སྙན་དངགས་རྟག་ཏུ་ངུའི་རྟོགས་བརྗོད་ཀྱི་ཁྲིད་ཆ་ཚང་།

མཛད་པ་པོ། རྗེ་ཙོང་ཁ་བ་བློ་བཟང་གྲགས་པ།

ཁྲིད་མཁན། དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས།

ཁྲིད་ཡུལ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི༢༠༢༢ལོའི་ཞིབ་འཇུག་སློབ་མའི་འཛིན་གྲྭ། 

ཁྲིད་དུས། ༢༠༢༢ལོའི་ཟླ༩པའི་ཚེས༢༠ནས་མགོ་བརྩམས།

ཚན་པ་དང་བོ།

ཚན་པ་གཉིས་པ།

ཚན་པ་གསུམ་པ།

ཚན་པ་བཞི་བ།

ཚན་པ་ལྔ་བ།

ཚན་པ་དྲུག་པ།

ཚན་པ་བདུན་པ།

ཚན་པ་བརྒྱད་པ།

ཚན་པ་དགུ་བ།

ཚན་པ་བཅུ་བ།

ཚན་པ་བཅུ་གཅིག་པ།

ཚན་པ་བཅུ་གཉིས་པ།

ཚན་པ་བཅུ་གསུམ་པ།

ཚན་པ་བཅུ་བཞི་བ།

ཚན་པ་བཅོ་ལྔ་བ།

གསལ་བཤད། འཆད་ཁྲིད་གནང་མཁན་དགེ་རྒན་ཁྱུང་ཕྲུག་བློ་བཟང་དར་རྒྱས་དང་ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ཀྱི་འགན་འཛིན་པ་ཁ་གྱའི་ཁྱུང་སྔོན་རྣམ་གཉིས་ཀྱི་ཆོག་དབང་ལྟར་བརྒྱུད་བཀོད་བྱས་པ་ཡིན།


༄༅།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་པ་བརྗོད་པའི་སྙན་དངགས་དཔག་བསམ་གྱི་ལྗོན་པ་ཞེས་བྱ་བ།

རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་མཛད།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།གང་ཞིག་རྟོགས་ན་མཐའ་དག་སྤྲོས་པའི་ཚོགས།།འདབ་བརྒྱའི་གཉེན་གྱིས་རེག་པའི་བ་མོ་བཞིན།།མ་ལུས་དྲུངས་ནས་འབྱིན་པ་ཟབ་མོའི་ལམ།།བརྒྱ་ཕྲག་དཀའ་བས་བསྒྲུབ་ལ་བརྩོན་རྣམས་རྒྱལ།།སྔོན་ཚེ་སྔོན་གྱི་རྒྱལ་བ་དུ་མ་ལ།།ལྷག་བསམ་ལྷག་པར་བསྐྲུན་པའི་མཐུ་རྟས་པ།།རྒྱལ་བའི་རྒྱལ་སྲས་དམ་པ་རྟག་ཏུ་ངུས།།ཆོས་ཕྱིར་ཆོས་འཕགས་བསྟེན་ཚུལ་འདིར་བཤད་བྱ།།གང་ཡང་ལུས་དང་སྲོག་ལ་མི་ལྟ་བའི་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་ན།བགྲང་བ་ལས་འདས་པའི་བསྐལ་པར་མིང་ཙམ་ཡང་ཐོས་པར་དཀའ་བའི་བླ་ན་མེད་པ་བྱང་ཆུབ་ཀྱང་རྙེད་པར་མི་དཀའ་ན།མངོན་པར་མཐོ་བའི་ཕུན་སུམ་ཚོགས་པ་ལྟ་ཅི་སྨོས།དེའི་ཕྱིར་སྲིད་པའི་བདེ་བ་དབང་པོའི་གཞུ་ལྟར་གཡོ་བའི་ངང་ཚུལ་ཅན་དུ་རྟོགས་པའི་མཁས་པ་རྣམས་ཀྱིས་གཏན་གྱི་བདེ་བ་བསྒྲུབ་པའི་ཕྱིར་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པ་ལ་འབད་པར་རིགས་སོ།།དེ་ཡང་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་དབྱངས་མི་ཟད་པར་སྒྲོགས་པའི་སྲས་ཀྱི་ཐུ་བོར་གྱུར་པ།རྒྱལ་བ་དུ་མ་ལ་དགེ་བའི་རྩ་བ་རླབས་པོ་ཆེ་བསྐྲུན་པའི་རྒྱུད་དང་དབང་པོ་ཡོངས་སུ་སྨིན་པ།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་གོ་ཆ་ཆེན་པོ་བགོས་པ།ནག་པོའི་རྩ་ལག་སྡེ་དང་བཅས་པ་གཞོམ་པ་ལ་ཞུམ་པ་མེད་པའི་བློ་དང་ལྡན་པའི་དཔའ་བོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཞེས་བྱ་བ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་པ་ན།རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པའི་ངོར་མི་བལྟ་ཞིང༌།ལུས་དང་སྲོག་ལ་གནོད་པའི་སྡུག་བསྔལ་མཐའ་དག་ཁྱད་དུ་བསད་ནས་དགེ་བའི་བཤེས་གཉེན་ལས་གདམས་ངག་དང་རྗེས་སུ་བསྟན་པ་བཙལ་ཞེས་ཐོས་སོ།།དཔག་མེད་བསྐལ་པར་གཞན་དབང་གྱུར་པའི་སྙིང་རྗེ་ཤུགས་དྲག་གོམས་པའི་མཐུས།།འགྲོ་བའི་དོན་ལ་རབ་ཏུ་བརྩོན་པའི་ཁུར་ཆེན་ཁྱེར་བར་གྱུར་པ་ཡི།།སེམས་དཔའ་མཆོག་རྣམས་བྱང་ཆུབ་སྤྱོད་ལས་ཕྱིར་ཕྱོགས་གྱུར་པའི་སྐབས་མེད་དེ།།རྒྱ་མཚོར་འབབ་པའི་གངྒཱའི་རྒྱུན་ནི་སུ་ཞིག་གིས་ནི་བཟློག་པར་ནུས།།དེ་ལྟར་བདག་ཉིད་ཆེན་པོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བའི་སླད་དུ་དབེན་པའི་ས་ཕྱོགས་ཤིག་ཏུ་ཕྱིན་པ་དང༌།གཟུགས་མི་མངོན་པར་བར་སྣང་ལས་སྒྲ་འདི་ལྟ་བུ་ཞིག་ཐོས་སོ།།རིགས་ཀྱི་བུ་ཁྱོད་ཀྱིས་ལུས་ངལ་བ་དང༌།གཉིད་དང་རྨུགས་པ་དང༌།བཟའ་བ་དང་བཏུང་བ་དང༌།ཉིན་མོ་དང་མཚན་མོ་དང༌།ཚ་བ་དང་གྲང་བ་ཡིད་ལ་མི་བྱེད་ཅིང་ཕྱོགས་དང་ཕྱོགས་མཚམས་སུ་མ་བལྟ་བར་འདི་ནས་ཤར་ཕྱོགས་སུ་སོང་ཞིག་དང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་རོ།།གཞན་ཡང༌།ཁྱོད་ཀྱིས་སྲིད་པའི་བདེ་ལ་མ་ཆགས་ཤིང༌།།ཀུན་ཏུ་རྟོག་པའི་ལམ་གཞན་དོར་གྱིས་ལ།།རྣམ་པར་མི་རྟོག་རྩེ་གཅིག་ལམ་བཟང་ལ།།ལེགས་པར་ཞུགས་ན་འདོད་པའི་དོན་འགྲུབ་འགྱུར།།གང་ཞིག་མངོན་ཞེན་དྲ་བར་ཚུད་པ་ན།།ཐར་པ་རིང་དུ་གྱུར་ཅིང་སྲིད་པར་འཆིང༌།།དེ་སླད་ཀུན་ཏུ་རྟོག་པའི་མུན་པ་ཀུན།།མི་རྟོག་སྒྲོན་མེས་བསལ་ནས་བགྲོད་པར་རིགས།།དེ་ནས་བདག་ཉིད་ཆེན་པོ་དེས།།མགྲིན་པའི་སྦུབས་དང་མི་ལྡན་ལ།།སོ་དང་རྐན་ལས་བྱུང་མིན་ཞིང༌།།རོ་འཛིན་བསྐྱོད་པ་མེད་ན་ཡང༌།།ལེགས་ལམ་ལེགས་པར་སྟོན་པའི་ངག།སྒྲ་སྙན་སྒྲ་འདྲ་དེ་ཐོས་ནས།།ཇི་བཞིན་ཇི་ལྟར་བསྟན་པའི་ཚུལ།།དེ་ལྟར་དེ་ཡི་རྗེས་སུ་ཞུགས།།འདི་ཡི་བརྩོན་པའི་སྟོབས་ཀྱིས་ཟབ་མོའི་ཚུལ།།ནམ་མཁའི་མཐའ་ཀླས་ཚོལ་བར་མཐོང་བའི་ཚེ།།རང་གི་ཕ་མཐའ་མཐོང་བར་དོགས་གྱུར་ནས།།མཁའ་ཡིས་འདི་ལ་ལམ་རྒྱུས་བསྙད་པ་སྙམ།།ཡང་སྒྲ་དེ་ལས་འདི་སྐད་ཅེས་ཀྱང་ཐོས་སོ།།མཚན་མོའི་བློ་དང་སྡིག་པའི་གྲོགས་པོ་རིང་དུ་བོར།།སྟོང་པ་ཉིད་དང་དགེ་བའི་བཤེས་ལ་ཉེ་བར་བསྟེན།།འདོད་ཡོན་རྣམས་དང་མེ་ཏོག་མདའ་ཅན་བཅོམ་བྱས་ན།།ཕ་རོལ་ཕྱིན་དང་དེ་སྟོན་ཆོས་སྨྲ་མཐོང་བར་འགྱུར།།སྒྱུ་མའི་ན་ཆུང་ལུས་ལ་རོལ་བ་ལྟར།།ཐབས་ལ་མཁས་པའི་འདོད་ཡོན་བསྟེན་པ་ཡི།།དགེ་བའི་བཤེས་ལ་མ་དད་སྤང་བྱ་སྟེ།།ཟང་ཟིང་མེད་པའི་སེམས་ཀྱིས་བསྟེན་པའི་རིགས།།མཁའ་ལ་ཆུ་འཛིན་ལང་ལིང་གཡོ་བའི་ནང༌།།གསལ་ཞིང་བརྗིད་པའི་འབྲུག་གི་སྒྲ་དབྱངས་ལྟར།།སྙིང་ལ་བབ་པའི་གཏམ་བཟང་སྙན་པའི་སྒྲ།།ངོ་མཚར་གདམས་ངག་བདུད་རྩིའི་ཆུ་རྒྱུན་དེ།།ཐོས་པའི་ལམ་ལས་རབ་ཏུ་ཞུགས་པའི་ཚེ།།ཡིད་ནི་གདུང་བའི་རིམས་ནད་དག་ལས་གྲོལ།།དེ་ནས་སེམས་དཔའ་ཆེན་པོ་དེས།།དངོས་འཛིན་གདོན་གྱི་སྤ་བཀོང་ཕྱིར།།སྟོང་ཉིད་རིག་སྔགས་ཚོལ་བ་ལ།།དགོན་པའི་ལམ་དུ་ཞུགས་པར་གྱུར།།དེ་དེ་ལྟར་སྒྲ་དེ་ལས་རྗེས་སུ་བསྟན་པ་བླངས་ནས་ཤར་ཕྱོགས་ག་ལ་བ་དེར་སོང་བ་དང༌།རིང་པོར་མ་ལོན་པར་འདི་སྙམ་དུ།ཀྱེ་མ་བདག་གིས་སྒྲ་དེ་ལ་ཇི་སྲིད་དུ་འགྲོ་བར་བྱ་བ་མ་དྲིས་སོ་སྙམ་དུ་ངུ་ཞིང་མྱ་ངན་བྱེད་དེ་ཕྱོགས་དེ་ཉིད་དུ་འདུག་གོ།ཡིད་ལ་བུད་ཤིང་མེད་ན་ཡང༌།།སྡུག་བསྔལ་མེ་ཆེན་རབ་འབར་ཞིང༌།།མིག་གི་མཁའ་ལ་སྤྲིན་མེད་ཀྱང༌།།མཆི་མའི་ཆར་རྒྱུན་འབབ་པར་གྱུར།།དེ་ལྟར་ཚུལ་དེས་དགུང་བདུན་གྱི་བར་དུ་ཇི་ལྟར་བུ་གཅིག་པ་འཆི་བའི་དུས་བྱེད་པ་ན་མ་དེ་ལ་ཡིད་ལ་བྱེད་པ་གཞན་མི་འབྱུང་བ་དེ་བཞིན་དུ།བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་ནམ་ཞིག་འགྱུར་སྙམ་པ་མ་གཏོགས་པ་ཡིད་ལ་བྱེད་པ་གཞན་མེད་པར་ས་ཕྱོགས་དེ་ཉིད་ན་འཁོད་དོ།།དེ་ལྟར་ཞག་བདུན་འདས་པ་དང༌།དེའི་མདུན་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་ཤིན་ཏུ་མཛེས་པ་བལྟ་ན་སྡུག་པ།མཐོང་བ་ཙམ་གྱིས་ཡིད་འཕྲོག་པ་ཞིག་བཞུགས་པ་མཐོང་ངོ༌།།ཉོན་མོངས་དྲི་མ་དང་བྲལ་བའི།།དེ་ཡི་ཡིད་ཀྱི་མེ་ལོང་ལ།།རྒྱལ་བའི་ཡེ་ཤེས་གཟུགས་བརྙན་ནི།།སྒྱུ་མ་བཞིན་དུ་མངོན་སུམ་སྣང༌།།དེ་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་དེས།དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།རིགས་ཀྱི་བུ་ལེགས་སོ་ལེགས་སོ།།འདི་ལྟར་ཁྱོད་ཡི་དམ་བརྟན་པས་དགེ་བའི་བཤེས་གཉེན་དང་གདམས་ངག་འཚོལ་བ་ལྟར།སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཡོངས་སུ་བཙལ་ཏོ།།རིགས་ཀྱི་བུ་ཤར་ཕྱོགས་སུ་སོངས་ཤིག་དང༌།འདི་ནས་དཔག་ཚད་ལྔ་བརྒྱ་ན་གྲོང་ཁྱེར་སྤོས་ལྡན་ཞེས་བྱ་བ་ཡོད་དེ།དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཞེས་བྱ་བ་བཞུགས་ཏེ།དེ་ན་ཡུན་རིང་པོ་ནས་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན་ནོ།།རིགས་ཀྱི་བུ་དེས་ཀྱང་ད་ལྟ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བ་ལྟར་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་ལོ།།དེ་བས་ན་ཁྱོད་ཀྱིས་ཡིད་ལ་བྱེད་པ་རྒྱུན་མ་བཅད་པར་སོངས་ཤིག་དང༌།རིང་པོར་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་རོ།།དེ་སྐད་ཅེས་བཀའ་སྩལ་པ་དང༌།བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དགའ་བ་དང་ཡིད་བདེ་བས་ལུས་སེམས་ཁྱབ་པར་གྱུར་ཏོ།།

