ཀྲུང་གོ་བོད་ཀྱི་དྲ་བ།

དུ་བ་འཐེན་ན་མཐོང་ཤུགས་ལ་གནོད་པ་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུ་བ་འཐེན་ན་ནད་རིགས་མང་པོ་སློང་བར་མ་ཟད། དུ་དུག་ཕོག་པ་ལས་མིག་གི་མཐོང་ཤུགས་ཇེ་ཞན་དུ་འགྲོ་བ་སོགས་ཀྱི་མིག་ནད་ཀྱང་མང་པོ་སློང་བ་རེད།

ཞིབ་འཇུག་ལས་མངོན་པ་ལྟར་ན། དུ་དུག་ཕོག་པ་ལས་མཐོང་ཤུགས་ཇེ་ཞན་དུ་འགྲོ་བ་ནི་དུ་རྩའི་ཁྲོད་དུ་འདུས་པའི་ཆིན་འགྱུར་རྫས་ཀྱིས་བསླངས་པ་དང་། ཆིན་འགྱུར་རྫས་ཀྱིས་ཕྲ་ཕུང་མདོག་རྒྱུCདབྱང་འགྱུར་རྩབས་ལ་ཚོད་འཛིན་ཐེབས་ཏེ། ཕྲ་ཕུང་གི་སྐྱེ་དངོས་དབྱང་འགྱུར་ལ་གེགས་རྐྱེན་ཐེབས་པ་ལས་བྱུང་བ་རེད། དུ་བ་འཐེན་ན་ད་རུང་མཐོང་བྱེད་དྲ་སྐྱིའི་ཁྲག་རྩ་སྲ་འགྱུར་བྱུང་སྟེ། མིའི་མཐོང་ཤུགས་ཇེ་ཞན་དུ་འགྲོ་བ་དང་། དེ་ལས་གཞན་ད་རུང་དུ་དུག་ཕོག་པ་ལས་མཐོང་ཤུགས་ཇེ་ཞན་དུ་འགྲོ་བ་དེ་འཚོ་རྒྱུB1དང་འཚོ་རྒྱུB12མ་འདང་བ་དང་འབྲེལ་བ་དམ་པོ་ཡོད། དུ་བ་འཐེན་ཞོར་ཆང་འཐུང་རྒྱུར་དགའ་བའི་མི་ལ་དུ་དུག་ཕོག་པའི་ཉེན་ཁ་ཧ་ཅང་ཆེ།

དུ་དུག་ཕོག་པ་ལས་མཐོང་ཤུགས་ཇེ་ཞན་དུ་འགྲོ་བའི་ནད་ཐོག་ནད་རྟགས་ནི་མཐོང་ཤུགས་ཇེ་ཞན་དུ་འགྲོ་བ་དང་མིག་ཟུང་དཀྱིལ་མཐོང་དངོས་པོ་རབ་རིབ་ཏུ་འགྱུར་བར་མ་ཟད། ནད་རྟགས་ཇེ་ལྗིད་ནས་ཇེ་ལྗིད་དུ་འགྲོ་བ་རེད། ནད་དེ་ཐོག་མར་འབྱུང་བའི་སྐབས་སུ། སྨན་ཁང་དུ་སོང་ནས་མིག་ལ་བརྟག་བཤེར་བྱས་ན་ཅི་ཡང་ཤེས་མི་ཐུབ་པས། ཟླུམ་རྒྱབ་མཐོང་བྱེད་དབང་རྩའི་ཚ་ནད་དུ་ནོར་སླ་ཞིང་། ཚབས་ཆེ་བའི་སྐབས་སུ་མིག་ཤུགས0.1གྱི་མན་ལ་འགྲོ་བ་དང་། ཐ་ན་མིག་གཉིས་ཀྱིས་ཅི་ཡང་མི་མཐོང་བའི་གནས་ཚུལ་ཡང་འབྱུང་སྲིད།

མཐོང་ཤུགས་མ་ཉམས་པའི་སྔོན་ལ། ནད་པར་ཐོག་མར་མདོག་ཚོར་རྒྱུན་ལྡན་མིན་པའི་སྣང་ཚུལ་བྱུང་སྟེ། དཀར་སྔོ་དམར་ལྗང་སོགས་ཁ་དོག་གི་དབྱེ་བ་འབྱེད་དཀའ་བ་རེད། དུ་དུག་ཕོག་པ་ལས་མཐོང་ཤུགས་ཇེ་ཞན་དུ་འགྲོ་བའི་སྣང་ཚུལ་དེ་མིག་གཉིས་ཀར་མཉམ་གཅིག་ཏུ་འབྱུང་ཞིང་།མཐོང་ཤུགས་ཉམས་ནས་དུས་ཡུན་རིང་པོ་འགོར་རྗེས། མིག་གི་དབང་རྩ་སྐུམ་པའི་གནས་ཚུལ་འབྱུང་སྲིད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།