ཀྲུང་གོ་བོད་ཀྱི་དྲ་བ།

ལང་ཚོ་རྒྱས་དུས་ཀྱི་སེམས་ཁམས་ཀྱི་འགྱུར་བར་ཁྱད་ཆོས་གང་དག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རང་ཉིད་ལ་ཚོད་འཛིན་མི་ཐུབ་པའི་སེམས་ཁམས་ཀྱི་འགྱུར་བ།

ལང་ཚོའི་དུས་ཀྱི་ན་གཞོན་ཚོའི་སེམས་ཁམས་ནི་སྐབས་འགར་ཧ་ཅང་ཛ་དྲག་ཆེ་བ་དང་སྤྱོད་པ་རྩུབ་པ། ཐ་ན་ཚོད་འཛིན་བྱེད་མི་ཐུབ་པ་ཞིག་སྟེ། དཔེར་ན། མི་ཚང་མས་ཧ་ཅང་རྒྱུན་ལྡན་དུ་མཐོང་བའི་དོན་དག་ཅིག་ལའང་ཁོ་ཚོར་རྒྱུན་ལྡན་མིན་པའི་ཚུར་སྣང་དྲག་པོ་འབྱུང་སྲིད་པ་དང་། ཡང་སྐབས་འགར་ཁོ་ཚོའི་སེམས་ཤུགས་ཆེ་རུ་འགྲོ་བ་དང་སྤྲོ་སེམས་རབ་ཏུ་འཁོལ་བ། ལན་རེར་ཁོ་ཚོར་སྒྱིད་ལུག་དང་ཉམས་ཉེན། སུན་སྣང་བཅས་འབྱུང་གིན་ཡོད། སྤྲོ་སེམས་འཁོལ་བ་དང་སུན་སྣང་གི་སེམས་ཁམས་ནི་ཁོ་ཚོར་མཚོན་ན་རང་ཉིད་ཀྱིས་ཚོད་འཛིན་བྱེད་དཀའ་བ་ཞིག་རེད། གལ་ཏེ་ཁོ་ཚོར་སྒྱིད་ལུག་གི་བསམ་པ་སྐྱེས་ཚེ་དུས་ཡུན་རིང་བོར་སེམས་ཁྲལ་ཆེ་བ་དང་སེམས་མི་སྐྱིད་པའི་སྣང་བ་འབྱུང་གིན་ཡོད་ལ། དེ་ལྟ་བུའི་སེམས་ཁམས་ཀྱི་འོག་ཏུ་ཁོ་ཚོ་མི་འདོད་པའི་དོན་དག་དང་བར་ཆད་སོགས་དང་འཕྲད་སྐབས་རང་ཉིད་ཀྱིས་གནོན་དཀའ་བའི་ཁོང་ཁྲོ་དང་ཕར་རྒོལ་བྱེད་པའི་སེམས་ཁམས་སྣ་ཚོགས་འབྱུང་ཞིང་། ལྷག་པར་དུ་ཕ་མའི་མདུན་ནས་ཚོད་འཛིན་མི་ཐུབ་པ་རེད། ཁོ་ཚོ་སེམས་ཁམས་བདེ་ལ་བབས་རྗེས་འགྱོད་པ་སྐྱེས་ཀྱིན་ཡོད་མོད། འོན་ཀྱང་དེ་ལྟ་བུའི་སེམས་ཁམས་ཡང་དང་བསྐྱར་དུ་འབྱུང་སྲིད།

ལང་ཚོ་རྒྱས་དུས་ཟིང་ལོང་ཆེ་བ།

གཞོན་པའི་ལང་ཚོ་སྨིན་དུས་ཀྱི་སེམས་ཁམས་ཀྱི་འགྱུར་བ་ཐེངས་གཉིས་པ་ནི་རྟགས་དང་མཚན་མའི་བྱེད་ནུས་རྒྱས་ཏེ་འདོད་པ་སྤྱོད་འདོད་པ་དང་ཕོ་ཡིན་ན་མོ་ཡི་གམ་དུ་བཅར་འདོད་པ། མོ་ཡིན་ན་ཕོ་ཡི་གམ་དུ་བཅར་འདོད་པ་སོགས་སེམས་ཀྱི་འདོད་པ་སྣ་ཚོགས་ཤིག་རྒྱས་མོད། འོན་ཀྱང་ཁོར་ཡུག་དང་གླེང་ཕྱོགས་ཀྱི་ཚོད་འཛིན་དབང་གིས། རབ་རིབ་ཀྱི་མཚར་སྣང་དང་འདོད་པ་དེ་དག་སེམས་ནང་དུ་གབ་སྦས་མི་བྱེད་ག་མེད་ཡིན་པས། སྐབས་དེ་དག་ཏུ་ཅི་ཡིན་འདི་ཡིན་མེད་པར་སེམས་ཁམས་མི་སྐྱིད་པ་དང་མི་བདེ་བ་སོགས་འབྱུང་གིན་ཡོད་ལ། དེ་ནི་ལང་ཚོ་རྒྱས་དུས་ཀྱི་གནད་དོན་ཆེས་འབུར་དུ་ཐོན་པ་ཞིག་རེད།

ཕ་མར་མཚོན་ན། ལང་ཚོ་རྒྱས་དུས་ཀྱི་བྱིས་པའི་སེམས་ཁམས་དང་གནས་སྟངས་ལ་ངོས་འཛིན་ཡག་པོ་བྱེད་པ་ལས། བྱིས་པའི་སེམས་ཁམས་ལ་རང་དགར་ཚོད་འཛིན་བྱེད་མི་རུང་། གནས་བབ་དང་བསམ་ཚུལ་ལ་གཞིགས་ནས་རིམ་གྱིས་ལེགས་ཕྱོགས་སུ་བསྒྱུར་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།