ཀྲུང་གོ་བོད་ཀྱི་དྲ་བ།

སློབ་སྦྱོང་གི་གནོན་ཤུགས་ཇི་ལྟར་སེལ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྲོ་སྣང་གིས་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གི་གནོན་ཤུགས་ལ་ཧུར་ཐག་གིས་ཁ་གཏད་དགོས།

སློབ་སྦྱོང་ནི་སྤྲོ་སྣང་དང་བདེ་སྐྱིད་ལྡན་པ་ཞིག་ཡིན་མོད། སློབ་སྦྱོང་དང་འཚོ་བའི་ཁྲོད་དུ་གནོན་ཤུགས་ཀྱང་འབྱུང་སྲིད། གནོན་ཤུགས་ཆེ་དྲགས་པའི་རྒྱུ་རྐྱེན་ལས་གཅིག་ནི་རང་ངོས་ཀྱི་རྒྱུ་རྐྱེན་ཡིན་ཏེ། དཔེར་ན། ཐོབ་ཤོར་ལ་དོ་སྣང་ཆེན་པོ་བྱེད་པ་དང་རང་ཉིད་ལ་རེ་བ་མཐོ་དྲགས་པ། རྒྱུགས་ལེན་གྱི་གྲ་སྒྲིག་ཡག་པོ་མ་བྱུང་བ། གྲུབ་འབྲས་དང་ཨང་རིམ་ལ་དོ་སྣང་ཆེན་པོ་བྱེད་པ་སོགས་ལྟ་བུ། གཉིས་ནི་ཕྱི་རོལ་གྱི་རྒྱུ་རྐྱེན་ཏེ། དཔེར་ན། སློབ་སྦྱོང་གི་ཁུར་པོ་ལྕི་དྲགས་པ་དང་། ཕ་མའི་རེ་བ་མཐོ་དྲགས་པ། སློབ་སྦྱོང་དང་རྒྱུགས་ལེན་གྱི་འགྲན་རྩོད་ཛ་དྲག་ཡིན་པ་སོགས་རེད།

གནོན་ཤུགས་ལ་དེ་འདྲའི་སྐྲག་དོན་མེད་དེ། གཙོ་བོ་གནོན་ཤུགས་ལ་ལྟ་སྟངས་ཅི་ལྟ་བུ་འཛིན་པའི་རྣམ་འགྱུར་ལ་ཐུག་ཡོད། འོས་ཤིང་འཚམ་པའི་གནོན་ཤུགས་ཡིན་ན་མིའི་འཕྲོད་ནུས་སྦྱོང་བརྡར་དང་།མིའི་སེམས་ཤུགས་སྦྱོང་བརྡར།མི་འཚར་ལོངས་འབྱུང་བར་སྐུལ་སྤེལ་བཅས་བྱེད་ཐུབ་པས།སློབ་སྦྱོང་གི་ཕྱོགས་ནས་གནོན་ཤུགས་འོས་འཚམ་ཐེག་ཐུབ་པར་བྱ་རྒྱུ་ནི་སྤྲོ་སྣང་གིས་སློབ་སྦྱོང་བྱེད་པའི་ཕྱོགས་གཙོ་བོ་ཞིག་དང་འཚོ་བའི་ཆ་ཤས་ཤིག་ཡིན།

རྒྱུགས་སྤྲོད་ཀྱི་སེམས་ཁྲལ་ཁྱད་གསོད་བྱས་ཏེ་སློབ་སྦྱོང་གི་གནོན་ཤུགས་སེལ་བར་བྱེད་དགོས།

བརྟག་དཔྱད་བྱས་པར་གཞིགས་ན། སློབ་འབྲིང་སློབ་མ10%ཡིས་ཡིག་རྒྱུགས་སྤྲོད་པར་ཚད་གཞི་མི་འདྲ་བའི་སེམས་ཁྲལ་བྱེད་པ་དང་།ལྷག་པར་དུ་སློབ་སྦྱོང་གི་རྨང་གཞི་ཅུང་ཞན་པ་དང་། ཁ་གྲག་རྒྱུར་མི་དགའ་བ། སློབ་སྦྱོང་བྱེད་ཐབས་སྟབས་བསྟུན་མིན་པ།རྒྱུགས་མ་བླངས་པའི་སྔོན་དུ་བསྐྱར་སྦྱོང་ཡག་པོ་མ་བྱས་པ།རང་ཉིད་ལ་རེ་བ་བཅོལ་ཚད་མཐོ་དྲགས་པ་བཅས་ཀྱི་སློབ་མས་ཡིག་རྒྱུགས་ལེན་པར་སེམས་ཁྲལ་བྱེད་སླ།