图1.jpeg

།ཇི་ལྟར་རབ་དང་མཚོ་ལ་ཟླ་གཟུགས་ལྟར།།དཔག་ཡས་ཤེས་བྱའི་གནས་རྣམས་ལྷམ་མེ་བ།།གང་ལ་བརྟེན་ནས་སྲིད་པ་མཐར་བྱེད་པ།།བདག་གི་དགེ་བའི་བཤེས་སུ་སུ་ཞིག་འོས།།དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་འདི་སྐད་ཅེས་བཀའ་སྩལ་ཏོ།།བསྐལ་པ་བསྐལ་པར་འབད་པས་བསྙེན་བཀུར་བའི།།ཆོས་འཕགས་ཆོས་སྨྲའི་མཆོག་དེ་ཉིན་དང་མཚན།།རྟག་ཏུ་རྟག་ཏུ་ངུ་ཡིས་བསྟེན་ནས་སུ།།ཡང་དང་ཡང་དུ་མཆོད་པས་མཆོད་པར་གྱིས།།དེ་ལྟར་དེ་བཞིན་གཤེགས་པ་དེ་དག་གིས་བདག་ཉིད་ཆེན་པོ་དེ་དབུགས་ཕྱུང་ནས་མི་སྣང་བར་གྱུར་ཏོ།།དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ཡང་ཏིང་ངེ་འཛིན་དེ་ལས་ལངས་ནས་དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་པ་དང་གང་དུ་བཞུད་པ་མ་འཚལ་ཏེ།དེ་དག་མ་མཐོང་བས་ཡིད་རབ་ཏུ་གདུང་ཞིང་མི་དགའ་བར་འཁོད་དོ།།དེ་ཡིད་ནུབ་ཀྱི་ས་འཛིན་རྩེ།།རྒྱལ་བ་ཉིན་མོར་བྱེད་པས་བོར།།དགའ་བ་ཉམས་པའི་ཟླ་ཟེར་དང༌།།གདུང་བའི་ཀུ་མུད་མཉམ་དུ་གཡོས།།འོན་ཀྱང་ཐེ་ཚོམ་གནས་དེ་དག།མཐའ་ཡས་ཡོན་ཏན་གཏེར་གྱུར་པ།།ཆོས་འཕགས་སྨྲ་བའི་དབང་པོ་ལ།།སླད་ནས་བདག་གིས་དྲི་བར་བྱ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་དུ་སེམས་ཏེ།བདག་ནི་ཤིན་ཏུ་དབུལ་བར་གྱུར་པས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་གོས་རིན་པོ་ཆེ་འམ།གསེར་དང་དངུལ་དང་མུ་ཏིག་དང༌།བྱུ་རུ་དང་།མུ་མེན་དང༌།བཻ་ཌཱུརྱ་ལ་སོགས་པའི་རིགས་སམ།སྤོས་དང༌།མེ་ཏོག་དང༌།ཕྲེང་བ་དང༌།བྱུག་པ་དང༌།བདུག་པ་ལ་སོགས་པ་དེ་ལྟ་བུ་དག་གིས་བསྙེན་བཀུར་བའི་ཆས་ནི་བདག་ལ་མེད་ན།བདག་འདི་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་དྲུང་དུ་སོང་ན་ནི།བདག་གིས་ཚུལ་མ་ཡིན་པ་བྱས་པར་གྱུར་ཏ་རེ་སྙམ་དུ་བསམས་སོ།།དེ་དེ་ལྟར་ཡིད་ལ་བྱེད་ཅིང་བླ་མ་ལ་གུས་པ་ཉེ་བར་བཞག་ནས་མཐར་གྱི་གྲོང་ཁྱེར་ཞིག་ཏུ་ཕྱིན་པ་དང༌།དེའི་གྲོང་བར་གྱི་དབུས་སུ་འདི་ལྟ་བུའི་བསམ་པ་ཞིག་སྐྱེས་པར་གྱུར་ཏོ།།བདག་ལྟའི་གཞི་རྩ་ཆེས་ཆེར་རབ་བརྟན་གསེར་གྱི་གཞིར།།མ་རིག་ཆུ་གཏེར་ལས་ཀྱི་མགྱོགས་འགྲོས་བསྲུབས་ལས་བྱུང་།།སྡུག་བསྔལ་ལྷུན་པོ་སྐྱེ་ཤིའི་བང་རིམ་ཁྱུད་མོས་བསྡམས།།སྲིད་མཚོར་ཡུན་རིང་དོན་མེད་འདའ་བ་དེ་མཐོང་ནས།།ཕངས་པ་མེད་པར་བདག་གི་ལུས།།བཙོངས་ཏེ་དེ་