ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི“འགུལ་འགོག”ནུས་པ་ཇེ་དྲག་ཏུ་གཏོང་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་ན་རྒས་པ་དང་བསྟུན་ནས།ལུས་ཤུགས་དང་སེམས་ཤུགས་ཡོད་ཚད་ཇེ་ཞན་དུ་འགྲོ་བ་རེད།སྐབས་དེར་ང་ཚོར་རྒྱུན་དུ་སེམས་ཁམས་མི་སྐྱིད་པ་དང་བྲང་ཁོག་ན་བ།དྲན་པ་ཉམས་པ་སོགས་ཀྱི་སྣང་ཚུལ་འབྱུང་ལ།ལ་ལར་བྱ་བའི་སྟེང་སེམས་ཤུགས་ཡོད་ཀྱང་ལུས་པོས་མི་ལྕོགས་པའི་གནས་ཚུལ་འབྱུང་།དེའི་ཁར་སྤྱི་ཚོགས་ཀྱི་འགྲན་རྩོད་རྒོད་ཅིང་བྱ་བའི་གནོན་ཤུགས་ཆེ་བར་མ་ཟད།འཚོ་བའི་སྟེང་གོང་ན་རྒན་པ་དང་འོག་ན་བྱིས་པ་སྙོར་རྒྱུ་ཡོད་པས།རྒྱུན་དུ་རང་ཉིད་སྤྱི་ཚོགས་འདིས་འདོར་སྲིད་སྙམ་པའི་འཇིགས་སྣང་ཞིག་ངང་གིས་སྐྱེ་སྲིད།ནང་སྒོས་སུ་ལས་གནས་སུ་ཡོད་པའི་བུད་མེད་རྣམས་ལ་ལྷག་ཏུ་སེམས་ཁམས་དེའི་རིགས་འབྱུང་སླ་བས།སེམས་མི་སྐྱིད་པ་སོགས་ཀྱི་ཚོར་སྣང་མང་པོ་འབྱུང་བ་རེད།སེམས་ཁམས་ཀྱི་ཚོར་སྣང་མི་སྐྱིད་པ་དེ་དག་དང་གཡོལ་འདོད་ན།གཤམ་གྱི་ཕྱོགས་འདི་དག་ལ་མཉམ་འཇོག་བྱེད་ཤེས་དགོས།

རང་སྟེང་གི་དགེ་མཚན་ལ་ངོས་ཟིན་ཟབ་མོ་ཡོད་པ།མི་ཚེའི་དུས་རིམ་མི་འདྲ་བར་དགེ་མཚན་མི་འདྲ་བ་སྣ་ཚོགས་ཡོད།ལོ་ན་ཇེ་ཆེར་སོང་བའི་དགེ་མཚན་ནི་མི་ཚེའི་ཉམས་མྱོང་ཕུན་སུམ་ཚོགས་པོ་འཛོམས་པ་དེ་རེད།མི་ཚེའི་ཉམས་མྱོང་ནི་རིགས་སྟོབས་བླ་ན་མེད་པ་ཞིག་ཡིན་པས།ལོ་ཚོད་དང་བསྟུན་ནས་ཇེ་མང་དང་ཇེ་མཐོར་འགྲོ་བ་དང་།དེ་ནི་ན་ཆུང་བུད་མེད་རྣམས་ལ་འཛོམས་མི་ཐུབ་པའི་དགེ་མཚན་ཕུན་སུམ་ཚོགས་པོ་ཞིག་ཡིན་པས།བུད་མེད་ལོ་རྒས་རྣམས་ཀྱིས་རང་ཉིད་དང་ལེན་ལེགས་པོ་བྱེད་ཤེས་དགོས།

སྐྱོན་བྲལ་ལེགས་འཛོམས་ཡོང་བར་མི་བརྩོན་པ།ན་རྒས་ནད་རྟགས་ཡོད་པའི་བུད་མེད་མང་པོ་ཞིག་ལ་སེམས་མི་སྐྱིད་པའི་གནས་ཚུལ་འབྱུང་བའི་རྒྱུ་རྐྱེན་ནི།སྐྱོན་བྲལ་ལེགས་འཛོམས་ཡོང་བར་བརྩོན་པའི་དབང་གིས་རེད།ལས་གནས་སུ་ཡོད་པའི་བུད་མེད་མང་པོ་ཞིག་གིས་རྒྱུན་དུ་རང་ཉིད་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་ཞིང་།གོ་གནས་འབུར་དུ་ཐོན་པར་བརྩོན་བཞིན་ཡོད་པས།དེས་རང་ཉིད་ཀྱིས་རང་ཉིད་ལ་གནོན་ཤུགས་མང་པོ་བསྣན་ཡོད།ལོ་ན་རྒས་པ་དང་བསྟུན་ནས་རང་གིས་རང་ལ་གཅེས་སྐྱོང་ལེགས་པོ་བྱེད་དགོས་པ་དང་།རང་ཉིད་ཀྱིས་སྒྲུབ་པ་མི་ལེགས་པར་གུ་ཡངས་གཏོང་དགོས།མཇུག་འབྲས་ལ་དོ་སྣང་ཤུགས་དྲག་མི་བྱེད་པར་བརྩོན་པའི་གོ་རིམ་དེ་བརྒྱུད་པས་ཆོག

