ཀྲུང་གོ་བོད་ཀྱི་དྲ་བ།

ལྗིད་འདེགས་སྦྱངས་ན་གཟུགས་པོ་སྐྱེས་པར་གནོད་པ་ཐེབས་སམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚང་མས་ཤེས་གསལ་ལྟར། མི་ནི་གཙོ་བོ་བྱིས་དུས་དང་། ལོ་ཆུང་གཞོན་ནུའི་སྐབས་སུ་རུས་པ་སྙི་མོ་དེའི་རིགས་རིམ་བཞིན་སྲ་མོར་གྱུར་ནས་གཟུགས་པོ་འཚར་ལོངས་འབྱུང་གིན་ཡོད། དཔེར་ན། རྗེ་ངར་རུས་པའི་ཕྱོགས་གཉིས་རུས་པ་སྙི་མོས་གཡོགས་པ་དེ་ལ་ཕྲུམ་རུས་ཟེར་བ་དང་། ཕྲུམ་རུས་ཀྱི་ཕྲ་ཕུང་ལ་རྒྱུན་ཆད་མེད་པར་སེར་ཁ་གས་པ་ལས་རུས་པ་སྙི་མོ་སྐྱེས་པ་དང་དེ་ནས་བསྟུད་མར་སྲ་མོར་འགྱུར་བཞིན་ཡོད། རུས་པ་དེ་ལྟར་ཕྱོགས་གཉིས་སུ་སྐྱེས་བཞིན་ཡོད་པས་གཟུགས་པོ་ཇེ་རིང་ནས་ཇེ་རིང་དུ་འགྲོ་ལ། དུས་མཚུངས་སུ་རུས་སྐྱི་འོག་གི་རུས་གྲུབ་ཕྲ་ཕུང་ཡང་རྒྱུན་མི་ཆད་པར་ཁ་གྱེས་ཏེ་རུས་པ་སྦོམ་པོར་འགྱུར་བ་རེད།

ལུས་རྩལ་སྦྱོང་བརྡར་བྱས་ན་གཞོན་ནུ་ལོ་ཆུང་རྣམས་ལ་གཟུགས་སྐྱེས་པར་ཕན་པ་ཆེན་པོ་ཡོད། གལ་ཏེ་ན་གཞོན་དང་གཞོན་ནུའི་དུས་སུ་ལུས་རྩལ་སྦྱོང་བརྡར་བྱས་ན། ཁྲག་གི་འཁོར་རྒྱུག་ཇེ་མགྱོགས་སུ་བཏང་སྟེ་རུས་པའི་ཕུང་གྲུབ་ལ་འཚོ་བཅུད་ལེགས་པོ་ཐོབ་ཐུབ་པ་དང་། ཕྲུམ་རུས་ཀྱི་ཕྲ་ཕུང་ཁ་གྱེས་པའི་ནུས་པ་དང་རུས་སྐྱི་འོག་ཏུ་རུས་པའི་ཕྲ་ཕུང་གི་ཁ་གྱེས་པའི་ནུས་པ་ཇེ་ཆེར་སོང་ནས། རུས་པ་སྔར་ལས་རིང་ཞིང་སྦོམ་པོར་འགྱུར་བ་ལ་བརྟེན་ནས་གཟུགས་པོ་ཇེ་རིང་དང་ཇེ་ཆེར་འགྲོ་བ་རེད། ལོ་ཚོད་འདྲ་བའི་གཞོན་ནུ་ལོ་ཆུང་གཉིས་ལ་མཚོན་ནའང་རྒྱུན་དུ་ལུས་སྦྱོང་བྱས་པའི་གཞོན་ནུ་དེའི་གཟུགས་གི་རིང་ཚད་དེ་འགུལ་སྐྱོད་ཉུང་བའི་གཞོན་ནུ་དེ་ལས་ལི་སྨི4ནས་ལི་སྨི10ཡིས་མཐོ་བ་རེད།

མི་མང་པོ་ཞིག་གིས་ལྗིད་འདེགས་སྦྱངས་ན་གཟུགས་སྐྱེས་པར་ཤུགས་རྐྱེན་ཐེབས་པར་འདོད་ཀྱིན་ཡོད། དོན་དངོས་སུ་ལྗིད་འདེགས་འདུས་པའི་རྒྱུན་ལྡན་གྱི་ལུས་རྩལ་སྦྱོང་བརྡར་གང་ཞིག་ཡིན་རུང་མིའི་གཟུགས་བོང་ཇེ་ཆེ་དང་ཇེ་རྒྱས་སུ་འགྲོ་བ་ལས་ཇེ་ཆུང་དུ་འགྲོ་མི་སྲིད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།