ཡི་རིན་ཐང་གིས།།དགེ་བའི་བཤེས་ལ་བསྙེན་བཀུར་བར།།འདོད་ནས་གྲོང་དུ་ཞུགས་པར་གྱུར།།སྟོད་སྨད་ལུས་འདི་མཛོད་ཀྱི་སྒོ་བསལ་ཏེ།།མཆིལ་མ་སྣབས་དང་བཤང་བ་གཅི་ལ་སོགས།།དྲི་ང་རྒྱུན་དུ་འབབ་པར་སྟོན་པ་འདི།།མི་གཙང་རུལ་པའི་བང་མཛོད་དག་ལ་ནི།།ཡིད་འོང་དངོས་པོ་ཅུང་ཟད་ཡོད་རེ་ཞེས།།འདི་ཡིས་མནའ་ནི་དོར་ཕྱིར་བཀོད་ལྟ་ཡི།།ལུས་ཀྱི་ངང་ཚུལ་འདི་འདྲ་རིག་ནས་ནི།།སེམས་ལྡན་སུ་ཞིག་འདི་ལ་སྲེད་པར་བྱེད།།དེ་ལྟར་བདག་ཉིད་ཆེན་པོ་དེ་ལུས་བཙོང་བའི་ཕྱིར་གྲོང་བར་དུ་འདུག་ནས།སུ་དག་ཁོ་བོའི་ལུས་འདོད་ཅེས་ཡང་ཡང་སྒྲོགས་པས།བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་ཞུགས་པ་དེ་བདུད་སྡིག་ཅན་དེས་རིག་ནས་འདི་སྙམ་དུ་སེམས་སོ།།འདི་ཡིས་སྤྱོད་པའི་ལང་ཚོ་རྫོགས་པ་ན།།ཐབས་ལ་མཁས་པའི་དེད་དཔོན་མཆོག་གྱུར་ནས།།འགྲོ་འདི་སྐུ་གསུམ་རྒྱ་མཚོའི་འཇུག་ངོགས་སུ།།ལམ་བཟང་བདག་མེད་གྲུ་ཡིས་ལེགས་བསྒྲལ་ནས།།རྣམ་གྲོལ་ནོར་བུའི་གླིང་དུ་ཁྲིད་པའི་ཚེ།།བདག་རིས་སྡེ་དང་བཅས་པའི་སྤྱོད་ཡུལ་ལས།།ཤིན་ཏུ་འདས་ཤིང་ཅི་བགྱིར་མ་མཆིས་པས།།དེ་ཕྱིར་དེང་ནས་བར་ཆད་བརྩམ་པར་བྱ།།ཉམ་ཆུང་སྒྲོན་མེ་མྱུར་དུ་འཇིག་སླ་ཡི།།སྟོབས་ཆེན་ནགས་ཀྱི་མེ་ལ་དེ་ལྟ་མིན།།དེ་ལྟར་བསམས་ནས་བདག་ཉིད་ཆེན་པོའི་ཚིག།གཞན་གྱིས་ཐོས་པའི་ལམ་ལས་བསྐལ་པར་བྱས།།དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བདག་ཉོ་བ་མ་རྙེད་པ་དེའི་ཚེ།རང་གི་མངོན་པར་འདོད་པའི་དོན་མ་གྲུབ་པས།ཀྱེ་མ་བདག་ནི་སྐལ་བ་དམན་པ་ཞིག་གོ་སྙམ་དུ་སེམས་ཤིང་མཆི་མ་བླགས་ནས་འདུག་གོ།ལྷ་ཡི་ལམ་ཡང་མ་ཡིན་ཞིང༌།།ཆུ་འཛིན་གོས་དང་བྲལ་ན་ཡང༌།།ཁྱོད་ཀྱི་གདོང་ལ་མཆི་མ་ཡི།།ཆར་རྒྱུན་རྟག་ཏུ་འབབ་པ་འདི།།འཇིག་རྟེན་ཆར་གྱི་རྒྱུན་དག་གི།ཡ་མཚན་གཞོམ་སླད་བྱས་པ་འདྲ།།དེའི་ཚེ་དེ་ལྟར་བཞུགས་པ་མཐོང་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་ལྷག་པའི་བསམ་པ་བརྟག་པའི་ཆེད་དུ།བྲམ་ཟེའི་ཁྱེའུའི་ཆ་བྱད་དུ་སྤྲུལ་ནས་དེའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་སྨྲས་སོ།།རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་དུ་ཡིད་ཁོང་དུ་ཆུད་ཅིང་མིག་ནས་མཆི་མ་འབབ།བྱང་ཆུབ་སེམས་དཔས་སྨྲས་པ།བདག་གི་ལུས་བཙོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