ཀྲུང་གོ་བོད་ཀྱི་དྲ་བ།

ཁམ་བུ་ཁ་ལ་ཞིམ་རུང་། གཟབ་གཟབ་བྱས་ནས་བསྟེན་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དབྱར་དུས་ནི་ཁམ་སྡོང་ལ་ཤིང་འབྲས་སྨིན་པའི་དུས་སྐབས་ཡིན་ལ། ཁམ་བུའི་མདོག་ཡག་ཅིང་སིལ་ཤ་ཞིམ་མངར་ལྡན་པའི་ཁར། གློ་སྙིང་ལ་ཕན་ཞིང་སྐོམ་གདུང་སེལ་བ་དང་། འཇུ་སླ་ཞིང་རྒྱུ་མར་ཡང་སྨན་པའི་ཕན་ནུས་ལྡན། ཡིན་ཡང་ཟ་བའི་དུས་སུ་གཤམ་གྱི་དོན་ཚན་ལྔ་ལ་མཉམ་འཇོག་བྱེད་དགོས་ཏེ།

1. ལུས་ཚ་རྒྱས་པའི་མིས་མང་པོ་ཟ་མི་རུང་།

ཁམ་བུ་ལ་དྲོད་གཤིས་ལྡན་པས། 《ཡུན་ནན་ལྷོ་ཕྱོགས་ཀྱི་སྔོ་སྨན》(滇南本草)ལས། “མང་དུ་བསྟེན་ཚེ་མཚེར་བར་ཚ་རྒྱས་ཏེ།། སྦས་པར་བྱེད་ཅིང་རྨ་འཛེར་འབུད་པ་ཡིན།།”ཞེས་པ་དང་། 《གནས་སྡོད་དང་བསྟུན་པའི་བཟའ་བཏུང་ཐོ་ཡིག》(随息居饮食谱)ལས་ཀྱང་། “མང་དུ་ཟོས་ན་ཚ་བ་རྒྱས་པ་དང་། གཉན་རྨ་འབུད་ཅིང་བཤལ་ནད་དང་རེག་དུག་ཕོག་པ་ཡིན།”ཞེས་བཀོད་ཡོད་པས། ལུས་ཚ་རྒྱས་པའི་མི་རྣམས་ཀྱིས་མང་པོ་ཟ་མི་རུང་བ་ཡིན་ལ། 《སྨན་གཞུང་སྟབས་བདེ་མ》(本经逢源)ལས། “མང་དུ་ཟོས་ན་ཕོ་ཚ་རྒྱས་ཤིང་ཕོ་བ་བཤལ་བ་ཡིན”ཞེས་བཀོད་ཡོད་པས། ལུས་ཚ་རྒྱས་ཤིང་ཕོ་བ་བཤལ་བའི་ནད་པས་མང་པོ་ཟ་མི་རུང་བ་ཡིན།

2. གཅིན་སྙི་ཟ་ཁུའི་ནད་པས་བསྟེན་པར་གཟབ་དགོས།

ཁམ་བུ་ནི་མངར་ཆ་འདུས་ཚད་ཉུང་བའི་སིལ་ཏོག་ཅིག་ཡིན། ཁྲག་མངར་དེ་རྒྱུན་ལྡན་གྱི་ཁྱབ་ཁོངས་སུ་ཚོད་འཛིན་བྱས་ཡོད་པའི་སྐབས་སུ། གཅིན་སྙི་ཟ་ཁུའི་ནད་པས་ཀྱང་ཁམ་བུ་ཟོས་ཆོག་ལ། རབ་ཡིན་ན་ཕྱེད་ཀ་ལས་བརྒལ་མི་རུང་། ཁྲག་མངར་ཚོད་འཛིན་བྱས་པ་དེ་ཙམ་མི་ལེགས་པའི་སྐབས་སུ། ནད་པས་བསྟེན་པར་གཟབ་དགོས་ཤིང་། རྡོ་ཀུབ་དང་ཀྲོ་མ་ཀྲུ་སོགས་ཁྲག་མངར་ཇེ་མཐོར་མི་གཏོང་བའི་སིལ་ཏོག་རིགས་བསྟེན་ཆོག་པ་ཡིན།

