ཀྲུང་གོ་བོད་ཀྱི་དྲ་བ།

མིག་འབྲུམ་ནི་ཅི་ཞིག་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མིག་འབྲུམ་ནི་དལ་གཤིས་འགོ་ནད་ཅིག་ཡིན་ལ། ནད་རྒྱུ་མུ་མཐུད་དེ་བསྐྱེད་པ་དང་མཉམ་དུ་ནད་གཞིའང་ཇེ་ལྗིད་ནས་ཇེ་ལྗིད་དུ་འགྲོ་བ་རེད། མིག་འབྲུམ་བྱུང་རྗེས་མིག་སྐྱག་ཇེ་མང་དུ་འགྲོ་བ་དང་། མིག་སྐམ་ཞིང་ཟ་འཕྲུག་ལངས་པར་མ་ཟད། བསེར་ཁ་ནས་མིག་ཆུ་བཞུར་བ་སོགས་ཀྱི་ནད་རྟགས་མངོན་པ་རེད། མིག་འབྲུམ་ནི་མཆེད་ཚད་ཧ་ཅང་མྱུར་བའི་མིག་ནད་ཅིག་ཡིན་པས། ང་ཚོར་ངེས་པར་དུ་གཙང་སྦྲར་དགའ་བའི་གོམས་གཤིས་བཟང་པོ་ཞིག་ཡོད་དགོས། ལག་པ་མི་གཙང་བས་མིག་མི་འཕུར་བ་དང་གཞན་གྱི་ལག་ཕྱིས་ཀྱིས་རང་གི་མིག་མི་ཕྱི་བ། ཆུར་རྐྱལ་རྗེས་སྨན་ལྡུག་པ་སོགས་བྱེད་དགོས། །

མིག་འབྲས་ལ་གྲང་རྒྱུ་མེད་པའི་རྒྱུ་མཚན་ཅི།

མིའི་མིག་འབྲས་ནི་གྲང་རྒྱུ་མེད་པ་ཞིག་ཡིན། མིག་འབྲས་ཀྱི་དབང་རྩའི་སྣེ་མོ་ཧ་ཅང་དར་ཆེ་ཞིང་། དབང་རྩ་དེར་ན་ཚོར་དང་རེག་ཚོར་མ་གཏོགས་མེད་པས། གྲང་ངར་ཚོར་མི་ཐུབ། མིག་འབྲས་ཀྱི་མདུན་ངོས་ན་ཡོད་པ་ནི་ཁྲག་རྩ་མེད་པའི་སྐྱི་མོ་ཕྱི་གསལ་ནང་གསལ་ཅན་ཞིག་ཡིན། དེས་དྲོད་ཕྱིར་གཏོང་བྱེད་ཚད་ཉུང་ཞིང་དལ་བ་ཡིན་པས། ནམ་ཟླ་ཅི་འདྲའི་འཁྱགས་ནའང་མིག་འབྲས་ཀྱིས་གྲང་ངར་མི་ཚོར་བ་ཡིན། །

དཔེ་ཆར་བལྟ་དུས་མིག་དང་དཔེ་ཆའི་བར་ལ་བར་ཐག་ངེས་ཅན་ཞིག་ཡོད་དགོས་པའི་རྒྱུ་མཚན་ཅི།

མིའི་མིག་འབྲས་ལ་སྙོམ་སྒྲིག་བྱེད་པའི་ནུས་པ་ལྡན་པས་ཐག་ཉེ་ས་ནས་དཔེ་ཆར་བལྟས་ན་མིག་འབྲས་ཅུང་ཙམ་འབུར་བ་དང་། ཐག་རིང་ས་ནས་དཔེ་ཆར་བལྟས་ན་མིག་འབྲས་འབུར་ཚད་ཇེ་ཆུང་དུ་འགྲོ་བ་རེད། གལ་ཏེ་དཔེ་ཆར་བལྟ་དུས་མིག་དང་དཔེ་ཆའི་བར་ཐག་ཉེ་དྲགས་ན་མིག་འབྲས་ཕྱིར་འབུར་སྲིད། དུས་ཡུན་རིང་པོར་དེ་ལྟར་དཔེ་ཆར་བལྟས་ན་མིག་འབྲས་ཀྱི་སྙོམ་སྒྲིག་ནུས་པ་ཇེ་ཞན་དུ་སོང་ནས་རྒྱང་སྒྲིབ་མིག་ནད་འབྱུང་བ་རེད། །

