ཀྲུང་གོ་བོད་ཀྱི་དྲ་བ།

དབྱར་ཁ་ཆར་བ་འབབ་ཚད་མཐོ་བའི་སྐབས་སུ་བཟའ་བཏུང་ལ་མཉམ་འཇོག་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་རེའི་ཟླ་དྲུག་པ་དང་བདུན་པ་ནི་ཆར་བ་འབབ་ཚད་མཐོ་བའི་དུས་ཡིན་པས།ཤར་ལྷོ་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་སྨན་ཁང་གི་ཀྲུང་ལུགས་གསོ་རིག་ཁོང་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀྲང་རུང་ཁྲུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། དབྱར་ཁ་ཆར་བ་འབབ་ཚད་མཐོ་བའི་དུས་སུ་ཚ་རློན་མངོན་གསལ་ཡིན་པས།ནད་རིགས་སྣ་ཚོགས་འབྱུང་སླ་བ་རེད། གཙོ་བོ་མཆེར་བ་དང་ཕོ་བའི་བྱེད་ནུས་ཉམས་པ་དང་།ནད་རྟགས་ལ་ལུས་ཤུགས་མེད་པ་དང་། ཐང་ཆད་པ། ལྟོ་བ་སྦས་པ། ཡི་ག་མེད་པ། སྐྱུགས་མེར་ལངས་པ་དང་བཤང་བར་འབྱར་བག་ཆེ་བ་སོགས་ཡིན། དེས་ན་དབྱར་ཁ་ཆར་བ་འབབ་ཚད་མཐོ་བའི་སྐབས་སུ་བཟའ་བཏུང་ཇི་ལྟར་བསྟེན་དགོས་སམ་ཞེ་ན།

གཅིག འཇུ་སླ་བའི་ཟས་རིགས་བསྟེན་པ། དབྱར་ཁ་ཆར་བ་འབབ་ཚད་མཐོ་བའི་སྐབས་སུ།མི་རྣམས་ཀྱི་འཇུ་བྱེད་མ་ལག་གི་བྱེད་ནུས་ཀྱང་ཇེ་ཞན་དུ་སོང་ཡོད་པས།འཇུ་སླ་བའི་ཟས་རིགས་བསྟེན་པ་ལས་ཤ་སོགས་སྣུམ་ཞག་ཆེ་བའི་ཟས་རིགས་དང་ཡང་ན་ཁ་ཚ་དང་ཀ་ར་མང་བའི་ཟས་རིགས་ཉུང་བསྟེན་བྱེད་དགོས་པར་མ་ཟད།ཆང་ཉུང་འཐུང་བྱེད་པ་དང་སྐོམ་ཆུ་འཁྱག་པའི་རིགས་ཉུང་འཐུང་བྱེད་དགོས།སྔོ་ཚོད་དང་སིལ་ཏོག་གསར་པ་མང་དུ་བསྟེན་ན་ལེགས།

གཉིས། དུས་ལྟར་ངལ་གསོ་བ། དབྱར་ཁའི་ཚ་གདུག་ལས་བྱུང་བའི་ལུས་ལ་ཤུགས་མེད་པ་དང་ངལ་དུབ་འབྱུང་བ་སོགས་ཀྱི་གནས་ཚུལ་སེལ་ཆེད།དུས་ལྟར་ངལ་གསོ་བ་ལས་མཚན་བསྐྱལ་མི་རུང་ངོ་།།

གསུམ། ལུས་སྦྱོང་འོས་འཚམ་བྱེད་པ། ནངས་དགོང་ལ་ཕྱི་རོལ་དུ་སོང་ནས་འཆམ་འཆམ་བྱེད་པ་དང་།ལུས་སྦྱོང་འོས་འཚམ་བྱས་ཏེ་རྔུལ་ཆུ་ཉུང་ཙམ་བཞུར་དུ་བཅུག་ན་ལུས་ཀྱི་བརླན་དབྱུང་ཐུབ།ཡིན་ནའང་རྔུལ་ཆུ་མང་པོ་བཞུར་དུ་འཇུག་མི་རུང་བ་དང་།རྔུལ་ཆུ་བཞུར་རྗེས་མྱུར་དུ་ལྭ་བ་བརྗེ་དགོས།

བཞི། སེམས་ཁམས་སྐྱིད་པོ་ཡོང་བ། དུས་ལྟར་ངལ་གསོ་བ་དང་བཟའ་བཏུང་ལེགས་སྒྲིག་བྱེད་པ་དང་མཉམ་དུ།སེམས་ཁམས་སྐྱིད་པོ་ཡོང་བར་འབད་དགོས།སེམས་ཁམས་སྐྱིད་པོ་ཡོང་ན་མཆེར་བ་དང་ཕོ་བའི་བྱེད་ནུས་རྒྱུན་ལྡན་ཡོང་བར་ཕན་པས།ལུས་ལ་བརླན་འཁོར་བ་འགོག་ཐུབ།

ལྔ། འཁྱགས་ཟས་མང་པོ་མི་བཟའ་བ། དབྱར་ཁ་ཆར་བ་འབབ་ཚད་མཐོ་བའི་དུས་སུ། དུས་ཡུན་རིང་པོར་བརླན་འཁོར་བའི་གནས་སུ་འདུག་མི་རུང་ལ།འཁྱགས་ཟས་མང་པོའང་བཟའ་མི་རུང་།གལ་ཏེ་ཚ་གདུག་ཧ་ཅང་ཆེ་ན། དྲོད་སྙོམས་འཕྲུལ་ཆས་བཀོལ་ཏེ་ཚ་དྲོད་སྙོམས་པ་དང་བརླན་སེལ་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།