ཀྲུང་གོ་བོད་ཀྱི་དྲ་བ།

དབྱར་ཁར་ཟས་རིགས་འདི་གསུམ་རློན་པར་ཟོས་ན་ནད་རིགས་མང་པོ་ཞིག་འགོག་ཐུབ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དབྱར་ཁར་ཟས་རིགས་འདི་གསུམ་རློན་པར་ཟོས་ན་ནད་རིགས་མང་པོ་ཞིག་འགོག་ཐུབ།ཚ་གདུག་ཆེ་བའི་དབྱར་ཁར་མི་མང་པོ་ཞིག་ལ་ཡི་ག་ཆད་དེ་ཟ་མ་བཟའ་མི་འདོད་པའི་སྣང་ཚུལ་མང་པོ་འབྱུང་གིན་འདུག་པས། ཡི་ག་མེད་པའི་སྐབས་སུ་སྔོ་ཚོད་རློན་པ་ཟོས་ཏེ་ཡི་ག་འབྱེད་མཁན་ཧ་ཅང་མང་། རློན་པར་བཟའ་རུང་བའི་སྔོ་ཚོད་མང་མོད། འོན་ཀྱང་གཤམ་དུ་བརྗོད་ཡོད་པའི་སྔོ་ཚོད་འདི་གསུམ་རློན་པར་ཟོས་ན་འཚོ་རྒྱུ་རྒྱུན་སྲུང་བྱས་ཏེ་ནད་རིགས་སྣ་ཚོགས་སྔོན་འགོག་བྱེད་པར་ཕན།

གཅིག ལ་ཕུག་དཀར་པོ།

དབྱར་ཁར་ལ་ཕུག་དཀར་པོ་མང་དུ་བཟའ་དགོས།ལ་ཕུག་དཀར་པོའི་ནང་དུ་འཚོ་རྒྱུcམང་པོ་འདུས་པ་དང་།འཚོ་རྒྱུcཡིས་མདོག་རྒྱུ་ནག་པོ་གྲུབ་པར་ཚོད་འཛིན་ཐེབས་པས།ཚིལ་འགྱུར་འགོག་པ་དང་ཚིལ་ཁམ་རྫས་སྙིགས་ཀྱི་གསོག་ཚད་ཇེ་དམའ་རུ་གཏོང་ཐུབ། 

ལ་ཕུག་དཀར་པོར་ནུས་ཚད་དམའ་བས།རློན་པར་ཟོས་ན་རྒྱགས་སྣང་འབྱུང་སླ་བ་དང་ཚོ་བྱང་བར་ཕན་པ་རེད།ལ་ཕུག་དཀར་པོའི་ཁྲོད་ཀྱི་ཡུངས་སྣུམ་དང་བཟའ་བཅའི་ཚི་སྣ་ཡིས་ཕོ་རྒྱུའི་འགུལ་སྐྱོད་ལ་སྐུལ་འདེད་བཏང་སྟེ།རྙིང་ཚབ་གསར་བརྗེའི་སྙིགས་རོ་ཕྱིར་ཕུད་པ་ལ་བརྟེན་ནས་རྒྱུ་མར་གཙང་སྦྲ་བྱེད་ཐུབ།

ལ་ཕུག་དཀར་པོ་བརྔོས་ནས་ཟོས་ན་དེའི་ནང་གི་འཚོ་བཅུད་དངོས་པོ་དང་ཡུངས་སྣུམ་སོགས་ལ་གྱོང་གུན་ཐེབས་ངེས་པས།ལ་ཕུག་དཀར་པོ་ནི་རློན་པར་བཟའ་བར་འཚམ་པའི་ཟས་རིགས་ཤིག་ཡིན། ཡིན་ནའང་ཡུངས་སྣུམ་གྱིས་ཕོ་རྒྱུ་ལ་ཕོག་ཐུག་ངེས་ཅན་ཐེབས་སྲིད་པས།ཕོ་རྒྱུའི་བྱེད་ནུས་མི་བཟང་བའི་གྲོགས་པོ་རྣམས་ཀྱིས་ལ་ཕུག་དཀར་པོ་རློན་པར་ཟོས་ན་མི་བདེ་བའི་ཚོར་སྣང་འབྱུང་བའང་ཡོད་པས་མཉམ་འཇོག་བྱེད་དགོས།

