ཀྲུང་གོ་བོད་ཀྱི་དྲ་བ།

ལྗང་མདོག་མིག་ལ་ཕན་པའི་རྒྱུ་མཚན་ཅི།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་མང་པོ་ཞིག་གི་སེམས་སུ་དྲན་འོངས་པ་ནི་མིག་འབྲས་ཐང་ཆད་པའི་སྐབས་སུ། བདེ་མོ་ཐང་གི་རྩྭ་ཐང་དང་ཐག་རིང་གི་ནགས་ཚལ་ལ་ཅེར་ན་མིག་གི་ངལ་དུབ་སེལ་ཐུབ་པར་མ་ཟད། མིག་གི་མཐོང་ཚད་ཀྱང་སླར་གསོ་བྱེད་ཐུབ་པར་འདོད། དོན་དངོས་སུ་མིག་ཤེད་མི་བཟང་བའི་མི་ཁོ་ནས་ལྗང་མདོག་ལ་བལྟས་ན་ཕན་པ་ཙམ་མ་ཡིན་པར། མིག་ཤེད་རྒྱུན་ལྡན་ཡིན་པའི་མིས་ཀྱང་ལྗང་མདོག་ལ་ཅེར་ན་མིག་གི་མཐོང་ཚད་ལ་ཕན་པ་རེད།

འོ་ན། ཁྱོད་ཀྱིས་ལྗང་མདོག་ལ་ཅེར་ན་མིག་ལ་ཕན་པའི་རྒྱུ་མཚན་ཅི་ཡིན་པ་ཤེས་སམ། རང་བྱུང་ཁམས་ཀྱི་དངོས་པོ་ཚང་མ་རིགས་མི་འདྲ་བར་མ་ཟད་ཁ་དོག་ཀྱང་མི་འདྲ་བ་ཞིག་རེད། ཁ་དོག་མི་འདྲ་བ་དག་གིས་མི་ལ་ཚོར་བ་ཡང་མི་འདྲ་བ་སྟེར་སྲིད། དཔེར་ན། དམར་པོ་དང་སེར་པོས་ང་ཚོར་སྦྱིན་འོང་བ་ནི་འཚེར་སྣང་གི་ཚོར་བ་ཡིན། དེ་མིན་ལྗང་མདོག་དང་སྔོན་པོས་ང་ཚོར་སྦྱིན་པ་ནི་ལྷིང་འཇགས་དང་བག་ཕེབས་ཡིན། དེ་བཞིན་དུ་ཁ་དོག་རེ་རེའི་འོད་ཀྱི་བསྡུ་ལེན་དང་འགྱེད་འཕྲོ་ཚད་ཀྱང་མི་འདྲ་བ་རེད། དཔེར་ན། དམར་པོས་འོད་འགྱེད་འཕྲོ་ཚད67%དང་།སེར་པོའི་འོད་འགྱེད་འཕྲོ་ཚད65%། ལྗང་མདོག་གི་འོད་ཀྱི་འགྱེད་འཕྲོ་ཚད47%དང་སྔོན་པོའི་འོད་འགྱེད་འཕྲོ་ཚད36%རེད། དེ་བས་དམར་པོ་དང་སེར་པོས་མིག་གཟེར་བ་དང་སྔོན་པོ་དང་ལྗང་མདོག་མིག་ལ་མི་གནོད་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད།

སྔོན་པོ་དང་ལྗང་མདོག་གི་འོད་ཐིག་བསྡུ་ལེན་དང་འགྱེད་འཕྲོ་ཚད་འོས་ཤིང་འཚམ་པོ་ཡིན་པས། དེ་ནི་མིའི་ལུས་སྟེང་གི་དབང་རྩའི་མ་ལག་དང་ཀླད་ཆེན་གྱི་སྐྱི་པགས། མིག་གི་དྲ་སྐྱི་བཅས་དང་མཐུན་པ་རེད།རྩྭ་སྔོན་དང་ལྗང་མདོག་གི་སྡོང་ལོའི་འོད་ཀྱིས་མིག་ལ་གནོད་པའི་སྨུག་ཕྱིའི་ཐིག་གི་འགྱེད་འཕྲོ་ཚད་ཇེ་ཉུང་དུ་གཏོང་ཐུབ་པར་མ་ཟད། ད་དུང་འོད་ཀྱིས་མིག་ལ་གཟེར་བའི་སྣང་ཚུལ་ཡང་ཇེ་ཉུང་དུ་གཏོང་ཐུབ། དེའི་ཕྱིར། ང་ཚོས་སློབ་གསེང་གི་སྐབས་སུ་ལྗང་མདོག་གི་སྡོང་ལོ་དང་རྩྭ་སྔོན་ལ་བལྟས་ནས་མིག་གི་ངལ་དུབ་སེལ་རྒྱུ་མ་བརྗེད་རོགས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།