ཉི་མས་འཚིག་ན་གསོ་བཅོས་ཇི་ལྟར་བྱེད་དགོས་སམ།

ད་ནི་ཚ་གདུག་ཧ་ཅང་ཆེ་བའི་དུས་སྐབས་སུ་ཐོན་ཡོད་པས་སྨུག་ཕྱིའི་འོད་ཐིག་ཤིན་ཏུ་དྲག་པོ་ལྡན།དེ་བས་ཕྱི་རོལ་དུ་འགྲོ་སྐབས་ཉི་འོད་འགོག་པའི་བྱ་བ་ལེགས་པོར་མ་བསྒྲུབས་ཚེ། སྐྱི་པགས་ཀྱི་རྒས་འགྱུར་ཚད་ཇེ་མགྱོགས་སུ་འགྲོ་བར་མ་ཟད། སྐྱི་པགས་ལ་འཚིག་རྨས་བྱུང་ན། ད་དུང་པགས་སྐྲན་འབྱུང་བའི་ཉེན་ཁའང་ཧ་ཅང་ཆེ།

ཉི་མས་འཚིག་ན་པགས་སྐྲན་འབྱུང་བའི་རྒྱུ་མཚན་ཅི་ཡིན་ནམ།

སྐྱི་པགས་ཀྱི་འཚིག་རྨས་ནི་དུས་རིམ་གསུམ་དུ་དབྱེ་ཡོད་དེ།དུས་རིམ་དང་པོ་ནི་སྐྱི་པགས་དམར་པོར་འགྱུར་བ་དང་སྐྱི་པགས་སྟེང་གི་དྲོད་ཚད་ཇེ་མཐོར་འགྲོ་བའི་བར་སྐབས་དེ་ཡིན་ལ། དུས་རིམ་གཉིས་པ་ནི་སྐྱི་པགས་ལ་ཚ་ལམ་ལམ་བྱེད་པའི་སྣང་བ་འབྱུང་བར་མ་ཟད་ན་ཟུག་འབྱུང་ཞིང་།དུས་མཚུངས་སུ་དམ་དྲག་གི་ཚོར་བ་ཡོད་པ་དང་། དུས་རིམ་གསུམ་པ་ནི་སྐྱི་པགས་སྟེང་གི་ཤུན་པགས་ཕུད་པའོ།། སྐྱི་པགས་ལ་འཚིག་རྨས་བྱུང་རྗེས་མྱུར་དུ་གསོ་བཅོས་མ་བྱས་ན།ངོ་གདོང་ལ་ནག་ཐིག་འབྱུང་བར་མ་ཟད།སྐྱི་པགས་ཀྱི་ཚོར་བ་སྐྱེན་པོར་གྱུར་ཏེ།རྒས་གཉེར་འབྱུང་སླ་ཞིང་སྐྱི་པགས་ཀྱི་རྒས་འགྱུར་ཚད་ཇེ་མགྱོགས་སུ་འགྲོ་བ་རེད།ནང་སྒོས་སུ་ཁྱིམ་རྒྱུད་རང་བཞིན་གྱི་པགས་ནད་ཡོད་པའི་མི་ལ་མཚོན་ན།སྐྱི་པགས་ཡང་ནས་བསྐྱར་དུ་ཉི་མས་འཚིག་ན་པགས་སྐྲན་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེ།

ཉི་མས་འཚིག་ན་གསོ་བཅོས་ཇི་ལྟར་བྱེད་དགོས་སམ།

ཉི་མས་འཚིག་རྗེས་འཚིག་རྨས་ཕོག་སར་མྱུར་དུ་འོ་མ་འཁྱག་པ་གླན་དགོས།རྒྱུ་མཚན་ནི་འོ་མར་གཉན་ཚད་གཅོག་པའི་ནུས་པ་ཡོད་པར་མ་ཟད་ཚོར་ཐལ་ཡང་མི་འབྱུང་བས་ན། འཚིག་རྨས་གསོ་བཅོས་བྱེད་པར་ཕན་པ་ཆེན་པོ་ཡོད།བྱེ་བྲག་གི་བྱེད་ཐབས་ནི་འོ་མ་ཁུག་མ་གང་འཁྱག་སྒམ་ནང་བཞག་ནས་དུས་ཚོད་འགའ་འགོར་རྗེས།འོ་མ་དེ་སྣོད་ཆས་ཤིག་ཏུ་བླུགས་ནས་དེའི་ནང་དུ་སིང་རས་སོགས་སྦང་བ་དང་དེ་ནས་བཙུར་རྗེས།འཚིག་རྨས་བྱུང་བའི་སྐྱི་པགས་ཀྱི་སྟེང་དུ་གླན་དགོས།གལ་ཏེ་འཚིག་རྨས་བྱུང་བའི་གཞི་ཁྱོན་ཅུང་ཆེ་ན།ལག་ཕྱིས་འོ་མའི་ནང་དུ་སྦང་ནས་དུས་ཚོད་སྐར་མ་ལྔ་རེའི་ནང་རྨས་ཕོག་སར་གླན་པ་དང་།དེ་ལྟར་དུས་ཚོད་ཕྱེད་ཀའི་རིང་རྒྱུན་འཁྱོངས་བྱེད་དགོས་ལ།ཉིན་རེར་ཐེངས་གཉིས་ནས་གསུམ་དང་བསྟུད་མར་ཉིན་འགའ་ལ་རྒྱུན་འཁྱོངས་བྱས་ན་འཚིག་རྨས་གསོ་བཅོས་བྱེད་ཐུབ་བོ།།