སྤྱིར་བཏང་དུ་བཤད་ན། སེམས་ཁྲལ་འབྱུང་བའི་རྒྱུ་རྐྱེན་ལ་ཕྱོགས་གཉིས་ཡོད་དེ། ཕྱི་རོལ་ཡུལ་ནས་བཤད་ན་ཁྱིམ་བདག་དང་སྤྱི་ཚོགས་ཀྱི་རེ་བ་དང་། སློབ་གྲོགས་བར་གྱི་འགྲན་རྩོད་དྲག་པོ། གླེང་ཕྱོགས་ཀྱི་གནོན་ཤུགས་བཅས་ལས་བྱུང་བ་རེད། རང་ངོས་ནས་བཤད་ན།རང་སྟེང་གི་རྒྱུགས་འབྲས་ཕམ་པའི་མཇུག་འབྲས་ལ་དོ་སྣང་ཆེན་པོ་བྱས་པ་ལས་བྱུང་བ་རེད།

རྒྱུགས་སྤྲོད་ཀྱི་སེམས་ཁྲལ་སེལ་བར་སློབ་སྦྱོང་དང་རྒྱུགས་ལེན།སྐར་གྲངས་བཅས་ལ་ངོས་འཛིན་ཡང་དག་དང་ལྟ་སྟངས་ཡང་དག་བཟུང་ནས་སློབ་སྦྱོང་དང་འཚོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་།རྒྱུགས་སྤྲོད་པར་ཞི་དུལ་གྱི་སེམས་ཁམས་ཡོད་དགོས།

རང་གིས་རང་ལ་སེམས་གསོ་བྱེད་པ། སྐབས་འགར། རྒྱུགས་སྤྲོད་པར་སྐྲག་པའི་སེམས་ཁམས་དེས་རྒྱུགས་སྤྲོད་པ་ལས་ཀྱང་རང་ཉིད་ཕམ་པར་གཏོང་སླ་བ་རེད། “ངས་རྒྱུགས་འབྲས་ཡག་པོ་ལེན་མི་ཐུབ་ཁོ་ཐག་རེད”“ངས་རྒྱུགས་འབྲས་ཡག་པོ་ལེན་མ་ཐུབ་ན་ཅི་ཞིག་བྱེད”ལྟ་བུའི་སེམས་ཁམས་ཀྱིས་རང་གིས་རང་ལ་འཇིགས་སྣང་དང་རང་དམན་དང་སེམས་ཁྲལ་བཅས་ཁྱེར་ཡོང་བ་རེད། དེ་ལས་ལྡོག་སྟེ་རང་གིས་རང་ལ་སེམས་གསོ་བྱེད་ཆོག་པ་སྟེ། དཔེར་ན།“ངའི་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་དུས་སུ་སླེབས་བྱུང”“ཧ་ཅང་ཡག་པོ་འདུག ངའི་འཇོན་ཐང་མངོན་པའི་གོ་སྐབས་ཐོན་སོང”ཞེས་བཤད་ན་ཕན་འབྲས་ཐོན་གྱིན་ཡོད།

སློབ་སྦྱོང་ནན་ཏན་དང་གྲ་སྒྲིག་གང་ལེགས་བྱེད་དགོས།

 རྒྱུགས་སྤྲོད་པའི་སེམས་ཁྲལ་ནི་རྒྱུགས་ལེན་ལ་ཡིད་ཆེས་མེད་པའི་རྐྱེན་གྱིས་རེད། སློབ་སྦྱོང་གི་འཆར་གཞི་འོས་འཚམ་བཟོས་ནས་སློབ་སྦྱོང་གི་དམིགས་འབེན་རིམ་བཞིན་མངོན་འགྱུར་བྱེད་དགོས་པ་སྟེ།ཉིན་རེར་སློབ་སྦྱོང་གི་ལས་འགན་ངེས་ཅན་ཞིག་ལེགས་འགྲུབ་བྱེད་དགོས་པ་དང་།དཀའ་གནད་ངེས་ཅན་ཞིག་ཐག་གཅོད་བྱེད་དགོས་ཤིང་།རྒྱུགས་ལེན་གྱི་ནང་དོན་གསལ་པོར་རྟོགས་ཚེ་སེམས་སུ་སྔར་ལས་གདེང་ཚོད་ཡོད་པར་འགྱུར་བ་རེད། རང་ཉིད་ཡར་རྒྱས་ཕྱིན་པ་མཐོང་སྐབས་ཡིད་ཆེས་དང་བློ་སྟོབས་ཆེ་རུ་འགྲོ་བར་ཕན་པ་ཡོད།

དགེ་མཚན་ལྡན་པའི་བྱ་སྤྱོད། སྔ་མོ་ནས་རྒྱུགས་རར་སོང་སྟེ། རྒྱུགས་ལེན་གྱི་ཁོར་ཡུག་ལ་རྒྱུས་མངའ་ཡོད་པའི་སྒོ་ནས་མགྱོགས་མྱུར་གྱིས་ལས་གནས་སུ་ཞུགས་དགོས། རྒྱུགས་ཤོག་མ་བྱིན་གོང་མིག་བཙུམ་ནས་དབུགས་རིང་གཏོང་ལེན་དང་། སེམས་ལྷོད་ལ་བབས་རྗེས་རྒྱུགས་ཤོག་བླངས་ནས་ལན་འདེབས་དགོས་པའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།