཉུང་ཐེངས་མང་གི་སྒོ་ནས་ཡང་དག་གིས་ཆུ་འཐུང་བའི་རྩ་དོན་བརྩི་སྲུང་བྱས་ཏེ།ཆུ་འཐུང་ཚད་མང་མི་རུང་ལ་ཉུང་ཡང་མི་རུང་བ”བསྟན་ཡོད།

ནོར་འཁྲུལ་གསུམ་པ། གཙང་ཆབ་རྐྱང་རྐྱང་འཐུང་ན་འཚོ་བཅུད་མི་འདང་བར་འདོད་པ།

ཆུས་ལུས་པོའི་སྟེང་དུ་འདོན་སྤེལ་བྱས་པའི་ནུས་པ་གཙོ་བོ་ནི་རྙིང་ཚབ་གསར་བརྗེ་བྱེད་རྒྱུ་དེ་རེད།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི《འཐུང་ཆུའི་ཆུ་སྤུས་ཚད་གཞི》ནང་།ཆུའི་ནང་གི་གཏེར་རྒྱུའི་འདུས་ཚད་ལ་བླང་བྱ་གང་ཡང་བཏོན་མེད། ཆུ་ཁོལ་དང་གཙང་ཆབ(纯净水)། གཏེར་ཆུ་སོགས་གང་ཞིག་ཡིན་རུང་འཐུང་ཆུའི་འཕྲོད་བསྟེན་ཚད་གཞི་དང་མཐུན་པ་ཡིན་ན།མིའི་ལུས་སྟེང་དུ་ཆུ་ཁ་གསབ་བྱེད་པའི་དགོས་མཁོ་བསྐང་ཐུབ་པ་རེད།

ཆུ་ཁོལ་འཐུང་བ་ནི་ང་ཚོའི་འཚོ་བའི་ཁྲོད་ཀྱི་ཆེས་སྟབས་བདེའི་གདམ་གསེས་ཤིག་ཡིན་མོད།འོན་ཀྱང་བསྐོལ་ཟིན་པའི་ཆུ་དེ་དུས་ཡུན་རིང་པོར་བཞག་ན་ནད་འབུ་འབྱུང་ངེས་པས།བསྐོལ་མ་ཐག་ཏུ་འཐུང་དགོས་སོ།།

ནོར་འཁྲུལ་བཞི་པ། འོ་མ་དང་སིལ་ཁུ་ཡིས་ཆུ་ཡི་ཚབ་བྱེད་པ།

འོ་མ་དང་སིལ་ཁུ་སོགས་ནི་བདེ་ཐང་གི་འཐུང་བྱའི་རིགས་ཡིན་པས།ཚད་དང་རན་པའི་སྒོ་ནས་འཐུང་ན་འཚོ་བཅུད་ཁ་གསབ་བྱེད་ཐུབ་མོད།འོན་ཀྱང་སིལ་ཁུའི་ནང་དུ་མངར་ཆ་མང་པོ་འདུས་ནའང་།ཚི་སྣའི་རྒྱུ་ཡི་འདུས་ཚད་ཐད་ཀར་སིལ་ཏོག་བཟའ་བར་མི་དོ་བ་རེད།འོ་མའི་ནང་དུ་ཀལ་དང་ཚིལ་སྣ།སྤྲི་དཀར་སོགས་ཀྱི་འདུས་ཚད་ཧ་ཅང་མཐོ་བས། འཐུང་ཆུའི་ཚབ་ཏུ་འོ་མ་དང་སིལ་ཁུ་འཐུང་ན་མངར་ཆ་དང་སྤྲི་དཀར།ཚིལ་སོགས་ཀྱི་འདུས་ཚད་ལུས་པོའི་དགོས་མཁོ་ལས་བརྒལ་སྲིད་པས། ནུས་གྲོན་ལྷག་མ་དེ་དག་གིས་ལུས་ལ་ཚོ་རྒྱས་པ་དང་གཅིན་སྙི་ཟ་ཁུའི་ནད་བྱུང་སྟེ། ལུས་པོའི་བདེ་ཐང་ལ་གནོད་ངེས་རེད།

