སྒེའུ་ཁུང་གི་ནག་རྩི།

 དེ་ཡང་བོད་ཁང་གི་རྩིག་ལྡེབས་ངོས་སུ་སྤྱན་དཀྱུས་རིང་ལྟར་གསལ་བའི་སྒེའུ་ཁུང་ནི་ཉི་འོད་དང་རླུང་འགྲོ་བའི་ཆེད་དུ་བཏོད་པ་ཡིན་ལ།  དེ་ཡིན་པས་སྒེའུ་ཁུང་གི་མིང་གི་རྣམ་གྲངས་ལའང་དཀར་ཁུང་དང་རབ་གསལ།  ཁྲ་གླིང་དང་རླུང་འགྲོ་སོགས་རླུང་དང་ཉི་འོད་ལ་འབྲེལ་བ་ཡོད་པ་འབའ་ཞིག་བཏགས་ཡོད།

1.jpg

དེ་ལས་འདིར་དམིགས་ཀྱིས་བགྱི་བ་ནི་སྒེའུ་ཁུང་གི་གཡས་གཡོན་དུ་ཚོན་རྩི་ནག་པོ་བྱུག་པའི་དགོས་པའམ་མཚོན་དོན་དེ་རེད།  འགའ་ཤས་ཀྱིས་བོད་ཁང་གི་སྒོ་དང་སྒེའུ་ཁུང་གི་གཡས་གཡོན་དུ་ཚོན་རྩི་ནག་པོ་བྱུག་པ་ནི་བདུད་ཀྱི་སྨ་ར་མཚོན་བྱེད་རེད་ཟེར་བ་དང་།  ཡང་དམ་ཅན་ཆོས་རྒྱལ་གྱི་རྭ་ཅོ་མཚོན་བྱེད་དུ་བཤད།  ད་དུང་དམངས་ཁྲོད་དུ་ས་དཀར་པོ་ནད་གདོན་བར་ཆད་ཞི་བའི་རྟགས།  ས་དམར་ཁམས་གསུམ་དབང་དུ་སྡུད་པའི་རྟགས།  ས་ནག་དགྲ་གེགས་བར་ཆད་ཞི་བར་བྱེད་པའི་རྟགས་ཞེས་ཚོན་རྩི་ནག་པོ་ནི་དགྲ་བགེགས་ཞུ་བའི་དོད་དུ་བཤད་མོད།  དེ་དག་ནི་དོན་དངོས་ཀྱི་ཕན་ནུས་ལས་རིང་དུ་བསྐལ་བའི་བཤད་ཚུལ་ཞིག་ཡིན་པ་མ་ཟད་དེང་གི་ཚན་རིག་གི་ངོས་ནས་བལྟས་ན་ཅུང་ཙམ་བག་ལ་ཞ་བའི་བརྟུལ་ཞུགས་འདུག

2.jpg

འོ་ན་དོན་དངོས་ཀྱི་མཚོན་དོན་ནི་གང་ཡིན་ཞེ་ན།  དེ་ནི་ཚོས་གཞི་ནག་པོས་ཉི་འོད་འཐེན་པ་དང་དཀར་པོས་ཉི་འོད་འགོག་པའི་ཆོས་ཉིད་བཞིན་བོད་ལྗོངས་ཀྱི་ས་བབ་མཐོ་བ་དང་ནམ་ཟླ་གྲང་བས་དགུན་དུས་སུ་བོད་ཁང་ནང་དུ་དྲོད་ཤུགས་འཐེན་ཕྱིར་སྒེའུ་ཁུང་གི་མཐའ་རུ་ནག་རྩི་བྱུག་པ་རེད།  དེ་ལས་ཀྱང་ནམ་ཟླ་ཇི་ལྟར་གྲང་བའི་ས་ཁུལ་དུ་ཁང་པ་ཧྲིལ་བོར་ནག་རྩི་བྱུག་སྲོལ་ཡོད་པ་ཡང་གནའ་གྲོང་ས་སྐྱའི་བོད་ཁང་ལྟ་བུ་རེད།  དེས་ན་ཚོས་གཞི་དཀར་པོས་ཉི་འོད་འགོག་པ་དང་ནག་པོས་ཉི་འོད་འཐེན་པའི་ཆོས་ཉིད་ནི་དེང་དུས་ཚན་རིག་གིས་ཀྱང་ཁས་ལེན་བཞིན་ཡོད་པས།  ཚུལ་འདི་ལས་རང་ཅག་བོད་ཀྱི་མེས་པོ་རྣམས་ཀྱིས་ཀྱང་སྔོན་མ་ནས་བཟུང་ཚན་རིག་དང་མཐུན་པའི་ཆོས་ཉིད་དེ་རྟོགས་ཡོད་པ་ཤེས་ཐུབ།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།