ཀྲུང་གོ་བོད་ཀྱི་དྲ་བ།

མཆིན་ནད་ཁ་པ་ཇི་ལྟར་སྔོན་འགོག་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཆིན་ནད་ཁ་པ་ནི་གནོད་འཚེ་ཧ་ཅང་ཚབས་ཆེ་བའི་འགོས་ནད་རིགས་ཤིག་ཡིན་མོད། འོན་ཀྱང་སྔོན་འགོག་བྱེད་ཆོག་སྟེ། མི་རེ་རེས་མཆིན་ནད་ཁ་པ་སྔོན་འགོག་བྱེད་པའི་ཤེས་བྱ་ཁོང་དུ་ཆུད་པ་དང་ནན་ཏན་གྱིས་དེ་བཞིན་བསྒྲུབས་ཚེ། མཆིན་ནད་ཁ་པ་འགོས་པའི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ།

མཆིན་ནད་ཁ་པའི་འགོག་ཁབ་རྒྱག་པ། མཆིན་ནད་ཁ་པའི་འགོག་ཁབ་རྒྱག་པ་ནི་མཆིན་ནད་ཁ་པའི་ནད་དུག(HBV)སྔོན་འགོག་བྱེད་པའི་བྱེད་ཐབས་ནུས་པ་ལྡན་ཞིག་ཡིན། འགོ་སླ་བའི་མི་སུས་ཀྱང་བརྒྱབ་ཆོག་ལ། འགོག་ཁབ་རྒྱག་ཡུལ་གཙོ་བོ་ནི་གསར་སྐྱེས་ཕྲུ་གུ་ཡིན་ཞིང་། དུས་མཉམ་དུ། HBVནད་དུག་འགོས་མཁན་དང་ཉེ་བར་བཅར་མཁན། སྨན་བཅོས་ལས་དོན་མི་སྣ། མཚན་མཐུན་དགའ་རོགས་སྒྲིག་མཁན་སོགས་ཉེན་ཁ་ཆེ་བའི་མི་ཚོགས་དང་བྱིས་སྐྱོང་སློབ་གསོའི་ལས་གཉེར་བ་དང་ཟས་རིགས་ལས་སྣོན། བཟའ་བཏུང་ཞབས་ཞུ་སོགས་ཀྱི་ལས་རིགས་གཉེར་མཁན་མི་ཚོགས་ཚང་མས་མཆིན་ནད་ཁ་པའི་འགོག་ཁབ་རྒྱག་དགོས་པར་མ་ཟད། དུས་བཅད་ལྟར་དུག་སྲིན་འགོག་རྫས་ལ་བསྐྱར་ཞིབ་བྱེད་དགོས།

གསར་སྐྱེས་ཕྲུ་གུ་དང་དར་མས་མཆིན་ནད་ཁ་པའི་འགོག་ཁབ་རྒྱག་པའི་གོ་རིམ་ནི“016”ཡིན་ཏེ། “0”ནི་སྐྱེས་ནས་དུས་ཚོད24མ་འགོར་བའི་གསར་སྐྱེས་ཕྲུ་གུར་འགོག་ཁབ་དང་པོ་རྒྱག་པ་དང་། “1”ནི་འགོག་ཁབ་དང་པོ་བརྒྱབ་ནས་ཟླ་ངོ་གཅིག་འགོར་རྗེས་འགོག་ཁབ་གཉིས་པ་རྒྱག་དགོས་ལ། “6”ནི་འགོག་ཁབ་དང་པོ་བརྒྱབ་ནས་ཟླ་ངོ6འགོར་རྗེས་སམ། ལོ་ཕྱེད་ལ་སོན་དུས་འགོག་ཁབ་གསུམ་པ་རྒྱག་དགོས་པ་རེད། མཆིན་ནད་ཁ་པའི་འགོག་ཁབ་ཀྱིས་མཆིན་ནད་ཁ་པའི་ནད་དུག་འགོག་ཡུན་དུས་གཏན་རང་བཞིན་མིན་པར་དོ་སྣང་བྱེད་དགོས་ཏེ། སྤྱིར་བཏང་དུ་ལོ་གསུམ་རེ་འགོར་ན་ཤུགས་སྣོན་འགོག་ཁབ་ཐེངས་རེ་རྒྱག་དགོས།

