ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོད་དང་མི་སུ་འདྲ་ཞིག་གི་འབྲེལ་བར་གདེང་འཇོག་མ་མཐོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

བཤད་ཚུལ་འདི་འདྲ་ཞིག་ཡོད་དེ།“ཁས་ལེན་ནི་རལ་གྲི་ངོ་གཉིས་མ་ལྟ་བུ་ཞིག་ཡིན་པས།ཡིད་ཆེས་ན་སྤྲོ་སྣང་གི་རྟེན་ས་ཉག་གཅིག་ཏུ་འགྱུར།གེགས་དང་བར་ཆད་ཆེན་པོ་མེད་ཀྱང་བློ་མི་བདེ་བའི་ངང་ནས་འཚོ་བ་རོལ་བཞིན་ཡོད།ལས་འབྲེལ་དང་བསྟུན་ཤེས་ན་བདེ་སྐྱིད་ཡོང་།ཕྱིར་ཡོང་མེད་ན་མཚམས་འཇོག་དགོས།འཚོ་བ་སྐྱིད་པོ་རོལ་བར་རང་གི་ལག་ཟུང་ལ་བརྟེན་དགོས་ལ།རང་གི་སེམས་ལའང་བརྟེན་དགོས”ཞེས་པ་ལྟར་རོ། །

ཁྱོད་དང་མི་སུ་འདྲ་ཞིག་གི་འབྲེལ་བར་གདེང་འཇོག་མ་མཐོ།ཀུན་ལ་མ་ཞེན།ཤོར་ཟིན་པ་བདེན་དུ་ཆུགས་ཀྱང་སེམས་ཀྱི་གདུང་བ་དང་ན་ཟུག་ཆུང་དུ་འགྲོ་ཡང་སྲིད།

འཇིག་རྟེན་འདིར་སྐྱེ་ནས་འཆི་བའི་བར་ཁྱོད་དང་མཉམ་དུ་སྡོད་པའི་མི་ཞིག་གང་ན་ཡོད།སྐྱེ་དུས་གཅིག་པུར་མ་འོང་ཞིང་འཆི་དུས་གཅིག་པུར་མི་འགྲོ་བ་སུ་ཞིག་ཡོད།གཞན་ལ་མ་འགྲོ་ཞེས་སྐྱབས་འཇུག་ཞུ་བ་ལས།རང་སེམས་བཏུལ་ནས་གཅིག་པུར་གནས་ན་དགའ།

ཆུང་དུས་སུ་ཅི་ཞིག་འདོད་ན་ཧུར་བརྩོན་བྱས་པས་ཐོབ་པ་དང་།གལ་སྲིད་ད་དུང་མ་ཐོབ་ན་ཧུར་བརྩོན་མང་ཙམ་བྱས་ན་ཐོབ་པར་སྙམ།

འོན་ཀྱང་ནར་སོན་རྗེས་ད་གཟོད་ཤེས་སོང་།དངོས་པོ་ལ་ལ་ཞིག་ཁྱོད་ལ་མི་དབང་བ་ཐག་གིས་བཅད་ཟིན་པ་འདྲ།ཁྱོད་ཀྱིས་ཇི་ལྟར་དམ་པོར་འཛིན་འདོད་ན།དངོས་པོ་ལ་ལ་ནི་དེ་ལྟར་རྒྱང་བཀྱེད་འགྲོ་བ་འདྲ། མི་ཚེའི་ནང་ཐོབ་མི་ཐུབ་པ་ནི་རྒྱུན་ལྡན་ཡིན་ལ།ཐོབ་པ་ནི་ད་གཟོད་ལམ་ལྷོང་བྱུང་བས་སོ། །

དེར་བརྟེན།གལ་ཏེ་རང་ལ་དབང་བ་དང་།གལ་ཏེ་ལམ་གྲོགས་ཤིག་སྒྲིག་ཐུབ་ན།ངེས་པར་དུ་དེར་དྲིན་གཟོའི་བསམ་པ་འཛིན་དགོས་མོད།འོན་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་འབྲལ་བའི་གྲ་སྒྲིག་ཀྱང་ཡོད་དགོས།