མགོ་བཏུམས་ནས་གཉིད་ན་མི་ལེགས་པའི་རྒྱུ་མཚན་ཅི།

མི་སུ་ཞིག་ཡིན་རུང་དབྱང་དབུགས་གསར་པ་དང་ཁ་འབྲལ་ཐབས་མེད། གཉིད་པའི་སྐབས་སུའང་དབུགས་འབྱིན་ཞིང་རྔུབ་བཞིན་ཡོད། གལ་ཏེ་ཉལ་ཐུལ་གྱིས་མགོ་བཏུམས་ནས་གཉིད་ན་མཁའ་དབུགས་གསར་པ་ཉལ་ཐུལ་ནང་རྒྱུ་མི་ཐུབ་པས། དབྱང་དབུགས་གསར་པ་རྔུབ་ཚད་ཇེ་ཉུང་དུ་འགྱུར་བ་དང་། ཉལ་ཐུལ་ནང་གི་དབྱང་གཉིས་ཐཱན་འགྱུར་ཇེ་མང་ནས་ཇེ་མང་དུ་འགྱུར་བ་རེད། དུས་ཡུན་རིང་པོར་མཁའ་དབུགས་རྫོབ་པོ་དེ་བརྔུབས་ན་ལུས་ཀྱི་དོན་ལྔ་སྣོད་དྲུག་ལ་གནོད་པ་འབྱུང་ཁོ་ཐག་ཡིན། །

དུས་རྒྱུན་རྣ་ས་ལེན་པ་ནི་གོམས་སྲོལ་ལེགས་པོ་ཞིག་མིན་པའི་རྒྱུ་མཚན་ཅི།

དུས་རྒྱུན་རྣ་ས་ལེན་པ་ནི་གོམས་སྲོལ་ངན་པ་ཞིག་ཡིན། རྒྱུ་མཚན་ནི་རྣ་ས་ལ་རྣ་ཅོག་སྲུང་སྐྱོབ་བྱེད་པའི་ནུས་པ་ཡོད།རྣ་ནང་དུ་སྟབས་མ་ལེགས་པར་སྲིན་འབུའི་རིགས་འཛུལ་ཏེ་བཀག་འགོག་མེད་པར་ཐད་ཀར་རྣ་བའི་ཕུགས་སུ་འཛུལ་ན། དེས་སྒྲ་འཛིན་གྱི་སྐྱི་མོ་ལ་གནོད་སྐྱེལ་བས་རྣ་ཤེས་ལ་གནོད་པ་ཡོད།རྣ་ནང་དུ་རྣ་ས་ཡོད་ཚེ་དེར་དྲི་ངན་ཞིག་བྲོ་བས་སྲིན་འབུ་སོགས་རྣ་ནང་དུ་འཛུལ་ན་ཡང་རྣ་ས་ལ་ཐུག་མ་ཐག་དྲི་ངན་དེའི་དབང་གིས་ཕྱིར་ཡོང་བ་རེད། །

མིར་དངངས་སྐྲག་སྐྱེས་ན་རྔུལ་ཆུ་བཞུར་བའི་རྒྱུ་མཚན་ཅི།

ང་ཚོར་གློ་བུར་དུ་དངངས་སྐྲག་སྐྱེས་ན་རང་དབང་མེད་པར་རྔུལ་ཆུ་བཞུར་བ་རེད། དེ་ནི་རྒྱུན་ལྡན་གྱི་ལུས་ཁམས་སྣང་ཚུལ་ཞིག་ཡིན།