དབྱར་ཁར་འཚིག་རྨས་མི་ཕོག་པའི་ཐད་ལ་ཡོ་བྱད་གང་དག་གྲ་སྒྲིག་བྱེད་དགོས་སམ།

ཉི་འགོག་བྱུགས་རྫས།

སྡོང་བསིལ་དུ་བྱ་འགུལ་སྤེལ་སྐབས་ཉི་འགོག་བསྡུར་གྲངས15ནས25བར་གྱི་ཉི་འགོག་བྱུགས་རྫས་བཀོལ་བ་དང་།ཉི་འོད་འོག་ཏུ་བྱ་འགུལ་སྤེལ་སྐབས།ཉི་འགོག་བསྡུར་གྲངས25ནས30ཡིན་པའི་ཉི་འགོག་བྱུགས་རྫས་བཀོལ་དགོས་ལ།གལ་ཏེ་མཐོ་སྒང་དང་གངས་རི།མཚོ་འགྲམ་སོགས་སུ་འགྲོ་ན། ཉི་འགོག་བསྡུར་གྲངས50ཡན་གྱི་ཉི་འགོག་བྱུགས་རྫས་འདེམ་པ་དང་།རྔུལ་ཆུ་བཞུར་སླ་བ་དང་ཆུར་རྐྱལ་མཁན་རྣམས་ཀྱིས་ཆུ་འགོག་རང་བཞིན་གྱི་ཉི་འགོག་བྱུགས་རྫས་འདེམ་དགོས། ཕྱི་རོལ་དུ་འགྲོ་ཁའི་དུས་ཚོད་ཕྱེད་ཀའི་སྔོན་ལ་བྱུག་དགོས་པ་དང་།དུས་ཡུན་རིང་པོར་ཕྱི་རོལ་དུ་འདུག་ན།དུས་ཚོད་གཉིས་ནས་གསུམ་གྱི་ནང་ཐེངས་རེར་བྱུག་དགོས།

ཉི་འགོག་ལྭ་བ།

UPFཡི་བསྡུར་གྲངས30ལས་ཆེ་བར་མ་ཟདUPFབརྟོལ་ཚད5%ལས་དམའ་བའི་ཉི་འགོག་ལྭ་བ་འདེམ་དགོས།UPFབརྟོལ་ཚད5%ལས་དམའ་ན་ད་གཟོད་ཉི་འགོག་ལྭ་བ་སྤུས་ལེགས་ཅན་ཡིན་པས་སྨུག་ཕྱིའི་འོད་ཐིག་འགོག་ཐུབ་པ་རེད། གང་ཐུབ་ཀྱིས་ཚི་སྣའི་རྒྱུ་ཆ་ཅན་གྱི་ཁ་དོག་མཛེས་ཤིང་ཚགས་དམ་པའི་ལྭ་བ་ཅུང་མཐུག་པོ་འདེམ་དགོས།

ཉི་གདུགས།

ཉི་གདུགས་ཀྱི་སྨུག་ཕྱིའི་འོད་ཐིག་གི་རྒྱུ་འཕྲོ་ཚད40ལས་མཐོ་བ་དང་། UVAཡི་བརྟོལ་ཚད5%ལས་དམའ་བའི་གདུགས་འདེམ་དགོས།དེ་ལྟར་བྱས་ན་ད་གཟོད་སྨུག་ཕྱིའི་འོད་ཐིག་འགོག་ཐུབ། རས་ཀྱི་སྟུག་ཚད་ཅུང་མཐོ་ལ་སྟེང་དུ་མདོག་ནག་པོ་བྱུགས་ཡོད་པའི་གདུགས་ཀྱི་ཉི་འགོག་ནུས་པ་ཅུང་མཐོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།