ཀྲུང་གོ་བོད་ཀྱི་དྲ་བ།

འཚོ་བའི་གོམས་གཤིས་ཆུང་ཆུང་ལ་བརྟེན་ནས་རྒན་པའི་དྲན་པ་སླར་གསོ་བྱེད་ཐབས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་ཚོད་རྒས་པ་དང་བསྟུན་ནས་དབང་བོར་རྒས་འགྱུར་འབྱུང་བ་རེད། དལ་གྱིས་རྒས་འགྱུར་འབྱུང་བ་ནི་རང་བྱུང་ཆོས་ཉིད་ཅིག་ཡིན་ལ།རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཀྱང་ཡིན།འོན་ཀྱང་གཤམ་གྱི་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་འདི་དག་འབྱུང་སྐབས།རྒན་པའི་ཧོན་ལོག་ནད་འབྱུང་བར་དོགས་ཟོན་མཐོན་པོ་བྱེད་དགོས།

གཅིག ཉིན་རེ་ལས་ཉིན་རེར་དྲན་པ་མི་གསལ་བར་གྱུར་ཏེ། རྒྱུན་ལྡན་གྱི་འཚོ་བའི་འགུལ་སྐྱོད་ལ་གནོད་འཚེ་ཐེབས་པ་དང་།དུས་རྒྱུན་གྱི་འཚོ་བའི་གོམས་གཤིས་ཀྱི་རྒྱུན་སྐྱོང་མི་ཐུབ་པ། དཔེར་ན་ཚོད་མ་རྔོ་བའི་སྐབས་ཚྭ་ཡང་ནས་བསྐྱར་དུ་འདེབས་པ་དང་།ཡང་ན་ཚྭ་དང་ཀ་རའི་དབྱེ་བ་འབྱེད་མི་ཐུབ་པ།ཚོད་མ་བརྔོས་རྗེས་སོལ་རླངས་ཀྱི་ཁ་མི་གཏན་པ།གློ་བུར་ཚོད་མ་བརྔོ་མི་ཤེས་པར་གྱུར་པ་དང་གྱོན་ཆས་གྱོན་པའི་གོ་རིམ་མི་ཤེས་པ་བཅས་ཀྱི་གནས་ཚུལ་བྱུང་བ་ལྟ་བུ་རེད།

གཉིས། དུས་ཚོད་དང་ས་གནས།མི་སྣ་སོགས་ཀྱི་དབྱེ་བ་འབྱེད་མི་ཐུབ་པ་དང་། སྐད་ཆ་བཤད་པའི་ནུས་པ་ཉིན་རེ་བཞིན་ཇེ་ཞན་དུ་འགྲོ་བ། དཔེར་ན་ཉིན་སྐར་དང་གཟའ་འཁོར། སྡོད་གནས་སོགས་བརྗེད་པ་དང་། རྒྱུན་དུ་བཤད་ཀྱིན་པའི་སྐད་ཆ་དང་ཐ་སྙད་སོགས་བློ་ངོར་མི་ཤར་བ།

གསུམ། རྒྱུན་དུ་དངོས་པོ་བརྗེད་པ། དངོས་པོ་རྣམས་གང་འདོད་ལྟར་དང་ཡང་ན་མི་འོས་པའི་གནས་སུ་འཇོག་པ། དཔེར་ན་སྒོར་འབུད་ཁར་ལྡེ་མིག་འཛིན་རྒྱུ་བརྗེད་པ་དང་ཡང་ན་ལྡེ་མིག་ལྷམ་གྱི་ནང་དུ་འཇོག་པ་སོགས་ལྟ་བུ།

དྲན་པ་མྱུར་མོར་མི་གསལ་བར་འགྱུར་བ་ལ།གཤམ་གྱི་བྱེད་ཐབས་འདི་དག་སྤྱད་དེ་སྦྱོང་བརྡར་བྱེད་ཆོག་པ་སྟེ།

གཅིག “དྲན་ཤེས་གསལ་རུང་སྨྱུ་གུ་རུལ་བར་མི་དོ”ཟེར་བའི་དཔེ་བཞིན།ཉིན་རེའི་བཤད་འདོད་པའི་སྐད་ཆ་དང་སྒྲུབ་འདོད་པའི་དོན་དག་ཡོད་ཚད་ཡིག་ངོར་ཕབ་སྟེ།ཟིན་ཐོར་འགོད་པ་དང་དེའི་ནང་ནས་དྲིས་ལན་བཙལ་བའམ་ཡང་ན་བརྗེད་ཟིན་པའི་དྲན་པ་འཚོལ་བ།

གཉིས། སྔོན་ཆད་སོང་མྱོང་བའི་ས་ཆར་སོང་ནས་དོན་དག་མང་པོར་ཕྱིར་དྲན་བྱེད་པ།

གསུམ། ཡི་གེར་བྲིས་ཏེ་མཐོང་སླ་བའི་གནས་སུ་སྦྱོར་བ།ཁྱིམ་ཚང་ནང་གི་གནས་གང་རུང་དུ་ཤོག་བུ་སྦྱར་ཏེ།རང་ཉིད་ཀྱིས་བརྗེད་པར་དོགས་པའི་དོན་དག་དེར་དྲན་སྐུལ་བྱེད་དགོས།དཔེར་ན་སོལ་རླངས་ཐབ་ཀའི་སྟེང་དུ“སོལ་རླངས་བཀོལ་ཚར་རྗེས་ཁ་གཏན་རྒྱུ་མ་བརྗེད”ལྟ་བུ་དང་།སྤྱོད་ཁང་ནང་དུ“ས་ངོས་སུ་ཆུ་ཡོད་པས།ཐང་ལ་འགྱེལ་བར་སེམས་ཆུང་བྱེད་དགོས”ལྟ་བུ།སྒོ་ངོས་སུ“སྒོར་འབུད་ཁར་ལྡེ་མིག་དང་ཁ་པར་འཛིན་རྒྱུ་མ་བརྗེད”ལྟ་བུ་སོགས་ཀྱི་དྲན་སྐུལ་ཡི་གེ་སྦྱོར་བ།

བཞི། རྒྱུན་དུ་ཁྱིམ་མི་ལ་ཁ་བརྡ་བྱེད་པ།རྒྱུན་དུ་འདས་ཟིན་པའི་དོན་དག་དང་བྱུང་མ་ཐག་པའི་དོན་དག ཡང་ན་ཉེ་འགྲམ་གྱི་མི་དང་དོན་དག་གླེང་སྟེ་རང་ཉིད་ཀྱི་དྲན་པ་ཇེ་གསལ་དུ་གཏོང་དགོས།

རྒན་པའི་དྲན་པ་རིམ་གྱིས་མི་གསལ་བར་འགྱུར་བ་ནི་གཡོལ་ཐབས་མེད་པ་ཞིག་ཡིན།འོན་ཀྱང་ཉིན་རེ་ལས་ཉིན་རེར་མངོན་གསལ་དུ་གྱུར་ཏེ་འཚོ་བར་གནོད་འཚེ་ཐེབས་ན།མྱུར་བ་མྱུར་དུ་དྲན་ཤེས་སྒོ་བསྟེན་དང་ཡང་ན་དབང་རྩའི་ཁོང་ནད་ཚན་ཁག་ཏུ་སོང་ནས་གསོ་བཅོས་བྱས་ཏེ།རྒན་པའི་ཧོན་ལོག་ནད་འགོག་ཅི་ཐུབ་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།