མིའི་དབང་རྩའི་མ་ལག་ནི་དབང་རྩའི་ལྟེ་བ་དང་ཉེ་འཁོར་གྱི་དབང་རྩའི་མ་ལག་གིས་གྲུབ་པ་དང་། ནང་ཁོག་དབང་རྩ་རུ་ཚོར་དབང་དང་ཚོར་དབང་ཕལ་བ་བཅས་ཡོད་པས། གལ་ཏེ་ཚོར་དབང་ལ་ངར་ལངས་ན་སྙིང་གི་ལྡིང་ཚད་ཇེ་མགྱོགས་དང་འཕར་རྩ་ཆུང་བ་སྐུམ་པ།ཕྱིའི་ཁྲག་རྩའི་འགོ་ཤུགས་ཇེ་ཆེར་སོང་ནས་ཁྲག་གི་འཁོར་རྒྱུག་ཇེ་ཉུང་དུ་འགྲོ་ངེས་རེད།དེས་མི་ཚད་ད་རུང་མཁལ་མགོའི་རྨེན་རྩ་དང་རྔུལ་ཐོན་རྨེན་རྩའི་ཟགས་ཐོན་ཇེ་མང་དུ་འགྲོ་བས། མིར་གློ་བུར་དུ་དངངས་སྐྲག་སྐྱེས་ན་ངོ་མདོག་སྐྱ་བོར་གྱུར་ནས་རྔུལ་ཆུ་བཞུར་བ་རེད། །

སྨིན་མ་ཇེ་རིང་དུ་མི་འགྲོ་བའི་རྒྱུ་མཚན་ཅི།

བཞར་ཟིན་པའི་སྐྲ་ལོ་སླར་ཡང་སྐྱེས་ཏེ་ཡང་ནས་བསྐྱར་དུ་གཞར་དགོས་པ་ཀུན་གྱིས་ཤེས་མོད། འོན་ཀྱང་སྨིན་མ་མ་བྲེགས་ནའང་རིང་པོ་ཞིག་མི་སྐྱེ་བའི་རྒྱུ་མཚན་ཅི་ཡིན་ནམ། སྐྲའི་སྐྱེ་ཚད་ནི་སྐྲ་རྟིང་གི་བུ་གའི་ཆེ་ཆུང་དང་དབྱིབས་ཚུགས་ལ་རག་ལས་པ་དང་།སྐྲའི་སྐྱེ་ཚད་ལ་སྐྱེ་ཡུན་ངེས་ཅན་ཞིག་ཡོད། ལོ་ཚོད་དང་སྐྱེ་ཚད་ངེས་ཅན་ཞིག་ལ་སླེབས་ཚེ་མགོ་སྐྲ་རང་ཤུགས་སུ་སྐྱེས་མཚམས་བཞག་སྟེ་ལྷུང་བ་དང་། དེའི་ཤུལ་ནས་ཡང་བསྐྱར་སྐྲ་སོ་མ་སྐྱེས་ངེས་ཡིན། མིའི་ལུས་སྟེང་གི་སྐྲ་སྤུ་སྐྱེ་གནས་མི་འདྲ་བའི་དབང་གིས་སྐྲ་སྐྱེ་ཚད་ཀྱང་མི་འདྲ། སྐྲ་སྤུ་སྐྱེ་གནས་སོ་སོའི་སྤུ་རྟིང་ལ་རང་རང་ལ་འཚམ་པའི་བུ་ག་རེ་ཡོད་ལ། བུ་ག་དེ་དག་གི་སྐྱེ་ཡུན་ཡང་གཅིག་མཚུངས་མིན། སྨིན་མའི་སྤུ་རྟིང་གི་བུ་ག་དེ་སྐྲའི་སྐྱེ་གནས་ལས་ཞན་པས་ན། སྨིན་མ་སྐྱེས་ཏེ་ཚད་ངེས་ཅན་ཞིག་ལ་སླེབས་ཚེ་སྐྱེ་མཚམས་འཇོག་པ་རེད། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།