ཉིན་དེར་སླེབས་སྐབས་འཛུམ་དམུལ་དམུལ་ངང་ལག་པ་གཡུག་གཡུག་བྱས་ཏེ་སྔར་བཞིན་ཕ་རོལ་པོར་རང་ཉིད་འཚར་ལོངས་འབྱུང་དུ་བཅུག་པར་བཀའ་དྲིན་ཞུ་དགོས།

རྟག་བརྟན་འགྱུར་མེད་ཟེར་བ་གང་ཡང་ཡོད་པ་རེད།འབྲེལ་བ་ཡིན་ནའང་འདྲ།བྱ་དངོས་ཡིན་ནའང་འདྲ།འཚམ་པོ་མེད་པ་དང་།ཁ་བརྡ་གཞི་གཅིག་ཏུ་མི་ཡོང་བ།དགའ་པོ་བྱེད་མི་ཐུབ་ན་དུས་སུ་མཚམས་འཇོག་དགོས། དེ་ལས་གལ་ཆེ་བ་ནི་དུས་སུ་བབ་པའི་ལས་ལ་ཁ་ལོ་བསྒྱུར་ཐུབ་པའི་སེམས་ཤིག་དགོས།

གཉིས།

གནས་ལུགས་ཟབ་པའི་སྐད་ཆ་ཞིག་ཡིད་ལ་འཁོར་ཡོང་སྟེ།འབྲེལ་བ་ཁ་ཤས་འོས་འཚམ་ཞིག་ནས་མཚམས་འཇོག་དགོས་པ་དང་།སྐད་ཆ་ཁ་ཤས་གནད་ལ་ཁེལ་མཚམས་ནས་མཚམས་འཇོག་དགོས།དོན་དག་ལ་ལ་ཞིག་སེམས་སུ་སྦབ་ལས་འོས་མེད།

གཅིག་བྱས་ན་ད་ལྟ་ལྡེ་མིག་གཅིག་གིས་སྒོ་ཟྭ་གཅིག་མ་གཏོགས་འབྱེད་མི་ཐུབ་པའང་མིན།ཡིན་ནའང་གལ་སྲིད་བཟོ་དབྱིབས་དང་མི་འཚམ་པ་ཡིན་ན་དཀའ་ལས་ག་ཚོད་བརྒྱབ་ཀྱང་དོན་མེད་ཡིན།དེ་ལས་བློ་ཐག་རྦད་ཆོད་ཀྱི་མི་ཞིག་བྱས་ན་དགའ།ནམ་ཡང་འོས་མེད་བསྟུན་ཐབས་དང་གང་འདོད་ཅི་འདོད་བྱེད་མཁན་ཞིག་མ་བྱེད་ཅིག

བཤད་ཀྱང་ཆོག་ལ་མ་བཤད་ཀྱང་ཆོག་པའི་སྐད་ཆ་མ་བཤད་ཅིག སྒྲུབ་ཀྱང་ཆོག་མ་བསྒྲུབ་ཀྱང་ཆོག་པའི་དོན་མ་བསྒྲུབ་ཅིག འགྲོགས་མི་བདེ་བའི་མི་དང་ཡུན་གྱིས་བྲལ་ན་བཟང་།

སྤྲོ་སེམས་ཡོད་ཚད་གཞན་གྱི་སྟེང་དུ་ཆུད་ཟོས་སུ་མ་གཏོང་ཅིག སྨྲ་བ་མང་ན་སེམས་ལ་གནོད་སླ།ག་དུས་ཡིན་ཡང་རང་ལ་འདང་རྒྱག་པའི་གཞི་ཞིག་བསྐྱུར་དགོས།

ཁྱོད་ཀྱིས་ཤེས་ཡོད་མེད་མི་ཤེས་མོད།མི་དང་མི་ཐོག་མར་ངོ་ཤེས་མ་ཐག་པའི་སྐབས་སུ་ཤིན་ཏུ་བཟང་།འགྲོགས་པ་ཉེ་དྲགས་ན་སུན་གཙེར་ཞིག་དང་སྡུག་བསྔལ་ཞིག་ཏུ་འགྱུར་འགྲོ།