ཁྱིམ་མི་དང་གྲོགས་པོར་སེམས་གཏམ་བཤད་པ། ལོ་ན་རྒས་པ་དང་བསྟུན་ནས། ཕ་མ་དང་ཁྱོ་ག བུ་ཕྲུག་དང་གྲོགས་པོ་སོགས་ལ་སེམས་ཀྱི་སྐད་ཆ་བཤད་དེ།ནང་སེམས་ཀྱི་སྡུག་བསྔལ་དང་སེམས་ཁྲལ་ཕྱི་རུ་འདོན་དགོས་ལ།ཁོ་ཚོའི་སེམས་གསོ་ལ་རེ་དགོས་པ་ལས་བྱ་བ་ཡོད་ཚད་རང་ཉིད་ཁོ་ནའི་སེམས་སུ་ཉར་མི་རུང་།

དེ་ལས་གཞན་ད་རུང་། ལོ་ན་རྒས་པའི་ཁྱིམ་མི་གཞན་པར་སྡུག་བསྔལ་བ་དང་དོགས་པ་ཆེ་བ།སྒེར་སེམས་ཆེ་བ།སྐད་ཆ་ཉ་ཉོག་མང་བ།འཚུབ་ཆ་ཆེ་བ་སོགས་ཀྱི་གནས་ཚུལ་འབྱུང་སྐབས།བསམ་ཤེས་སྒོམ་པ་དང་སེམས་གསོ་བྱས་ཏེ།ཁོ་ཚོའི་ཡི་མུག་པ་དང་སྡུག་བསྔལ་བ་སོགས་ཀྱི་སེམས་ཁུར་ཇེ་ཡང་དུ་གཏོང་ཅི་ཐུབ་བྱེད་དགོས།

སེམས་ཁམས་ལེགས་སྒྲིག་བྱེད་པ།ལོ་ན་རྒས་པའི་བུད་མེད་རྣམས་ཀྱིས་རྒྱུན་དུ་སེམས་ཁམས་ལེགས་སྒྲིག་བྱེད་ཤེས་དགོས།རང་གིས་རང་ལ་ན་ཚོད་རྒས་ཟིན་པ་སོགས་ཀྱི་བསམ་པའི་གསང་བརྡ་མི་སྟོན་པ་དང་།རང་ཉིད་ཀྱི་ལུས་པོ་དང་སེམས་ཁམས་ཀྱི་ཚོར་སྣང་ལ་དོ་སྣང་ཤུགས་དྲག་མི་བྱེད་པར།འཚོ་བའི་སྟེང་གྲོགས་པོ་མང་དུ་བསྒྲིགས་པ་དང་ཡིད་རྟོན་རུང་བའི་གྲོགས་པོར་སེམས་ཚོར་མང་དུ་བརྗོད་དེ་སེམས་ཀྱི་བརྟེན་ས་འཚོལ་དགོས།སེམས་མི་སྐྱིད་པའི་དོན་དག་དང་འཕྲད་སྐབས།སེམས་སུ་མི་ཉར་བར་སེམས་ཀྱི་སྡུག་བསྔལ་མི་གཞན་ལ་བཤད་དེ།སེམས་ཁམས་མི་ལེགས་པ་འདོར་ཅི་ཐུབ་བྱེད་དགོས་པ་དང་ནང་སེམས་ཀྱི་འགལ་ཟླ་ཞི་ལྷོད་དུ་གཏོང་ཅི་ཐུབ་བྱེད་དགོས།

གཞན་ད་རུང་།ལུས་སྦྱོང་འོས་འཚམ་བྱས་ན་ལུས་སྟེང་གི་རྙིང་ཚབ་གསར་བརྗེ་དང་ཁྲག་རྒྱུན་འཁོར་རྒྱུག་ཡོང་བར་ཕན་པ་ཆེན་པོ་ཡོད་པས།བུད་མེད་རྣམས་རྐང་ཐང་ལ་འགྲོ་བ་དང་ཐའེ་ཅི་ཆོན་རྩེ་བ།ཆུར་རྐྱལ་བ།སྤོ་ལོ་རྩེ་བ་སོགས་ཀྱི་བྱ་འགུལ་ལ་ཞུགས་ཏེ་སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་ཅི་ཐུབ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།