ཀྲུང་གོ་བོད་ཀྱི་དྲ་བ།

ཆང་བཅུད་དང 84རྟགས་ཅན་གྱི་དུག་སེལ་གཤེར་ཁུའི་ཡང་དག་པའི་བཀོལ་སྤྱོད་བྱེད་ཐབས།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མིག་སྔར་ཁ་ཐུམ་དང་སྨན་སྤྱོད་ཆང་བཅུད་ལག་ཏུ་ཡོང་དཀའ་བས། ཚང་མས་དེ་དག་ཉོ་སྐབས་གཟབ་གཟབ་བྱས་ནས་སྨན་སྤྱོད་ཆང་བཅུད་དང་སྨན་སྤྱོད་ཁ་ཐུམ་ཡིན་མིན་ལ་མཉམ་འཇོག་བྱ་དགོས། ཆང་བཅུད་ཡིན་རུང་སྨན་སྤྱོད་ཆང་བཅུད་དང་བཟོ་ལས་ཆང་བཅུད་གཉིས་གཏན་ནས་མི་འདྲ་བ་ཡིན། གཅིག་ནས་སྨན་སྤྱོད་ཆང་བཅུད་དང་བཟོ་ལས་ཆང་བཅུད་གཉིས་ཀྱི་ཁྱད་པར་གཙོ་བོ་ནི། ཆང་བཅུད་ཁྲོད་ཀྱི་རྫས་སྦྱོར་མི་འདྲ་སྟེ། བཟོ་ལས་ཆང་བཅུད་ཀྱི་རྫས་སྦྱོར་ནང་དུ། ཕལ་ཆེ་བ་ཁྲུན་ཀ་པ་ཡིན་ཞིང་ཁྲུན་ཀ་པར་ནད་འབུ་གསོད་པའི་ནུས་པ་ཡོད་ནའང་། དེའི་རླངས་གཟུགས་ཅུང་ཡལ་དཀའ་ཞིང་། མིའི་དབུགས་ལམ་དང་མིག་ལ་ཧ་ཅང་གནོད་པས་མིའི་དབུགས་ལམ་གྱི་འབྱར་སྐྱི་དང་མིག་ཤུགས་ཇེ་ཞན་དུ་གཏོང་སྲིད་པར་མ་ཟད། ད་དུང་སྐྱི་པགས་བརྒྱུད་ནས་ལུས་སྟེང་དུ་སིམ་འགྲོ་བ་ཡིན།

གར་ཚད་མཐོ་བའི་ཆང་བཅུད་ཀྱིས་དུག་སེལ་བྱས་ན་ཕན་འབྲས་དེ་ལྟར་བཟང་བ་ཡིན་ནམ། ང་ཚོས་རྒྱུན་པར་བཀོལ་སྤྱོད་བྱེད་བཞིན་པའི་སྨན་སྤྱོད་ཆང་བཅུད་ཀྱི་གར་ཚད 75%ཡིན་དགོས་དོན་ཅི་ཡིན་ཟེར་ན། དེ་ནི་ཆང་བཅུད་ཀྱི་རྩ་བའི་རིགས་པར་འབྲེལ་ཏེ། ཆང་བཅུད་ཀྱིས་འབུ་ཕྲའི་སྤྲི་དཀར་ཁྲོད་ཀྱི་ཆུའི་གྲུབ་ཆ་བསྡུ་ལེན་བྱས་ནས། དེ་ཉིད་གསོད་པའི་ནུས་པ་ལྡན་པས་དུག་སེལ་གྱི་ནུས་པ་ཐོན་ཐུབ་པ་ཡིན། གར་ཚད 75%གྱི་ཆང་བཅུད་ལ་འབུ་ཕྲ་དེ་གསོད་པའི་ནུས་པ་ལྡན་པ་ཡིན། འོན་ཀྱང་གར་ཚད་དེ་ལས་མཐོ་བའི་ཆང་བཅུད་ཀྱིས་འབུ་ཕྲའི་ཕྱི་ངོས་ཀྱི་སྤྲི་དཀར་རྫས་མྱུར་དུ་སྲ་གཟུགས་སུ་བསྒྱུར་ནས་ཕྱི་ཤུན་རིམ་པ་ཞིག་ཆགས་སུ་བཅུག་ནས་དུག་སེལ་བྱེད་པའི་ནུས་པར་གནོད་པ་གཏོང་སྲིད།

མི་མང་བོས་ཆང་བཅུད་ཀྱིས་དུག་སེལ་བྱ་སྐབས། ཆང་བཅུད་དེ་སྨན་ཆུ་སོགས་གཏོར་ཆས་ཀྱི་ནང་དུ་བླུགས་ནས་ལྭ་བའི་སྟེང་དང་། ལྷམ་གྱི་ཐོག  ཐ་ན་ལག་འཁྱེར་ཁ་པར་བཅས་ཀྱི་སྟེང་གཏོར་ན་རྩ་བ་ནས་ནད་འབུ་གསོད་ཐུབ་པར་འདོད་ཡོད། དོན་དངོས་སུ། ཆང་བཅུད་ཀྱི་བཀོལ་སྤྱོད་བྱེད་ཐབས་ཆེས་ལེགས་པ་ནི་ཆང་བཅུད་ཀྱིས་ཕྱིས་ནས་ཕྱི་བདར་གཏོང་བ་ལས་དངོས་པོའི་སྟེང་དུ་ཐད་ཀར་གཏོར་རྒྱུ་དེ་མིན།