བཤད་རྒྱུ་ཅི་ཡང་མེད་པ་ནས་ཅི་ཡང་བཤད་པར་གྱུར་དུས།ཕོ་རབ་བར་གྱི་ཁ་བརྡ་ནི་ཆུ་དང་འདྲ་བར་མི་ལ་བདེ་སྣང་སྟེར་བའི་འབྲེལ་བ་ཞིག་གོ། །

ངོ་དགའ་སྤྲེལ་ལད་དང་མཐུན་ཐབས་བྱས་ཏེ་འབྲེལ་བ་འཛུགས་པ་དང་དེ་སྲུང་སྐྱོང་བྱེད་པ་ལས་འོས་དང་བསྟུན་ནས་བཞག་ན་དགའ།ག་ལེར་སོང་དང་།ལམ་ཐག་ད་དུང་ཧ་ཅང་རིང་བས།ཁྱོད་དང་འགྲོགས་བདེ་བའི་ལམ་གྲོགས་ལ་འཕྲད་ཀྱང་སྲིད།

གསུམ།

འཁོར་བའི་གནས་སུ་སྐྱིད་སྡུག་ལེགས་ཉེས་སྣ་ཚོགས་འཕྲད་ནའང་།བདེན་ལུགས་ཉིད་དུ་མཐོང་བ་ནི་ཡོད་ཚད་དུས་སུ་བབ་ན་འདས་པའོ་ཞེས་པའི་ཚིག་ཉུང་དོན་བསྡུས་འདི་ཉིད་དོ། །

ངས་ཀྱང་འཇིག་རྟེན་དུ་འཚོ་སྐབས་སུ།སྐྱིད་སྡུག་ཆ་ལ་གསུམ་དང་གཉིས་སུ་དབྱེ།ཆ་བཞི་རེ་དོགས་ཅི་ཡང་མེད་པ་དང་ཆ་གཅིག་རང་སྣང་གང་དྲན་བྱེད་ན་འོས་པ་རིམ་གྱིས་རྟོགས།

བྱ་བ་བཟང་ངན་གང་བྱེད་འདས་པ་རང་བཞིན་ཉིད་དུ་འགྱུར།འདུ་འབྲལ་གང་ཡིན་རེས་མོས་འཁོར་བའོ། །

མི་ཚེ་ནི་གནས་ཤིག་ནས་བྲལ་ཏེ་གཞན་གྱི་མཐའ་ལ་བགྲོད་པའི་མེ་འཁོར་ཞིག་དང་འདྲ།དེ་བས་རང་གི་སེམས་ལ་བདག་སྐྱོང་དང་།རང་གི་ཕོ་བར་བདག་སྐྱོང་།རང་གི་སྣུམ་གནག་གི་སྐྲ་ལོར་བདག་སྐྱོང་།ད་དུང་ཀེམ་ཀེམ་གཡོ་བའི་མིག་ཟུང་ལ་ཡང་ངོ་། །

རང་ཉིད་ལ་མི་དགའ་བའི་མིའི་ཆེད་དུ།རང་ཉིད་ཀྱི་ཕུགས་འདུན་མངོན་པར་ནར་འགྱངས་མ་བྱེད།ཕར་བཏང་བ་གཅེས་པར་མི་འཛིན་པར་རང་ཉིད་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་དུ་མ་འཇུག

ཟླ་བ་ཉ་གང་ན་འགྲིབ་པ་དང་ཆུ་སྣོད་དུ་བཀང་ན་ལུད་པ་ཆོས་ཉིད་ཡིན་པས།ཁྱོད་དང་མི་སུ་འདྲ་ཞིག་གི་འབྲེལ་བར་གདེང་འཇོག་མ་མཐོ་བར་འཆམ་ན་འགྲོགས་པ་དང་།འགྲས་ན་འབྲལ་བར་བྱ།བློ་བག་ཡངས་ན་དེ་ལས་ལྡོག་སྟེ་འགྲོགས་པ་ཡུན་རིང་ངོ་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།