ཐོབ་ཐང་ལག་ཁྱེར་བོར་སོང་ན་ས་གནས་གཞན་ནས་བསྐྱར་ལེན་བྱ་ཆོག་གམ།

ཉེ་ལམ། ཀློག་པ་པོ་ཞའོ་ཀྲང་གིས་ཁོ་རང་སུའུ་ཀྲོའུ་རུ་སློབ་གྲྭར་འགྲིམ་བཞིན་ཡོད་ལ། སྟབས་མ་ལེགས་པར་ཐོབ་ཐང་ལག་ཁྱེར་བོར་སོང་། ཟི་ལིང་གི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཞིང་ཆེན་ཕྱི་རུ་བོར་རྗེས་ས་ཆ་དེ་རུ་བསྐྱར་ལེན་བྱེད་ཐུབ་བམ་ཞེས་བློ་འདྲི་བྱས་དོན།

ཟླ6པའི་ཚེས22ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འབྲེལ་ཡོད་ལས་བྱེད་མི་སྣར་བློ་འདྲི་བྱས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུན་རིང་བོར་ཕྱི་རུ་ལས་ཀ་གཉེར་བ་དང་། སློབ་སྦྱོང་བྱེད་པ། འཚོ་བ་རོལ་བའི་མང་ཚོགས་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཚོད་ལོངས་བ་དང་བོར་སོང་ན་ཕྱིར་ཁྱིམ་ཐོ་ཡོད་སའི་གནས་སུ་བསྐྱར་ལེན་བྱེད་དུ་སོང་ན་སྟབས་བདེ་མིན་པ་མ་ཟད། ད་དུང་མི་གཞན་གྱིས་གཡོ་འོག་ཏུ་ཚུད་པའི་ཉེན་ཁ་སོགས་ཡོད་པས། སྔར་ལས་ལྷག་པར་གྲོང་མིའི་ཐོབ་ཐང་ལག་ཁྱེར་བཀོལ་སྤྱོད་བྱེད་པར་བདེ་འཇགས་བྱེད་ཆེད། སྤྱི་བདེ་པུའུ་ཡིས《སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་ཞིང་ཆེན་ཕྱི་རུ་བོར་སོང་བར་ཐོ་འགོད་རེ་ཞུ་དང་བསྐྱར་ལེན་བྱེད་པར་བརྡ་ཐོ་གཏོང་བའི་ལམ་ལུགས་བཟོ་པའི་སྐོར་གྱི་བསམ་འཆར》འགྲེམ་སྤེལ་བྱས།

སྤྱི་བདེ་པུའུ་ཡིས་སྤྱི་དམངས་ཀྱིས་ཞིང་ཆེན་ཕྱི་རུ་ཐོབ་ཐང་ལག་ཁྱེར་བརྗེ་བ་དང་བསྐྱར་ལེན། བོར་བརླག་ཐོ་འགོད་བཅས་བྱས་ཆོག་པ་མ་ཟད། རྒྱུན་སྡོད་ཁྱིམ་ཐོ་ཡོད་ས་ནས་བྲལ་ཏེ་ཞིང་ཆེན་ཕྱི་རུ་ཁྲིམས་མཐུན་གྱིས་ལས་ཀར་ཞུགས་པ་དང་། སློབ་སྦྱོང་བྱེད་པ། འཚོ་སྡོད་བྱེད་པ་བཅས་སྤྱི་དམངས་ཀྱིས་རང་ཉིད་སྡོད་སའི་སྤྱི་བདེ་ལས་ཁུངས་ཏུ་སོང་ནས། གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་དང་བསྐྱར་ལེན་རེ་ཞུ་བརྒྱབ་ནས་ཐོབ་ཐང་ལེག་ཁྱེར་ལེན་ཆོག་པའི་དྲན་སྐུལ་བྱས། 

གཞན་ཡང་། ཐོབ་ཐང་ལག་ཁྱེར་བོར་རྗེས་གྲོང་མིའི་འགྲོ་འདུག་སྐྱོད་གསུམ་ལ་སྟབས་བདེ་སྐྲུན་ཆེད། ཐོབ་ཐང་ལག་ཁྱེར་བོར་སོང་བ་དང་རྐུ་བ། ཡང་ན་འཁྱེར་རྒྱུ་བརྗེད་པ་སོགས་གནམ་གྲུར་དང་མེ་འཁོར་། མགྲོན་ཁང་བཅས་གང་རུང་དུ་སྡོད་དགོས་ཚེ། གནམ་གྲུ་ཐང་དང་། མེ་འཁོར་ས་ཚུགས་མངགས་གཏོང་ཁང་། མགྲོན་ཁང་ཁོངས་གཏོགས་མངགས་གཏོང་ཁང་བཅས་ཀྱིས་རྒྱལ་ཡོངས་མི་འབོར་ཆ་འཕྲིན་མ་ལག་ཏུ་ཞིབ་བཤེར་བྱས་ནས་ཆོག་མཆན་ཐོབ་རྗེས། དུས་ཐོག་ཏུ་སྐུ་མགྲོན་ལ་གནས་སྐབས་ཀྱི་ཐོབ་ཐང་ལག་ཁྱེར་སྒྲུབ་པ་དང་། ཐེངས་དེའི་གནམ་གྲུ་དང་མེ་འཁོར། མགྲོན་ཁང་བཅས་སུ་སྡོད་ཐུབ་པར་འགན་སྲུང་དང་སྟབས་བདེ་སྐྲུན་ཡོད་པ་རེད།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།