ཀྲུང་གོ་བོད་ཀྱི་དྲ་བ།

ལུས་སྟེང་གི་ཟགས་ཆུ་ཟད་ན་ཆུ་མང་བོ་འཐུང་སྟེ་ཁ་གསབ་བྱ་དགོས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་ལུགས་གསོ་རིག་གི་སྟེང་ནས་བཤད་ན། ཟགས་ཆུ་ཞེས་པ་ནི་ལུས་སྟེང་གི་རྒྱུན་ལྡན་གྱི་ཆུ་ཡོད་ཚད་ཀྱི་སྤྱི་མིང་ཡིན་པས། དེའི་ནང་དུ་རྔུལ་ཆུ་དང་ཁ་ཆུ། རྐང་གཤེར་སོགས་ཀྱང་འདུས། ཟགས་ཆུ་ནི་ལུས་སྟེང་གི་ག་ས་གང་དུ་གནས་ཤིང་། དུས་རྒྱུན་གྱི་བཟའ་བཏུང་ནི་དེའི་འབྱུང་ཁུངས་གཙོ་བོ་རེད། ཟགས་ཆུ་ལུས་ཕུང་ཧྲིལ་བོར་ཁྱབ་དགོས་ན། ལུས་སྟེང་གི་དོན་སྣོད་མང་བོ་ཞིག་གིས་བྱེད་ནུས་འདོན་དགོས་པ་དང་། དེའི་ནང་གི་ཆེས་གཙོ་ཆེ་བ་ནི་གློ་བ་དང་མཚེར་བ། མཁལ་མ་བཅས་ཡིན་པས། ཟགས་ཆུ་ཟད་ན་ཆུ་འཐུང་བ་ཙམ་གྱིས་གཏན་ནས་མི་ཆོག

ནད་ཐོག་ལག་ལེན་གྱི་ཁྲོད་ནས། ཟགས་ཆུ་ཟད་པའི་མི་ལ་རྒྱུན་དུ་གཤེར་བཅུད་གསོ་བའི་ཐབས་ཀྱིས་གསོ་བཅོས་བྱེད་པ་དང་མཉམ་དུ། འཚོ་བའི་གོམས་གཤིས་བསྒྱུར་ཏེ། ཟགས་ཆུའི་ཟད་ཚད་ཇེ་ཉུང་དུ་གཏོང་བའམ་ཟགས་ཆུ་ཟད་པར་སྔོན་འགོག་བྱ་དགོས།

གཅིག མཚན་མི་བརྒལ་བ། མཚན་བརྒལ་ན་མིའི་ལུས་སྟེང་གི་རྒྱུན་ལྡན་གྱི་ཚབ་བརྗེ་ལ་གནོད་པ་ཚབས་ཆེན་ཐེབས་ཏེ་ལུས་སྟེང་གི་ཟགས་ཆུ་ཟད་ཚད་ཇེ་མགྱོགས་སུ་གཏོང་སྲིད།

གཉིས། སེམས་མི་སྐྱིད་པ། སེམས་འཚབ་པ་དང་ཡི་མུག་པ་སོགས་ཀྱིས་དོན་སྣོད་ཀྱི་བྱེད་ནུས་ཉམས་པར་བྱས་ཏེ། ལུས་ལ་ཚ་བ་རྒྱས་པ་དང་ཟགས་ཆུ་ཟད་སྲིད། དེའི་རྐྱེན་གྱིས་སེམས་ཁམས་སྙོམས་སྒྲིག་དང་སེམས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།

གསུམ། ལུས་སྦྱོང་འོས་འཚམ་བྱེད་པ། རྒྱུན་དུ་ལུས་སྦྱོང་མ་བྱས་ན་ལུས་ཟུངས་ཀྱི་འཁོར་སྐྱོད་ཇེ་དལ་དུ་འགྲོ་བ་དང་ཟགས་ཆུ་ཟད་འགྲོ་བས། ལུས་སྦྱོང་ཚད་རན་བྱས་ན་ལུས་ཟུངས་ཀྱི་འཁོར་སྐྱོད་ཇེ་མགྱོགས་སུ་འགྲོ་བས་ཟགས་ཆུའི་འཁོར་རྒྱུག་ཀྱང་ཇེ་མགྱོགས་སུ་གཏོང་སྲིད།

བཞི། བཟའ་བཏུང་ལུགས་མཐུན་བྱ་དགོས། ཁ་ཚ་བ་དང་སྣུམ་ཆེ་བའི་ཟས་རིགས་ནི་སྐམ་ཤས་ཆེ་བའི་ཟས་རིགས་སུ་གཏོགས་པས་ཕོ་རྒྱུའི་ཟགས་ཆུ་ལ་གནོད་། ཕོ་རྒྱུ་ནི་མིའི་ལུས་སྟེང་གི་ཟགས་ཆུའི་འབྱུང་ཁུངས་གཙོ་བོ་ཡིན་པས། དེ་ལ་གནོད་འཚེ་ཐེབས་ན་ཐད་ཀར་ཟགས་ཆུ་ལ་གནོད་འཚེ་ཐེབས་སྲིད་པས། དུས་རྒྱུན་དུ་ཆུ་དྲོད་འཇམ་མང་དུ་འཐུང་བ་དང་སྔོ་ཚོད་དང་སིལ་ཏོག་གསར་བ་ཟས་ན་ལེགས།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།