་སྙམ་ན་བདག་གི་ལུས་ཉོ་བ་སུ་ཡང་མ་རྙེད་པས་དེའི་སླད་དུའོ།།དེ་ནས་བྲམ་ཟེའི་ཁྱེའུ་དེས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ།།བདག་གི་རིག་བྱེད་ལས་འབྱུང་བའི།།མཆོད་སྦྱིན་སྦྱིན་སྲེག་སྒྲུབ་པའི་རྫས།།མི་ཡི་ཤ་དང་སྙིང་དང་ཁྲག།རྐང་དང་རུས་པ་ཚོལ་བར་བྱེད།།གལ་ཏེ་དེ་དག་གཏོང་ནུས་ན།།ཇི་ལྟར་འདོད་པ་རིན་དུ་སྦྱིན།།དེ་དུས་སྐྱེས་བུ་མཆོག་དེ་ཡི།།སྙིང་སྟོབས་རྒྱ་མཚོ་ཆེར་འཕེལ་ཏེ།།གཏམ་སྙན་ཆུ་བོས་གང་བ་བཞིན།།ཡིད་ནི་ཀུན་ཏུ་དགའ་བར་གྱུར།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཚམ་ཚོམ་མེད་པར་རང་གི་ལུས་ཀྱི་བརླ་གཡས་པའི་ཤ་བཏོགས་ནས་མཚོན་རྣོན་པོས་ལུས་ཕུག་སྟེ།ཁྲག་ཟག་ཅིང་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་ཕྱིན་ཏོ།།དེའི་ཚེ་ཚོང་དཔོན་གྱི་བུ་མོ་ཞིག་སྔོན་གྱི་རྒྱལ་བ་དུ་མ་ལ་དགེ་བའི་རྩ་བ་བསྐྲུན་པ་ན་གཟུགས་མཛེས་ཤིང་བལྟ་ན་སྡུག་པ།ལང་ཚོ་དར་ལ་བབ་པ།མིག་ཨུཏྤལ་སྔོན་པོ་ལྟ་བུ་སྐྲ་མཐོན་མཐིང་དུ་འདུག་ཅིང་ནུ་མ་རབ་ཏུ་རྒྱས་པ།དགའ་ཚལ་གྱི་ལྷའི་བུ་མོ་ལྟ་བུ་ཡོད་པ་དེ།རང་གི་ཕའི་ཁང་པའི་ཡང་ཐོག་གི་སྟེང་ན་བུ་མོའི་འཁོར་བརྒྱ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་ཕ་ལ་རོལ་མོ་བྱེད་ཅིང་གནས་སོ།།སྐྱེ་བ་གཞན་དུ་སྦྱངས་པའི་བསོད་ནམས་མཐུས།།དེ་ཡི་ལུས་ནི་ཤིན་ཏུ་མཛེས་གྱུར་ཏེ།།འཆི་མེད་བུ་མོ་མངོན་སུམ་སྣང་བ་བཞིན།།ཆགས་ལྡན་སྐྱེ་བོའི་མིག་གི་བདུད་རྩིར་གྱུར།།དེ་ཡི་བཞིན་རས་ཆུ་གཏེར་མཛེས་བྱེད་པ།།མིག་གི་ཨུཏྤལ་ཟུང་དག་འགྲན་པ་བཞིན།།བྲང་གི་དཀྱིལ་འཁོར་ནུ་མའི་ཁུར་གྱིས་སྒེག།རོ་སྨད་རྒྱས་ཤིང་སྐབས་ཕྱེད་ཡན་ལག་མཛེས།།དུལ་ཞིང་ཡིད་གཞུངས་དབང་པོ་ཉེར་ཞི་བ།།དེ་ནི་ན་ཆུང་ཚོགས་ཀྱིས་ཡོངས་བསྐོར་ནས།།དྲི་ཟའི་གླུ་དབྱངས་ལྟ་བུར་སྙན་པ་ཡི།།པི་ཝང་སྒྲ་ཡིས་དགའ་བར་རོལ་ཞིང་འཁོད།།དེ་སྔོན་གྱི་དགེ་བའི་རྩ་བའི་མཐུས་བསྐུལ་ནས་ཁང་པའི་བ་གམ་ཞིག་ནས་བལྟས་པས།བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྲམ་ཟེའི་ཁྱེའུ་ལ་རང་གི་ཤ་དང་ཁྲག་གཏོང་བ་ལ་ཞུགས་པ་མཐོང་ནས་མྱུར་བ་མྱུར་བར་བབས་ཏེ་འོངས་པའི་ཚེ།དེ་རང་གི་ལུས་དུར་ཁྲོད་ཀྱི་རོ་ལ་བྱ་བ་བཞིན་དུ་ཆགས་པ་མེད་པར་མཐོང་ངོ༌།།བདག་གི་ལུས་ལའང་ཆགས་མེད་པར།།བྲམ་ཟེ་ཤ་ཁྲག་འདོད་པ་ལ།།གཏོང་བར་