ཀྲུང་གོ་བོད་ཀྱི་དྲ་བ།

དལ་གཤིས་ཐོགས་འགག་གློ་ནད་ནི་ཇི་ལྟ་བུ་ཞིག་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དལ་གཤིས་ཐོགས་འགག་གློ་ནད(དལ་འགག་གློ་བ)ནི་མཚམས་མེད་དུ་དབུགས་རྒྱུན་འགག་པ་ལྟ་བུའི་མི་བདེ་བའི་ཚོར་བ་སྟེར་བའི་ནད་རིགས་ཤིག་ཡིན་ལ། དེར་སྔོན་འགོག་དང་གསོ་བཅོས་བྱས་ཆོག་པ་ཞིག་ཀྱང་ཡིན། ནད་གཞི་དེ་རིགས་ནི་གཙོ་བོ་དབུགས་ལམ་དང་གློ་བར་རྡོ་ཐལ་སོགས་གནོད་ལྡན་རླངས་གཟུགས་སམ་གནོད་ལྡན་དངོས་གཟུགས་འཚང་བ་ལས་དལ་གཤིས་ཅན་གྱི་གཉན་ཚད་དང་འགྱུར་འབྱུང་བྱུང་བར་འབྲེལ་བ་ཡོད་པ་ཞིག་ཡིན་ལ། ནད་དེས་གཙོ་བོ་གློ་བར་གནོད་འཚེ་གཏོང་གིན་ཡོད་མོད། འོན་ཀྱང་འབྱུང་གཞི་མི་བདེ་བའི་སྣང་ཚུལ་ཡང་ཐོན་གྱིན་ཡོད།

དལ་གཤིས་ཐོགས་འགག་གློ་ནད་ཀྱི་འབྱུང་རྐྱེན་གསལ་པོ་ཞིག་མི་ཤེས་མོད། གསར་རྙེད་བྱུང་བའི་ཉེན་ཁའི་རྒྱུ་རྐྱེན་ལ་ཕྱི་རྐྱེན(ཁོར་ཡུག་གི་རྒྱུ་རྐྱེན)དང་ནང་རྐྱེན(མི་སྒེར་ལ་ཕོག་སླ་བའི་རྒྱུ་རྐྱེན)རིགས་གཉིས་ཡོད། ཕྱི་རྐྱེན་གྱི་ཁོངས་སུ་ཐལ་རྡུལ་དང་རྫས་འགྱུར་དངོས་རྫས་འབྱིན་རྔུབ་བྱེད་པ་དང་། མཁའ་རླུང་བཙོག་འགྱུར། དབུགས་ལམ་རེད་པ་སོགས་ཀྱི་རྒྱུ་རྐྱེན་ཚུད་ཡོད་པ་རེད། ནང་རྐྱེན་ནི་རྒྱུད་འདེད་རྒྱུ་རྐྱེན་དང་། དབུགས་ལམ་གྱི་འགྱུར་འབྱུང་རང་བཞིན་མཐོ་རུ་འགྲོ་བ། ཕྲུ་གུ་སྦྲུམ་པའི་དུས་དང་། ཕྲུ་གུ་དམར་རྗེན།བྱིས་པའི་དུས་སྐབས་སུ་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་གློ་བའི་འཚར་ལོངས་སམ་སྐྱེ་སྟངས་མི་ལེགས་པའི་དངོས་པོའི་བྱེ་བྲག་བཅས་ཚུད་ཡོད།

དུས་ཡུན་རིང་བོར་གློ་ལུ་བ་དང་། འབྱིན་རྔུབ་དཀའ་བ་བཅས་ནི་དལ་གཤིས་ཐོགས་འགག་གློ་ནད་ཀྱི་ནད་རྟགས་ཆེན་པོ་གསུམ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱུ་ཆ་ལས་མངོན་པ་ལྟར་ན། 2020ལོའི་བར་དུ་གློ་བ་འགག་པའི་ནད་ནི་འཛམ་གླིང་རིམས་ནད་ཁྲོད་དཔལ་འབྱོར་གྱི་ཁུར་པོ་ཨང5པར་གནས་པའི་ནད་རིགས་སུ་གྱུར་ཡོད་ལ། སྤྱི་པའི་བདེ་ཐང་གི་གནད་དོན་གཙོ་བོར་ཡང་གྱུར་ཡོད། །