 ཆང་བཅུད་ལྭ་བ་སོགས་ཀྱི་སྟེང་དུ་ཐར་ཀར་གཏོར་བ་དེ་བདེ་འཇགས་ཤིག་མིན་པའི་རྒྱུ་མཚན་ནི་ཆང་བཅུད་འབར་གས་སླ་བས། གང་སར་གཏོར་ན་མེ་སྐྱོན་འབྱུང་ཉེན་ཆེ་ལ། ལྷག་པར་དུ་རླུང་རྒྱུ་མི་ཐུབ་པའི་གནས་སུ་ཉེན་ཁ་དེ་ལས་ཀྱང་ཆེ། དེ་བས་སྒོ་ཟུངས་དང་ལྡེ་མིག  ཁ་པར་སོགས་དངོས་པོ་ཆུང་བའི་རིགས་ལ་དུག་སེལ་བྱེད་སྐབས། ཆང་བཅུད་ཀྱིས་ཕྱིས་པ་ལས་སྟེང་དུ་གཏོར་མི་རུང་།

84རྟགས་ཅན་གྱི་དུག་སེལ་གཤེར་ཁུ་བཀོལ་སྤྱོད་བྱ་སྐབས། ཆང་བཅུད་དང་སྤྱོད་ཁང་གཙང་འཁྲུ་བྱེད་སྤྱད་ཀྱི་འདག་ཁུ་བཅས་གཏན་ནས་མཉམ་བསྲེས་བྱ་མི་རུང་།  84རྟགས་ཅན་གྱི་དུག་སེལ་གཤེར་ཁུ་ནི་ལོས་རྫས་འདུས་པའི་དུག་སེལ་སྨན་རྫས་ཤིག་ཡིན་པས། ཆང་བཅུད་དང་དེ་མིན་ཚྭ་སྐྱུར་འདུས་པའི་འདག་ཁུ་བཅས་མཉམ་བསྲེས་བྱས་རྗེས། རྫས་འགྱུར་གྱི་ངོ་བོ་འགྱུར་ནས་གནོད་ལྡན་གྱི་དུག་རླངས་ཤིག་ཏུ་གྱུར་ཏེ་མིའི་ལུས་སྟེང་དུ་སིམ་ནས། གློ་ལུ་བ་དང་དབུགས་འཚང་བ་སོགས་རྟགས་འབྱུང་བར་མ་ཟད། ཚབས་ཆེ་ན་ད་དུང་དབུགས་འཚང་ནས་འཆི་བའི་ཉེན་ཁའང་འབྱུང་སྲིད། དེ་ལས་གཞན་ད་དུང་དོ་སྣང་བྱེད་དགོས་པ་ནི་འདག་རྫས་ཁ་ཤས་ཤིག84རྟགས་ཅན་གྱི་དུག་སེལ་གཤེར་ཁུ་དང་མཉམ་སྤྱོད་བྱེད་མི་རུང་བས། ཚང་མས་ནམ་རྒྱུན84རྟགས་ཅན་གྱི་དུག་སེལ་གཤེར་ཁུ་ཉར་འཇོག་བྱ་སྐབས་ཆང་བཅུད་དང་སྤྱོད་ཁང་གཙང་འཁྲུ་བྱེད་སྤྱད་ཀྱི་འདག་ཁུ་བཅས་སོ་སོར་འཇོག་དགོས།

གལ་ཏེ་སྤྱོད་ཁང་གཙང་འཁྲུ་བྱ་དགོས་ཤིང་དུག་སེལ་ཡང་བྱ་དགོས་ཚེ། ཐོག་མར་སྤྱོད་ཁང་གཙང་འཁྲུ་བྱེད་སྤྱད་ཀྱི་འདག་ཁུ་བཀོལ་ནས་ཆབ་ཏོག་གཙང་མར་བཟོས་ནས་ཆུ་བཤལ་བརྒྱབ་རྗེས། ད་གཟོད84རྟགས་ཅན་གྱི་དུག་སེལ་གཤེར་ཁུས་དུག་སེལ་བྱས་ན་ཉེན་ཁ་ཅི་ཡང་མི་འབྱུང་།

སྐྱི་པགས་དང་ཚ་གྲང་བརྟག་ཆས། ལག་འཁྱེར་ཁ་པར། སྒོ་ཟུངས་དང་ལྡེ་མིག་སོགས་ལ་དུག་སེལ་བྱེད་སྐབས་ཆང་བཅུད་བཀོལ་ན་ལེགས་ཤིང་། མཐིལ་ཤིང་དང་སོ་ཕག་དཀར་རྩི་མ། ཤེལ་སྒོ་སོགས་ལ་དུག་སེལ་བྱ་སྐབས་ཆང་བཅུད་དང84རྟགས་ཅན་གྱི་དུག་སེལ་གཤེར་ཁུ་གང་ཡང་བཀོལ་ཆོག་པ་ཡིན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།