དེའི་རྐྱེན་གྱིས། འོ་མ་དང་སིལ་ཁུ། གཞན་ད་རུང་ཐཱན་སྐྱུར་སྐོམ་ཆུ་དང་བྱེད་ནུས་སྐོམ་ཆུ་སོགས་ནི་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཆུའི་ཚབ་བྱས་ཏེ་འཐུང་མི་རུང་།མིའི་ལུས་པོར་མཚོན་ན་ཆེས་བདེ་ཐང་གི་བཏུང་བྱ་ནི་ཆུ་ཡིན་ནོ།།

ནོར་འཁྲུལ་ལྔ་པ། ཟས་དུས་སུ་ཆུ་མང་པོ་འཐུང་ན་ཟས་རིགས་འཇུ་བའི་ཐད་ཕན་པ་ཡོད་པར་འདོད་པ།

མི་ཁ་ཤས་ཤིག་གིས། ཟས་ཟ་སྐབས་ཆུ་མང་པོ་འཐུང་ན། ཟས་རིགས་འཇུ་བའི་ཐད་ཕན་པ་ཡོད་པར་འདོད་ཀྱིན་ཡོད། དོན་དངོས་སུ་ཟས་མ་ཟོས་སྔོན་ལ་ཆུ་འཐུང་བ་དང་།ཡང་ན་ཟས་ཟ་ཞོར་ཆུ་མང་དུ་འཐུང་ན་ཟས་རིགས་འཇུ་བར་མི་ཕན་པར་མ་ཟད་ད་རུང་གནོད་འཚེ་ཡོད།ཆུ་མང་པོ་འཐུང་ན་ཕོ་སྐྱུར་སླ་བཟོ་བྱེད་པ་དང་།ཕོ་སྐྱུར་གྱི་གར་ཚད་ཇེ་དམའ་རུ་བཏང་ནས་ཟས་རིགས་འཇུ་བའི་ནུས་པ་ཇེ་དམའ་རུ་གཏོང་བ་དང་། ཕོ་བའི་དལ་འགུལ་ལ་ངན་ཤུགས་ཐེབས་ཏེ། ཕོ་རྒྱུའི་གཉན་ཚད་སློང་སྲིད།དེ་བཞིན་དུ་ཟ་མ་ཟོས་རྗེས་ཆུ་མང་པོ་འཐུང་ནའང་། ཟས་རིགས་འཇུ་བ་དང་བསྡུ་ལེན་བྱེད་པར་མི་ཕན་པ་རེད། དེ་ལས་གཞན་ད་རུང་ཟ་མ་ཟ་བའི་སྐབས་སུ་ཆུ་འཐུང་ན་ཟས་རིགས་ལྡད་ཚད་མི་འདང་བ་དང་།ཁ་ཆུ་ཟགས་ཐོན་བྱེད་ཚད་ཇེ་ཉུང་དུ་འགྲོ་བས། ཕོ་རྒྱུའི་འཇུ་ནུས་དང་བསྡུ་ལེན་ལ་མི་ཕན་ནོ། །

དེའི་རྐྱེན་གྱིས་མི་རྣམས་ཀྱིས་ཟས་ཟ་སྐབས་དང་ཟ་མ་ཟ་བའི་སྔ་གཞུག་ཏུ་ཆུ་མང་པོ་འཐུང་མི་རུང་། གལ་ཏེ་ལུས་པོར་ཁ་སྐོམ་པའི་ཚོར་སྣང་འབྱུང་བ་དང་ཟ་མར་སྐམ་ཤས་ཆེ་ན་ཆུ་འོས་འཚམ་ཞིག་འཐུང་ཆོག་གོ །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།