འགོས་ཁྱབ་ཀྱི་རྒྱུ་ལམ་གཅོད་པ། མི་སྒེར་གྱི་གཙང་སྦྲའི་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱེད་དགོས་ཏེ། ནད་པར་འཕྲད་རྗེས་འདག་རྫས་དང་བཞུར་ཆུས་ལག་པ་བཀྲུ་བ་དང་། དུག་སེལ་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱེད་པ། ཐེངས་གཅིག་ཅན་གྱི་ཁབ་རྒྱག་སྤྱོད་ཆས་བཀོལ་བ་དང་། ཁྲག་བཟོས་རྫས་ལ་མཆིན་ནད་ཁ་པའི་ཕྱི་ངོས་འགོག་རྫས(HBsAg)ཀྱི་ཞིབ་དཔྱད་ཚད་ལེན་བྱས་ནས། བཅོས་ཁུངས་རང་བཞིན་གྱི་འགོས་ཁྱབ་ལ་སྔོན་འགོག་བྱེད་དགོས། 50%~80%ཡི་མཆིན་ནད་ཁ་པའི་ནད་དུག་ཕོག་མཁན་གྱི་ཁ་ཆུའི་ནང་དུ་མཆིན་ནད་ཁ་པའི་རིགས་ཀྱི་ནད་དུག་ཡོད་མེད་ཞིབ་དཔྱད་ཚད་ལེན་བྱེད་དགོས། མཆིན་ནད་ཁ་པ་བྱུང་ཡོད་པའི་ནད་པས་བྱིས་པར་མཆུ་སྦྱར་ནས་ཟ་མ་སྟེར་བ་ནི་གོམས་གཤིས་ངན་པ་ཞིག་ཡིན་པས་བཀག་འགོག་བྱེད་དགོས།

འགོ་ཁུངས་ལ་ཚོད་འཛིན་བྱེད་པ། མྱུར་གཤིས་མཆིན་ནད་ཁ་པའི་ནད་པར་ལོགས་བཀར་སྨན་བཅོས་བྱེད་དགོས་ཏེ། དལ་གཤིས་མཆིན་ནད་ཁ་པའི་ནད་པ་དང་མཆིན་ནད་ཁ་པའི་ནད་དུག་ཕོག་མཁན་གྱིས་ཁྲག་སྦྱིན་བཏང་མི་ཆོག་ལ། མཆིན་ནད་ཁ་པའི་ནད་དུག་ཡོད་མཁན་གྱིས་བཟའ་བཏུང་ལས་རིགས་དང་བྱིས་བཅོལ་ལས་ཁུངས་སོགས་ཀྱི་བྱ་བ་གཉེར་མི་རུང་།

འཕྲོད་བསྟེན་བྱ་བ་ལེགས་པོར་སྒྲུབ་པ། དུག་སྦྲང་དང་འདྲེ་ཤིག ལྗི་བ་སོགས་ཁྲག་འཇིབ་པའི་ལྷུ་ཚིགས་སྲོག་ཆགས་ཀྱིས་ཀྱང་མཆིན་ནད་ཁ་པ་ཁྱབ་སྤེལ་གཏོང་ཐུབ་པས། ཁྱིམ་ཚང་དང་ཁོར་ཡུག་ལ་གཙང་སྦྲ་ལེགས་པོ་བྱེད་པ་དང་ལུས་ཕུང་བཀྲུ་བ། ལྭ་བ་བརྗེ་བ། མལ་གོས་བཀྲུ་བ་དང་ཉི་མར་ལྡེ་བ་སོགས་ཚེགས་ཡང་བོར་བྱེད་དགོས། ནུས་ཚོད་ཀྱིས་རང་རང་གི་སོ་འཁྲུད་དང་ལག་ཕྱིས། ཇ་ཕོར། དཀར་ཡོལ་དང་ཐུར་མ་སོགས་སྤྱོད་པ་དང་། ཟ་མ་མ་ཟོས་སྔོན་དང་ཆབ་གསང་དུ་སོང་བའི་རྗེས། མི་མང་ཚོགས་ས(སྤྱི་སྤྱོད་རླངས་འཁོར་དང་སྨན་ཁང་། སྒོ་རྩིས་ཚོང་ཁང་སོགས)བཅས་སུ་འགྲོ་འོང་བྱས་རྗེས་ལག་པ་བཀྲུ་བའི་མི་སྒེར་གྱི་གཙང་སྦྲའི་གོམས་གཤིས་ཆགས་སུ་འཇུག་དགོས།

འགོ་སླ་བའི་གནས་དང་རྒྱང་དུ་གྱེས་པ། མི་མང་ཚོགས་ས་དང་སྐྲ་གཞར་ཁང་། མཛེས་བཟོ་ཁང་སོགས་སྦགས་བཙོག་བཟོ་སླ་བ་དང་། ཁྲུས་རྫིང་དང་བཞར་གྲི། སྨིན་མ་གཙག་པ། རྐང་པ་བཀྲུ་བ་སོགས་ཀྱི་རྒྱུ་ལམ་ནས་འགོས་ཐུབ་པ་དང་། ཚད་ལྡན་མིན་པའི་སྨན་བཅོས་སྒོ་བསྟེན་ཁང་གིས་ཁབ་སྨན་དང་སྣོད་ཆས། ཡོ་བྱད་བཅས་ལ་གཟབ་ནན་གྱིས་དུག་སེལ་བྱས་མེད་པས། མཆིན་ནད་ཁ་པའི་ནད་དུག་འགོ་སླ་བ་རེད། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།