ཀྲུང་གོ་བོད་ཀྱི་དྲ་བ།

འཚོ་བ་འཛུམ་གྱིས་བསུས་ན་ད་གཟོད་བདེ་སྐྱིད་མཐོང་ཐུབ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཚོ་བའི་ཁྲོད།མི་མང་པོ་ཞིག་ལ་ཚོར་བ་འདི་འདྲ་བྱུང་མྱོང་ཡོད་པ་སྟེ།བྱུང་ཟིན་པའི་དོན་དག་གང་ཞིག་ལ་ཡིད་ཕམ་པའམ་ཡང་ན་ནོར་ཟིན་པའི་བྱ་བ་གང་ཞིག་ལ་ནོངས་འགྱོད་ཀྱིས་མ་བཟོད་པར།གལ་ཏེ་ངས“བློ་གཅིག་སེམས་གཅིག་གིས་བརྩེ་དུང་དེ་ལ་བརྩི་བཀུར་བྱས་ཡོད་རྒྱུ་ན”ཞེས་པ་དང་ཡང་ན“རང་ནུས་ཅི་ལྕོགས་ཀྱིས་རྒྱུགས་དེ་ལ་གྲ་སྒྲིག་དཔྱིས་ཕྱིན་པ་ཞིག་བྱས་ཡོད་རྒྱུ་ན”ཞེས་རང་གིས་རང་ཉིད་ལ་ལེ་བདའ་བྱས་ཏེ་སེམས་སྡུག་གིས་དུས་འདའ་བར་བྱེད་ཀྱིན་ཡོད། 

སེམས་ཁམས་རིག་པ་བ་ཁཱ་ཨེར་གྱིས་བཤད་རྒྱུར།“རང་ཉིད་ཀྱི་ནོར་འཁྲུལ་དབང་གིས་བཟོས་པ་ཡིན་ནའང་།རང་ཉིད་ལ་ཚད་ལས་བརྒལ་བའི་ལེ་བདའ་བྱེད་མི་རུང་།རྒྱུ་མཚན་ནི་ཚད་ལས་བརྒལ་བའི་ལེ་བདའ་ཡིས་ནོར་འཁྲུལ་ཁྲོད་ཀྱི་ཉམས་མྱོང་བསྡུ་ལེན་བྱེད་པར་གནོད་པ་ཐེབས་པར་མ་ཟད། རྣམ་རིག་མི་གསལ་བར་གཏོང་ཞིང་སྒྱིད་ལུག་གི་སེམས་ཁམས་འབྱུང་སྲིད།” 

རང་ཉིད་ལ་ལེ་བདའ་བྱེད་པ་དེ་ནི་འགན་འཁྲིའི་འདུ་ཤེས་ཤིག་མ་ཡིན་པར།དེ་ནི་དོན་དངོས་ལ་གཡོལ་ཐབས་བྱེད་པའི་བྱ་སྤྱོད་ཅིག་རེད།རང་ཉིད་ལ་ལེ་བདའ་བྱེད་རྒྱུར་དགའ་བའི་མི་དེས་བྱེད་ཐབས་སྤྱད་དེ་དོན་དག་ཐག་གཅོད་བྱེད་པའི་ཐད་ལ་འབད་པ་མི་བྱེད་པར་རྒྱུན་དུ་འཕྲུལ་སྣང་ལ་འཐམས་ཏེ་འཚོ་བ་རོལ་བཞིན་ཡོད། 

དོན་དག་མི་ལེགས་པ་གང་ཞིག་བྱུང་ཟིན་པ་ཡིན་ན།སུ་ཞིག་གི་འགན་འཁྲི་ཡིན་རུང་དེ་ཉིད་དོན་སྙིང་ལྡན་པ་ཞིག་ཏུ་འགྱུར་བར་འབད་པ་བྱེད་དགོས།ང་ཚོས་སེམས་པ་རྣལ་ལ་ཕབ་ནས་ནོར་འཁྲུལ་ལ་དབྱེ་ཞིབ་བྱེད་པ་དང་།དེའི་ནང་ནས་ཉམས་མྱོང་སྤྱི་སྡོམ་བྱས་རྗེས།སེམས་ཁོང་ནས་ཕར་གཡུག་ཅི་ཐུབ་བྱེད་པར་འབད་དགོས། 

གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ།“དགེ་རྒན་ཞིག་གིས་སློབ་ཁྲིད་ཀྱི་སྐབས་སུ།བསམ་བཞིན་མདུན་ཅོག་སྟེང་དུ་འོ་མ་དམ་བུ་གང་བཞག་ཅིང་།སློབ་མ་རྣམས་དགེ་རྒན་གྱིས་སློབ་ཁྲིད་སྐབས་སུ་འོ་མ་ཁྱེར་ཡོང་དོན་ཅི་ཡིན་པར་སྤྲོ་བ་ཡོད་པའི་སྐབས་སུ།དགེ་རྒན་དེ་གློ་བུར་ཡར་ལངས་ཏེ་འོ་མའི་དམ་བུ་དེ་ཝ་ཤུར་ནང་དུ་འཕངས།དེ་ནས་སློབ་མ་རྣམས་ཝ་ཤུར་འགྲམ་དུ་བོས་ཏེ་བལྟ་རུ་འཇུག་ཞོར།ལྟོས་དང་།འོ་མ་བཞུར་ཚར་འདུག གལ་ཏེ་ང་ཚོས་སྲུང་སྐྱོབ་ལེགས་པོ་བྱས་ཡོད་རྒྱུ་ན་འོ་མ་འདི་ཆུད་ཟོས་སུ་གཏོང་དགོས་དོན་མེད་མོད།འོན་ཀྱང་སྲུང་སྐྱོབ་ལེགས་པོ་མ་ཐོབ་པའི་དབང་གིས་འོ་མ་བཞུར་ཟིན་པར་མ་ཟད་ཕྱིར་བསྡུ་ཐབས་ཀྱང་མི་འདུག 

ད་ལྟ་ཡོད་ཚད་འཕྱི་དྲགས་པས་ང་ཚོས་བྱ་བ་འདི་བརྗེད་པར་བྱས་ཏེ། མུ་མཐུད་དུ་བྱ་བ་གཞན་པ་བསྒྲུབ་ན་བཟང་ཞེས་བཤད་ཞོར། དེ་རིང་གི་སློབ་ཐུན་འདི་ཁྱོད་ཚོས་ནམ་ཡང་ཡིད་ལ་དམ་པོར་འཛིན་རོགས་ཞེས་ཡང་ཡང་གདམས།” “ཚིག་ཉུང་གཏམ་གྱི་མེ་ལོང་དུ། །དོན་མང་གཟུགས་ཀྱི་རྣམ་པ་འཆར། །”ཞེས་པའི་དཔེ་བཞིན་ཚིག་ཉུང་དོན་འདུས་ཀྱི་གཏམ་རྒྱུད་ཐུང་ངུ་དེ་ལས་ང་ཚོར་བློ་བསྐྱེད་མི་ཉུང་བ་ཞིག་ཐོབ་སྲིད།ཚེ་སྲོག་ཁྲོད་ཀྱི“འོ་མ”བཞུར་ཏེ་ཕྱིར་བསྡུ་ཐབས་མེད་པའི་སྐབས་སུ་གཏིང་བརྗེད་དུ་འགྲོ་བའི་ཐད་ལ་འབད་པ་ཅི་ཐུབ་བྱེད་དགོས།རྒྱུ་མཚན་ནི་ཕྱིར་དྲན་གྱིས་རྩ་ཆེ་བའི་དུས་ཚོད་ཆུད་ཟོས་སུ་གཏོང་བ་ལས་ཕན་ཐོགས་གང་ཡང་འབྱུང་མི་སྲིད་པར་མ་ཟད།ད་རུང་རྒས་ཚད་ཇེ་མགྱོགས་དང་ནད་རིགས་སྣ་ཚོགས་སློང་ངེས་པས།འདས་ཟིན་པ་ཡོད་ཚད་གཏིང་བརྗེད་དུ་བཏང་སྟེ།སེམས་ཁོང་ནས་གཡུགས་ན་ད་གཟོད་མཛེས་སྡུག་གི་འཚོ་བ་བསུ་ཐུབ། འཚོ་བའི་ཁྲོད་སེམས་འདུན་དང་མི་མཐུན་པའི་དོན་དག་མང་པོ་ཞིག་འབྱུང་སྲིད་པས།བྱུང་ཟིན་པའི་དོན་དག་དེའི་ཆེད་དུ་མིག་ཟུང་ཞར་རག་བར་དུ་ངུས་ནའང་ཁ་གསབ་བྱེད་མི་ཐུབ་པ་ཤེས་དགོས། དེ་བས་བདེ་སྐྱིད་ཀྱི་འཚོ་བ་འཛུམ་གྱིས་བསུ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།