དལ་གཤིས་ཐོགས་འགག་གློ་ནད་སྔོན་འགོག་ཇི་ལྟར་བྱེད་དགོས།

ཐ་མག་གཅོད་པ། ཐ་མག་འཐེན་པ་ནི་དལ་གཤིས་ཐོགས་འགག་གློ་ནད་ཕོག་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས། ནད་རྐྱེན་མ་བསལ་ན་སྨན་བཅོས་བྱས་པར་ཕན་མི་ཐོགས། དེ་བས། ཐ་མག་གཅོད་པ་ནི་དལ་གཤིས་ཐོགས་འགག་གློ་ནད་སྔོན་འགོག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ།ཆེས་སྟབས་བདེ་ལ་ཆེས་སླ་བའི་བྱེད་ཐབས་ཤིག་ཀྱང་ཡིན། ནད་ཀྱི་དུས་རིམ་གང་རུང་དུ་ཐ་མག་བཅད་ན་དལ་གཤིས་ཐོགས་འགག་གློ་ནད་འབྱུང་བ་དང་འཕེལ་རྒྱས་འགྲོ་བར་བཀག་འགོག་གི་ཕན་ནུས་ཐོན་གྱིན་ཡོད།

ཁོར་ཡུག་སྦགས་བཙོག་ཚོད་འཛིན་དང་འགོག་སྲུང་ལེགས་པོ་བྱེད་དགོས། ལས་རིགས་རང་བཞིན་གྱི་ཐལ་རྡུལ་དང་རྫས་འགྱུར་དངོས་རྫས་རྔུབ་ཚད་ཉུང་དུ་བཏང་ན། དབུགས་ལམ་དང་གློ་བ་རྒྱུན་ལྡན་མིན་པའི་གཉན་ཚད་འགྱུར་འབྱུང་ཇེ་ཆུང་དུ་གཏོང་ཐུབ། ལས་ཀའི་དབང་གིས་ཐལ་རྡུལ་རྔུབ་དགོས་པ་སྟེ། དཔེར་ན་རྡོ་སོལ་གཏེར་ཁ་དང་། ལྕགས་རིགས་གཏེར་ཁ། སྲིང་བལ་འཁེལ་འཐག་ལས་རིགས། རྫས་འགྱུར་བཟོ་ལས་ཀྱི་ལས་རིགས། དེ་བཞིན་འཕྲུལ་ཆས་ཞིག་གསོའི་ལས་ཀ་བྱེད་མཁན་རྣམས་ཀྱིས་ལས་ཀ་ལས་སྐབས་སྲུང་སྐྱོབ་ལེགས་པོ་བྱེད་དགོས། ཁང་པའི་ནང་གི་མཁའ་དབུགས་སྦགས་བཙོག་ཇེ་ཉུང་དུ་གཏོང་དགོས། རླུང་མི་རྒྱུག་པའི་གནས་སུ་སྐྱེ་དངོས་འབར་རྫས་འབར་དུ་མི་འཇུག་པ་སྟེ། དཔེར་ན་བུད་ཤིང་དང་ཟས་གཡོས་སྦྱོར་བྱེད་པ། ཁང་པའི་ནང་དུ་མེ་བཏང་ནས་དྲོད་ལེན་པ།གཞན་ཐ་མག་འཐེན་པ་སོགས་སོ། །

སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་དགོས། རང་ལུས་ཀྱི་གནས་ཚུལ་ལ་གཞིགས་ནས་རང་ཉིད་ལ་སྦྱོང་བརྡར་བྱེད་སྟངས་འཚམ་པོ་ཞིག་གདམ་དགོས། དཔེར་ན། འཆམ་འཆམ་དུ་འགྲོ་བ་དང་དལ་མོར་རྒྱུག་པ།ཆུ་རྐྱལ་སྟེག་པ། སྐས་ལ་འཛེགས་པ། རིར་འཛེགས་པ། ཐའེ་ཅི་ཆོན་རྒྱག་པ།བྲོ་འཁྲབ་པ་སོགས་ཡིན།

དབུགས་ལམ་སྟོད་ཀྱི་འགོས་ནད་སྔོན་འགོག་དང་སྨན་བཅོས་ཧུར་ཐག་བྱེད་དགོས། སྟོན་ཁ་དང་དགུན་དུས་སུ་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པ། མི་ཚོགས་མང་བའི་ས་ཆར་མི་སྐྱོད་པ། སྡོད་ཁང་གི་མཁའ་དབུགས་གཙང་མ་ཡིན་དགོས། དབུགས་ལམ་སྟོད་ཀྱི་འགོས་ནད་བྱུང་ན་དེ་མ་ཉིད་དུ་གསོ་བཅོས་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།