3. མ་སྨིན་པའི་ཁམ་བུ་ཟ་མི་རུང་།

ཞིབ་འཇུག་ལས་གསལ་བ་ལྟར་ན། མ་སྨིན་པའི་ཁམ་བུའི་ཁྲོད་དུ། སིལ་ཤ་དང་སིལ་སྙིང་གང་ཞིག་ཡིན་ཀྱང་ཁམ་འབྲས་ཁ་པོའི་ཀམ་ཟེར་བའི་དངོས་རྫས་རིགས་ཤིག་འདུས་ཡོད་པ་དང་། ཕོ་བར་སོང་རྗེས་ཁམ་འབྲས་ཁ་པོའི་མེལ་དང་ཕོ་སྐྱུར་གྱི་བྱེད་ནུས་འོག་ཏུ། ཆུ་གྲོལ་བྱུང་ནས་དུག་ལྡན་གྱི་ཆིང་སྐྱུར་ཆིན་ཕྱིར་གཏོང་བྱས་ཏེ། ཟ་མཁན་ལ་མགོ་ཡུ་འཁོར་བ་དང་སེམས་འཚུབ་པ། ཐང་ཆད་པ། ཚ་རྒྱས་པ། ཟས་ལ་ཡི་ག་མེད་པ། ཕོ་བ་བཤལ་བ་སོགས་ཀྱི་ནད་རྟགས་འབྱུང་བ་དང་། ཚབས་ཆེ་ན་དབང་རྩའི་ལྟེ་བར་གནོད་བསྐྱལ་ནས་དྲན་པ་ཉམས་པ་དང་འཁུམ་འདར་འབྱུང་ཞིང་། ཚེ་སྲོག་ལའང་ཉེན་ཁ་ཡོད།

4.ཚོར་ཐལ་འབྱུང་སླ་བའི་མིས་བསྟེན་པར་གཟབ་དགོས།

ཁམ་བུའི་ཕྱི་ཤུན་ལ་སྤུ་ཆུང་ཡོད་པས་ཚོར་ཐལ་བསྐྱེད་སླ་བ་ཡིན། ཁམ་བུ་མ་ཟོས་སྔོན་ལ་ཚྭ་ཕྱེ་ཡིས་ཁམ་བུའི་ཕྱི་ངོས་སུ་ཕུར་ཕུར་བྱེད་པ་དང་། དེའི་རྗེས་ཁམ་བུའི་སྤུ་ཆུང་རྣམས་ཆུ་ཡིས་བཀྲུ་བཤལ་བྱེད་ཆོག་པ་ཡིན། ཁམ་བུ་ཟ་དུས་ཁ་མཆུ་དམར་པོར་འགྱུར་བ་དང་པགས་པ་བུད་པ། ཟ་འཕྲུག་ལངས་པ་སོགས་བྱུང་ཚེ། མྱུར་དུ་ཟ་མཚམས་འཇོག་དགོས་ཤིང་། ཁ་དང་ལག་པ། ངོ་གདོང་བཅས་ལེགས་པོར་བཀྲུ་དགོས། གལ་ཏེ་མཆུ་དང་ཁ་འགྲམ། རྣ་འགྲམ། སྐེ་སོགས་སུ་ཐོར་དམར་དང་དམར་ཐིག ཐོར་སིབ་སོགས་བུད་པ་དང་། ལྷག་པར་དུ་སྐྲང་པའམ་ཕོ་བ་བཤལ་ཚེ་དུས་ལྟར་སྨན་པར་བསྟེན་དགོས།

5. ཁམ་འབྲས་རློན་པ་ཟ་མི་རུང་།

ཁམ་འབྲས་ནི་རྒྱུན་སྤྱོད་ཀྱི་ཀྲུང་སྨན་རིགས་ཤིག་ཡིན་རུང་། ཀྲུང་སྨན་ཁམ་འབྲས་ནི་ཐད་ཀར་དུ་ཁམ་བུ་ལས་བླངས་པ་མིན་པར། ལས་སྣོན་རབ་དང་རིམ་པ་བྱས་ཏེ། ཁམ་འབྲས་ཁྲོད་ཀྱི་ཁམ་འབྲས་ཁ་པོའི་ཀམ་མང་ཆེ་བར་གཏོར་བཅོམ་བཟོས་རྗེས་ད་གཟོད་སྨན་རྟ་རུ་སྤྱོད་པ་རེད། ཀྲུང་སྨན་གྱི་ཁམ་འབྲས་སྤྱོད་པར་སྨན་པའི་ཁ་ལ་མཉན་དགོས་པ་དང་། ཚད་དང་རན་པར་བསྟེན་ན་དུག་མི་ཕོག་པ་ཡིན་མོད། འོན་ཀྱང་ལས་སྣོན་མ་བྱས་པའི་ཁམ་འབྲས་ནི་ཟ་མི་རུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།