ཀྲུང་གོ་བོད་ཀྱི་དྲ་བ།

སྦྱོང་བརྡར་བྱས་རྗེས་མྱུར་མོར་ཁྲུས་བྱས་ན་འགྲིག་གམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འགུལ་སྐྱོད་བྱས་རྗེས་ལུས་ཡོངས་ལྷོད་ལ་བབས་མེད་པས། མྱུར་མོར་ཁྲུས་བྱས་ན་མི་ལེགས་ཤིང་། དེ་བས་ཀྱང་ཆུ་གྲང་མོས་ཁྲུས་བྱེད་མི་རུང་།སྦྱོང་བརྡར་བྱེད་སྐབས་མིའི་ལུས་ཡོངས་ཀྱི་ཤ་གནད་ཇེ་གྲིམ་དུ་འགྲོ་བས། སྙིང་གི་ལྡིང་ཚད་དང་དབུགས་ཀྱི་རྔུབ་ཚད་ཇེ་མགྱོགས་སུ་འགྲོ་བའི་ཁར། ཁྲག་གི་འཁོར་རྒྱུག་ཀྱང་ཇེ་མགྱོགས་སུ་སོང་སྟེ། ལུས་ཕུང་གི་ཤ་གནད་དང་སྙིང་ཁམས་སུ་བཞུར་བའི་ཁྲག་རྒྱུན་ཇེ་མང་དུ་འགྲོ་ཞིང་། ལུས་པོ་སྦྱོང་བརྡར་བྱས་རྗེས་ལུས་ཀྱི་དྲོད་ཚད་འཕར་བར་བསྟུན་ནས། ལུས་ཀྱི་བ་སྤུའི་བུ་ག་དང་ཁྲག་སྦུག་ཇེ་ཆེར་སོང་ནས་རྔུལ་ཆུ་མང་པོ་འཛར་ཞོར་ཚ་དྲོད་ཀྱང་ཟད་འགྲོ་བ་རེད།

གལ་ཏེ་ལུས་སྦྱོང་བྱས་ཚར་མ་ཐག་ཏུ་ཁྲུས་བྱེད་པ་དང་། ལྷག་ཏུ་ཆུ་གྲང་མོས་ཁྲུས་བྱས་ཚེ། རྔུལ་ཆུ་ཕྱིར་འདོན་མི་ཐུབ་ལ་ཚ་དྲོད་ཀྱང་འདོན་མི་ཐུབ་པས། ལུས་པོ་བདེ་ལ་འབབ་པར་མི་ཕན་པར་མ་ཟད། ཤ་གནད་ལ་གནོད་པ་དང་ལུས་སྟེང་གི་རིམས་འགོག་ནུས་པ་ཇེ་ཞན་དུ་སོང་ནས། ཆམ་ནད་ཕོག་པ་དང་གློ་ཡུའི་གཉན་ཚད་སོགས་ཀྱི་ནད་རིགས་ཐོན་གྱིན་ཡོད། དེ་ལས་གཞན་ལུས་རྩལ་སྦྱོང་བརྡར་བྱས་ཚར་རྗེས་ཁྲག་རྒྱུན་གྱི་འཁོར་རྒྱུག་དང་སྙིང་གི་ལྡིང་ཚད་ཕྱིར་རང་གནས་སུ་འབྱོར་བར་དུས་ཚོད་ངེས་ཅན་ཞིག་མཁོ་བ་རེད། སྐབས་དེར་ཆུ་ཚ་མོས་ཁྲུས་བྱས་ཚེ། ཤ་གནད་དང་སྐྱི་པགས་ལ་ཟུག་གཟེར་བསླངས་ཏེ་ཁྲག་རྩ་ཇེ་ལྷོད་དུ་འགྲོ་བས། ཤ་གནད་དང་སྐྱི་པགས་ནང་བཞུར་བའི་ཁྲག་རྒྱུན་སྔར་བས་ཇེ་མགྱོགས་སུ་འགྲོ་བ་དང་། དབང་བོ་གཞན་དག་ལ་ཁྲག་འདོན་ཚད་ཇེ་ཞན་དུ་སོང་བས། ལུས་ཕུང་མི་བདེ་བའི་སྣང་བ་ཐོན་གྱིན་ཡོད། རླུང་གི་རྒྱུ་བ་མི་བཟང་བའི་ཁང་པའི་ནང་དུ་ཁྲུས་བྱས་ན་ཀླད་ཆེན་དུ་དབྱང་རླུང་དཀོན་པར་གྱུར་ནས། མགོ་ཡུ་འཁོར་བའི་སྣང་ཚུལ་ཐོན་པར་མ་ཟད་ཀླད་པ་དང་སྙིང་གི་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་ཆེ།

འགུལ་སྐྱོད་བྱས་རྗེས་ལུས་པོ་བདེ་ལ་འབབ་པའི་བྱེད་ཐབས་ནི་ལྷོད་ལྷོད་ཀྱིས་འགུལ་སྐྱོད་བྱ་རྒྱུ་དེ་ཡིན། དཔེར་ན། སྨི200ནས300བར་དལ་འགྲོ་བྱེད་པའམ་གནད་སྙི་མོའི་སྟེང་དུ་ཅུང་ཙམ་ངལ་གསོས་ནས་ལུས་སྟེང་གི་ཚ་ཡལ་དུ་འཇུག་དགོས། ངལ་གསོ་བའི་གོ་རིམ་ཁྲོད་ལག་ཕྱིས་ཀྱིས་ལུས་པོ་གཙང་མར་ཕྱི་བའམ་ཆུ་འཐུང་ནས་ཆུ་ཁ་གསབ་བྱེད་པ་དང་། དལ་བའི་རང་བཞིན་གྱི་རྐྱོང་སྐུམ་ལ་བརྟེན་ནས་ཤ་གནད་ཁྲོད་འདུས་པའི་འོ་སྐྱུར་ཞི་ལྷོད་དུ་གཏོང་བ། དེ་ལས་གཞན། འགུལ་སྐྱོད་བྱས་རྗེས་འཕུར་མཉེད་བྱེད་པ་ནི་ངལ་དུབ་གསོ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།