ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ། (བཅུ་གཅིག བཅུ་གཉིས།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཅུ་གཅིག རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་ཇི་ལྟར་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས་སམ།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ལས་དོན་ཐེངས་བདུན་པ་ནི་“རྒྱལ་ཡོངས་ཀྱི་གཅིག་གྱུར་འགོ་ཁྲིད་དང་སྡེ་ཁག་གི་ལས་བགོ་མཉམ་སྒྲུབ། ས་གནས་རིམ་དབྱེ་འགན་འཁུར། ཕྱོགས་ཁག་མཉམ་ཞུགས་”བཅས་ཀྱི་རྩ་དོན་གཞིར་བཟུང་ལག་བསྟར་བྱེད་པར་སྒྲིག་འཛུགས་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་ཐེངས་བདུན་པ་དང་དེའི་གཞུང་ལས་ཁང་བཙུགས་ནས་རྒྱལ་ཡོངས་དང་ས་ཁུལ་དེ་གའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་འགོ་ཁྲིད་དང་སྒྲིག་འཛུགས་བྱེད་པ། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཚོ་ཆུང་འཛུགས་པ། སྲང་ལམ་དོན་གཅོད་ཁྲུའུ་དང་ཤང་དང་གྲོང་རྡལ་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་ས་ཁོངས་དེ་གའི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་དགོས། འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་སྡེ་ཁག་དག་གིས་འགན་ནུས་ལས་བགོས་ལྟར། རང་འགན་རང་འཁུར་དང་ཕྱར་བ་གྲུ་འདེགས། གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ་ཐུན་མོང་ཐོག་ཡོངས་བཤེར་ལས་དོན་ཡག་པོ་སྒྲུབ་དགོས།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་དུས་རིམ་གསུམ་དུ་དབྱེ་ཡོད། གཅིག་ནི་གྲ་སྒྲིག་གི་དུས་རིམ་ཡིན་ལ། དེ་ནི2019ལོའི་ཟླ10པ་ནས2020ལོའི་ཟླ10པའི་བར་ཡིན། དུས་རིམ་འདིའི་བྱ་བ་གཙོ་བོ་ནི་རིམ་པ་སོ་སོའི་ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་འཛུགས་པ་དང་། ཡོངས་ཁྱབ་ཞིབ་བཤེར་ཇུས་གཞི་དང་བྱ་བའི་འཆར་གཞི་བཟོ་བ། ཡོངས་ཁྱབ་ཞིབ་བཤེར་ཚོད་ལྟ་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་འགྲོ་གྲོན་དང་རྒྱུ་ནོར་དོན་འཁྱོལ་བྱེད་པ། གཞི་གྲངས་འཚོལ་བསྡུ་དང་ཐག་གཅོད་བྱེད་པའི་ཁོར་ཡུག་གྲ་སྒྲིག་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་དྲིལ་བསྒྲགས་བྱེད་པ། ཡོངས་ཁྱབ་ཞིབ་བཤེར་གྱི་ཁྲིད་སྟོན་པ་དང་ཡོངས་ཁྱབ་ཞིབ་བཤེར་མཁན། ཡོངས་ཁྱབ་ཞིབ་བཤེར་ས་ཁོངས་དབྱེ་འབྱེད་དང་དཔེ་རིས་འབྲི་བ། ཁྱིམ་ཐོ་དག་ཐེར་དང་མཐིལ་རྟོགས་སོགས་བྱེད་དགོས། གཉིས་ནི་ཡོངས་ཁྱབ་ཞིབ་བཤེར་གྱི་ཐོ་འགོད་དུས་རིམ་ཡིན། 2020ལོའི་ཟླ་11པ་ནས་ཟླ12པའི་བར། དུས་རིམ་འདིའི་བྱ་བ་གཙོ་བོ་ནི་ཡོངས་ཁྱབ་ཞིབ་བཤེར་མཁན་དུད་ཚང་སོ་སོ་སོང་ནས་ཐོ་འགོད་བྱེད་པ་དང་བསྡུར་ནས་བསྐྱར་ཞིབ་བྱེད་པ་དེ་ཡིན། ལས་དོན་བསྒྲུབ་ཚར་རྗེས་སྤུས་ཚད་འཐེན་བཤེར་སོགས་བྱེད་དགོས་པ་རེད། གསུམ་ནི་གཞི་གྲངས་ཕྱོགས་བསྡུས་དང་ཁྱབ་བསྒྲགས་བྱེད་པའི་དུས་རིམ་ཡིན་ལ། 2020ལོའི་ཟླ12པ་ནས2022ལོའི་ཟླ12པའི་བར་ཡིན། དུས་རིམ་འདིའི་བྱ་བ་གཙོ་བོ་ནི་གཞི་གྲངས་ཐག་གཅོད་དང་ཕྱོགས་བསྡོམས། དཔྱད་དཔོག་བཅས་བྱེད་པ་དང་། གཞི་གྲངས་གཙོ་བོ་སྤྱི་བསྒྲགས་བྱེད་པ། ཡོངས་ཁྱབ་ཞིབ་བཤེར་དཔྱད་ཡིག་གསར་སྤེལ་བེད་སྤྱོད་སོགས་བྱེད་དགོས། །

བཅུ་གཉིས། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་གཞོགས་འདེགས་ལས་དོན་གང་དག་ཡག་པོ་སྒྲུབ་དགོས་སམ།

མི་འབོར་གྱི་གནད་དོན་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་རང་བཞིན་གྱི་གནད་དོན་ཞིག་ཡིན། མི་འབོར་འཕེལ་ཚུལ་གྱི་འགྱུར་ལྡོག་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། མི་སྒེར་དང་ཁྱིམ་ཚང་གི་འཚོ་བ་དང་ཡང་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན་མི་འབོར་གྱི་རྨང་གཞིའི་ཆ་འཕྲིན་འཚོལ་བསྡུ་བྱེད་པར་དོན་སྙིང་གཏིང་ཟབ་ལྡན་ཡོད་པས་རྒྱལ་ཁབ་དང་ཁྱིམ་ཚང་ཙམ་མ་ཡིན་པར། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》དང་《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་པར་མཁོ་བའི་དཔྱད་ཡིག་བདེན་པ་དང་། ཡང་དག་པ། ཆ་ཚང་བ། དུས་ཐོག་བཅས་ཀྱི་སྒོ་ནས་འདོན་སྤྲོད་བྱེད་དགོས། འབྲེལ་ཡོད་གནད་དོན་ལ་ལན་དྲང་པོ་འདེབས་པ་དང་། ཆ་འཕྲིན་རྫུན་མ་མཁོ་འདོན་མི་བྱེད་པ། འབྲེལ་ཡོད་གནས་ཚུལ་སྦས་གསང་དང་རྫུན་བཟོ་མི་བྱེད་པ། སྤྱི་ཚོགས་སྤྱི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་རྒྱབ་སྐྱོར་དང་ཡོངས་ཁྱབ་ཞིབ་བཤེར་མཁན་ལ་གཞོགས་འདེགས་ཞིབ་བཤེར་བྱེད་པའི་རེ་བ་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།