ཞུགས་པ་དེ་མཐོང་ནས།།བཟང་མོ་དེ་ཡི་ལུས་དང་སེམས།།ཤིན་ཏུ་འདར་བར་གྱུར་པ་ནི།།གཡོ་བའི་མཚོ་ནང་ཟླ་གཟུགས་བཞིན།།དེ་ནས་བུ་མོ་དེས་བྱང་ཆུབ་སེམས་དཔའ་བྱ་དཀའ་བ་སྤྱོད་པ་དེ་མཐོང་ནས་ལུས་ཤིན་ཏུ་གཡོ་བའི་རླུང་གིས་བསྐྱོད་པའི་ཤིང་ལྟར་འདར་ཞིང་མིག་མཆི་མས་གང་བཞིན་དུ་འདི་སྐད་ཅེས་སྨྲས་སོ།།གང་ཞིག་ལང་ཚོ་གསར་པའི་མེ་ཏོག་གིས་བཀྲ་ཞིང༌།།མཐོ་རིས་ཡལ་གའི་ཁྱོན་ཡངས་ཤིན་ཏུ་མཛེས།།དལ་འབྱོར་ཡོངས་སུ་མཛེས་པའི་ལུས་འདི་ཅི་སླད་དུ།།བརྩེ་བྲལ་བྲམ་ཟེ་འདི་ལ་དེ་རིང་གཏོང་བར་བྱེད།།དེ་སྐད་སྨྲས་ཚེ་སེམས་དཔའ་ཆེ།།རབ་རྒྱས་ཞལ་གྱི་ཆུ་སྐྱེས་མཆོག།གེ་སར་སོ་ཕྲེང་གསལ་ལྡན་པས།།བཟང་མོ་ལ་ནི་འདི་སྐད་སྨྲས།།སྲིང་མོ་བདག་ནི་བཀྲེན་པ་སྟེ།།དགེ་བའི་བཤེས་དང་གདམས་ངག་དག།དོན་དུ་གཉེར་ལ་མཆོད་པའི་རྫས།།སྒྲུབ་སླད་ལུས་འདི་འདི་ལ་གཏོང༌།།དེ་སྐད་ཅེས་སྨྲས་པ་དང༌།བུ་མོ་དེས་འདི་སྐད་ཅེས་སྨྲས་སོ།།ཁྱོད་ཀྱིས་དེ་ལ་བསྙེན་བཀུར་བས་ཡོན་ཏན་གྱི་རྣམ་པ་ཅི་ཞིག་འཐོབ།གདོང་བཞི་པ་འམ་མིག་སྟོང་ལྡན་པའམ།།དྲག་པོའམ་དཔལ་མོའི་གཉེན་ནམ་མདའ་ལྔ་པ།།རྣམ་ཐོས་བུ་འམ་ཉི་མའམ་ཟླ་བའམ།།འཁོར་ལོས་བསྒྱུར་རམ་གང་ཞིག་ཐོབ་པར་འདོད།།ཅེས་སྨྲས་པ་དང༌།བྱང་ཆུབ་སེམས་དཔས་སྨྲས་པ།སྐྱེ་དགུ་གླིང་བཞིའི་རྒྱན་དུ་འགྱུར་བ་དང༌།།གཏིང་ཟབ་སྟོང་ཉིད་རྒྱ་མཚོ་གསལ་བའི་ཕྱིར།།ཉིན་མཚན་སྡོད་པ་བཅོམ་པའི་བརྩོན་འགྲུས་ཀྱིས།།རྣམ་གྲོལ་པད་ཚལ་འབྱེད་པའི་ཉིན་བྱེད་འདིས།།གཞན་ལ་ལམ་སྟོན་འགྱུར་བ་ལྟ་ཞོག་གི།རང་གི་ལུས་ཀྱང་གསལ་བར་མི་ནུས་པའི།།མེ་ཁྱེར་འོད་ལ་སྨོན་པར་བྱེད་པ་ནི།།འཇིག་རྟེན་འདི་ན་འགའ་ཙམ་མཐོང་ངམ་ཅི།།དེ་ལྟར་སེམས་དཔའ་ཆེན་པོ་དེས་བཞིན་གྱི་མདངས་རབ་ཏུ་གསལ་བས་དོན་དུ་གཉེར་བར་བྱ་བའི་གནས་ཟབ་མོ་བསྟན་པ་དེ་ཐོས་ནས་བུ་མོ་དེའི་སྔོན་གྱི་དགེ་བའི་རྩ་བའི་མཐུ་རྟས་པར་གྱུར་ཅིང༌།བྱ་དཀའ་བའི་གནས་གཞན་དུ་བདག་གི་ལུས་ལའང་ལྟོས་པ་མེད་པར་གཏོང་བ་དེ་མཐོང་ནས་འདི་སྙམ་དུ་བསམས་སོ།།ཀྱེ་མ་སྐྱེས་བུ་དམ་པ་རྣམས་ནི་ཆོས་ཀྱི་ཕྱིར་བདག་གི་ལུས་ཀྱང་རྩྭ་ལྟར་འདོར་བར་བྱེད་ན་ཟང་ཟིང་གི་ལོངས་སྤྱོད་ལ་སུ་ཞིག་ཆགས་པར་བྱེད།དེ་བས་ན་འདི་ལ་དགོས་པའི་ཡོ་བྱད་ནོར་བུ་དང༌།མུ་ཏིག་དང༌།གསེར་དང༌།དངུལ་དང༌།སྤུག་དང༌།རྡོའི་སྙིང་པོ་དང༌།མན་ཤེས་དང༌།བྱུ་རུ་དང༌།མུ་མེན་དང༌།བཻཌཱུརྱ་དང༌།གཞན་ཡང་