ཀྲུང་གོ་བོད་ཀྱི་དྲ་བ།

ཤ་དུག་དབྱུག་སྲིན་གྱི་ཟས་དུག་ཕོག་པ་སྔོན་འགོག་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནད་དུག་ངོ་སྤྲོད།

ཤ་དུག་དབྱུག་སྲིན་གྱི་ཟས་དུག་ཕོག་པ་ལ་ཤ་དུག་ཕོག་པ་ཡང་ཟེར་ཞིང་། དེ་ནི་ཤ་དུག་དབྱུག་སྲིན་ལས་གཞན་པའི་དུག་རྒྱུ་འདུས་པའི་ཟས་རིགས་བསྟེན་པ་ལས་བྱུང་བའི་དུག་ཕོག་རང་བཞིན་གྱི་ནད་ཅིག་ཡིན། ནད་ཐོག་ཏུ་སྐྱུར་མེར་ལངས་པ་དང་སྐྱུག་པ། ལྟེ་བའི་དབང་རྩའི་མ་ལག་གི་ནད་རྟགས་ཏེ་དཔེར་ན་མིག་ཤ་དང་གྲེ་ཤའི་ཚོར་བ་ཉམས་པ་གཙོར་བྱས་ཏེ་མངོན་པ་ཡིན།

ཤ་དུག་དབྱུག་སྲིན་དེ་ཀེ་ལན་རྟགས་ཅན་གྱི་གདགས་གཤིས་དབྱང་འདོར་སོ་གཟུགས་འབུ་ཐུམ་དབྱུག་སྲིན་ལ་གཏོགས་ཤིང་། དེ་ནི་དབང་རྩར་ཞེན་པའི་དུག་རྒྱུ་ཞིག་ཡིན་ལ་དུག་ཆེན་པོའི་རིགས་སུ་གཏོགས། མིའི་ཚེ་སྲོག་ལ་གནོད་ཚད0.01mgཡས་མས་ཡིན་ཞིང་། དུག་རྒྱུ་དེར་ཕོ་སྐྱུར་ལ་འགོག་ཤུགས་ཡོད་ཀྱང་ཚ་བ་བསྲན་མི་ཐུབ། ཤ་དུག་གི་དུག་རྒྱུ་ནི་འབུ་ཕྲའི་དུག་རྒྱུ་ཡི་དུག་ཕོག་རང་བཞིན་ཆེས་དྲག་པའི་དུག་རྒྱུ་ཞིག་ཡིན། དེའི་ཁྲོད་ཀྱིAདངBདངEབཅས་རིགས་གསུམ་ནི་རང་ཞིང་གི་རོང་འབྲོག་པ་རྣམས་ལ་ནད་འབྱུང་བའི་དུག་རྒྱུ་གཙོ་བོ་ཡིན་པ་དང་། དུག་གཤིས་ཤིན་ཏུ་དྲག་པོ་ཡོད། དུག་རྒྱུ་དེ་སྐམ་ཤེད་ཆེ་ས་དང་ཁ་བཀབ་ཅིང་འོད་མི་རྒྱག་པའི་ཆ་རྐྱེན་འོག་ཏུ་ལོ་མང་པོར་གསོན་ཐུབ་པ་ཡིན། དུག་རྒྱུ་འདིར་དུག་གཤིས་དྲག་པོ་ལྡན་པར་མ་ཟད། མདོག་དང་དྲི་མ་མེད་ལ་། བྲོ་བ་མེད་ཅིང་ཚོར་དཀའ་བས། ངེས་པར་དུ་མཉམ་འཇོག་དང་འགོག་ཟོན་བྱེད་དགོས།

ཟ་མ་ཅི་ཞིག་ཟོས་ན་ཤ་དུག་ཕོག་པ་ཡིན་ནམ།

སྐམས་ལུག་བཤའ་བའི་གོ་རིམ་ཁྲོད་གལ་སྲིད་ཁོར་ཡུག་ཁྲོད་ནས་ཤ་དུག་དབྱུག་སྲིན་གྱི་སྦགས་བཙོག་ཐེབས་པའམ། ཡང་ན་ཉར་ཚགས་ལེགས་པོར་མ་བྱས་པར་ངོ་བོ་འགྱུར་བ་དང་རུལ་མྱགས་སུ་གྱུར་བ་ལ་ཤ་དུག་དབྱུག་སྲིན་འབྱུང་བ་ཡིན། དཔེར་ན་རང་ཞིང་གི་འབྲོག་ཁུལ་དུ་དགུན་ཤ་དང་བྱ་ནག་གི་ཤ ལྕགས་ཀྲིན་རུལ་བའི་ཤ་དང་ཕག་ཤ་བསྙལ་མ་སོགས་ཡོད་ཅིང་། དེ་དག་ཟོས་རྗེས་ཤ་དུག་ཕོག་སླ་བ་རེད།

ཤ་དུག་ཕོག་པ་ལ་ནད་རྟགས་གཙོ་བོ་གང་དག་ཡོད་དམ།

1.མགོ་ཡུ་ཅུང་ཙམ་འཁོར་བ་དང་། ལུས་ཡོངས་ལ་ཤུགས་མེད་པ།

2.མིག་གིས་རབ་རིབ་ཏུ་མཐོང་པ་དང་མིག་འབྱེད་མི་ཐུབ་པ།

3.ལྡད་མི་ཐུབ་པ་དང་མིད་མི་ཐུབ་པ་ཚབས་ཆེ་བ། སྐད་ཆ་བཤད་མི་ཐུབ་པ་དང་མགོ་དགྱེ་མི་ཐུབ་ཅིང་དབུགས་ལེན་དཀའ་བ་དང་། ཐ་ན་སྲོག་ཀྱང་ཤོར་སྲིད།

སྔོན་འགོག་བྱེད་ཐབས།

1.སྐམས་ལུག་བཤའ་དུས་གཅིག་གྱུར་གྱི་བཤའ་གནས་གཏན་འཁེལ་བྱས་ཏེ། ས་རྒྱུ་དང་སྲོག་ཆགས་ཀྱི་རྟུག་པ་སོགས་ཀྱི་སྦགས་བཙོག་དང་གཡོལ་བ།

2.བཤས་ཟིན་པའི་སྐམས་ལུག་གི་ཤ་འཁྱགས་སྒམ་དུ་ཉར་བ་དང་མགྱོགས་པོར་བཟའ་བ།

3.ཟ་དུས་ངེས་པར་དུ་ཚོས་ཐག་ཆོད་དུ་འཇུག་པ།

4.ཉར་ཡུན་རིང་བའི་དགུན་ཤ་དང་ངོ་བོ་འགྱུར་ཞིང་རུལ་མྱུགས་སུ་གྱུར་བའི་ཤའི་རིགས་མི་བཟའ་བ།

5.གལ་ཏེ་ཤ་དུག་ཕོག་ཚེ་མྱུར་ཏུ་དུག་འགོག་སྨན་རྫས་བཀོལ་ནས་སྨན་བཅོས་བྱེད་པ་བཅས་སོ།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།