གཉིས། སུར་པན་མངར་མོ།

འཚོ་རྒྱུCཡི་འདུས་ཚད་ཆེས་མཐོ་བའི་སྔོ་ཚོད་དང་སིལ་ཏོག་ཁྲོད།སུར་པན་མངར་མོ་ནི་ཨང་དང་པོ་ཡིན། དེའི་ནང་གི་འཚོ་རྒྱུCཡི་འདུས་ཚད་ནི་ཤིང་ཏོག་ཉིང་མེང་གི་ལྡབ5ནས6ཡིན།མདོག་ལྡན་སུར་པན་ཡང་སུར་པན་མངར་མོའི་རིགས་ཤིག་ཡིན་ཏེ། ཁ་དོག་མི་གཅིག་པའི་སུར་པན་རེ་རེར་སྐྱེ་དངོས་ཀྱི་མདོག་རྒྱུ་མི་འདྲ་བ་རེ་འདུས། 

འཚོ་རྒྱུCཡིས་ལུས་སྟེང་གི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་བ་དང་། གལ་ཏེ་འཚོ་རྒྱུCམ་འདང་ན།ལུས་ཀྱི་ཁྲག་རྩ་གཉོམ་ཞན་དུ་གྱུར་ཏེ། སོ་རྩ་ནས་ཁྲག་བཞུར་བ་དང་། པགས་འོག་འཆག་ཁྲ་དང་ཁའི་རལ་ཟགས་འབྱུང་བ། རྨ་ཁ་སོས་དཀའ་བ་སོགས་ཀྱི་གནས་ཚུལ་འབྱུང་ཞིང་། དེ་ལས་ཀྱང་མཉམ་འཇོག་དགོས་པ་ཞིག་ནི། དུས་ཡུན་རིང་པོར་འཚོ་རྒྱུCམ་འདང་ན། སྙིང་ནད་དང་གཅིན་སྙི་ཟ་ཁུའི་ནད། འབྲས་སྐྲན་སོགས་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་བ་རེད།འཚོ་རྒྱུCལ་བརྔོ་བའི་གོ་རིམ་ཁྲོད་དུ་གྱོང་གུན་ཐེབས་སླ་བས།སུར་པན་མངར་མོ་རློན་པར་ཟོས་ན་ད་གཟོད་འཚོ་བཅུད་རྒྱུན་སྲུང་བྱེད་ཐུབ་བོ།།

གསུམ། སྒོག་པ།

དབྱར་ཁ་ནི་ཚ་གདུག་ཆེ་བ་དང་མཁའ་དབུགས་ལ་བརླན་ཤས་ཆེ་བའི་དུས་ཡིན་པས་ནད་འབུ་འབྱུང་སླ་བ་རེད། སྒོག་པའི་ནང་དུ་སྒོག་རྒྱུ་ཟེར་བའི་ཡལ་སླ་བའི་དངོས་པོ་ཞིག་འདུས་ལ། དེས་ནད་འབུ་གསོད་པ་དང་ཚོད་འཛིན་བྱེད་ཐུབ། དེ་ལས་གཞན་སྒོག་པར་ད་རུང་སྐྲན་ནད་འགོག་པའི་ནུས་པའང་ངེས་ཅན་ཞིག་ལྡན།

སྒོག་པ་ཇི་ལྟར་ཟོས་ན་ད་གཟོད་སྒོག་རྒྱུ་རྒྱུན་སྲུང་བྱེད་ཐུབ་བམ་ཞེ་ན།

ཆེས་བཟང་བ་ནི་རློན་པར་བཟའ་དགོས།གལ་ཏེ་སྒོག་པ་བཙོས་ཏེ་ཟོས་ན་སྒོག་རྒྱུ་ཡལ་ཟིན་པ་རེད། སྒོག་པ་ཞིབ་མོར་རྡུང་ནས་སྐར་མ10ཙམ་ལ་བཞག་རྗེས་ད་གཟོད་བཟའ་དགོས། སྐབས་དེ་ནི་སྒོག་རྒྱུ་ཆེས་མང་བའི་དུས་ཡིན། 

དྲན་སྐུལ་བྱེད་དགོས་པ་ཞིག་ནི། སྒོག་པ་དང་སྒོག་རྒྱུ་གཉིས་མི་འདྲ་བས། ང་ཚོས་སྒོག་པ་དེ་སྤྱིར་བཏང་གི་ཟས་རིགས་བཞིན་ཚད་དང་རན་པར་བཟའ་བ་ལས་མང་པོ་བཟའ་མི་རུང་།མང་པོ་ཟོས་ན་ཕོ་རྒྱུ་ལ་ཕོག་ཐུག་བཟོ་ངེས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།