གོས་དང༌།རྒྱན་དང༌།བཟའ་བ་དང༌།བཅའ་བ་དང༌།མྱང་བ་དང༌།བལྡག་པར་བྱ་བ་རྣམས་དང༌།མེ་ཏོག་དང༌།བདུག་པ་དང༌།དྲི་དང་ཕྱེ་མ་དང༌།རོལ་མོ་ལ་སོགས་པ་ཐམས་ཅད་བདག་གི་ཕ་ཚོང་དཔོན་གྱི་ཁྱིམ་ནས་བླངས་ནས་བྱིན་ལ་བདག་ཀྱང་དགེ་བའི་བཤེས་གཉེན་དེ་བལྟ་བ་དང༌།བསྙེན་བཀུར་བའི་སླད་དུ་འདིའི་ཕྱི་བཞིན་དུ་འགྲོ་བར་བྱའོ་སྙམ་དུ་ཡིད་ལ་ངེས་པར་གྱུར་ཏོ།།སྙིང་སྟོབས་ཚ་ཟེར་རབ་འབར་ཞིང༌།།ཆགས་མེད་འོད་སྟོང་འཕྲོ་བ་ཅན།།རྒྱལ་སྲས་སྤྱོད་པ་འདབ་བརྒྱའི་གཉེན།།མཐོང་བས་བཟང་མོ་དེ་ཡི་ཡིད།།འབྱུང་བའི་མུན་པ་རབ་བཏང་སྟེ།།གཏོང་བའི་སྣང་བས་གསལ་གྱུར་ཅིང༌།།དང་བའི་པད་ཚལ་ཆེར་རྒྱས་ནས།།སེམས་དཔའ་ཆེ་ལ་འདི་སྐད་སྨྲས།།གང་གིས་བདག་ཉིད་གདུང་བྱེད་པའི།།བྱ་བ་འདི་ལས་ཁྱེད་ཐུགས་ལྡོག།མཆོད་པའི་ཡོ་བྱད་མཁོ་དགུ་དག།ཁོ་མོས་ཁྱོད་ལ་སྦྱིན་གྱིས་ལོངས།།བདག་ཀྱང་ཁྱོད་ལ་བརྟེན་ནས་ནི།།སེམས་དཔའ་མཆོག་དེ་མཐོང་བར་འདོད།།དེ་སྐད་ཅེས་སྨྲས་པ་དང༌།བྱང་ཆུབ་སེམས་དཔས་ཀྱང་ཁས་བླངས་སོ།།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སེམས་དཔའ་ཆེན་པོ་དེའི་ལྷག་པའི་བསམ་པ་གཡོ་བ་མེད་པར་མཁྱེན་ནས།སྤྲུལ་པའི་ལུས་མི་སྣང་བར་བྱས་ཏེ།རང་གི་གཟུགས་ཀྱིས་དེ་ལ་འདི་སྐད་ཅེས་སྨྲས་སོ།།རིགས་ཀྱི་བུ་ང་ལ་སྙིང་དང་ཁྲག་དང་རྐང་དང་ཤ་དག་གིས་དགོས་པ་མེད་དེ་ངས་ཁྱོད་ཉམས་སད་པའི་ཕྱིར་དུ་འོངས་སོ།།རིགས་ཀྱི་བུ་ལེགས་སོ་ལེགས་སོ།།ཁྱོད་ཀྱི་བརྩོན་པ་འདི་ལྟ་བུ་དང་དོན་དུ་གཉེར་བ་འདི་ལྟ་བུ་དང་ལྡན་པ་ནི་ལེགས་སོ།།སྔོན་གྱི་རྣམ་འདྲེན་རྒྱལ་བ་དེ་དག་ཀྱང༌།།སྤྱོད་ཚུལ་ཟབ་མོའི་ལམ་བཟང་འདི་ནས་གཤེགས།།དེ་དག་གཤེགས་པའི་ལམ་བཟང་དམ་པ་ནས།།རིང་པོར་མི་ཐོགས་ཁྱོད་ཀྱང་འགྲོ་བར་འགྱུར།།དེ་ལྟ་བས་ན་བདག་ལ་དམ་པ་སྩོལ་ཅིག།བྱང་ཆུབ་སེམས་དཔས་སྨྲས་པ།བརྒྱ་བྱིན་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་སྩོལ་ཅིག།བརྒྱ་བྱིན་གྱིས་སྨྲས་པ།གང་ཞིག་སྲིད་ལས་རྒལ་བ་ཡི།།སློབ་མ་དང་ནི་བསེ་རུས་ཀྱང༌།།མྱོང་བར་མ་གྱུར་གནས་དེ་ནི།།བདག་གི་སྤྱོད་ཡུལ་མ་ཡིན་ནོ།།དེ་ལྟ་བས་ན་མཆོག་གཞན་སྩོལ་ཅིག།བྱང་ཆུབ་སེམས་དཔས་སྨྲས་པ།བདག་ལུས་ཉམས་པའི་རྨ་འདི་ཡིས།།ཁྱོད་ཡིད་གདུང་བར་བྱ་མི་དགོས།།

图2.jpeg

བརྩོན་འགྲུས་རྦ་རླབས་ལྡོག་པར་སླ་མིན་པ།།ཡོན་ཏན་མཆོག་གི་རྒྱ་མཚོ་ཆེན་པོ་ཞིག།མིག་སྟོང་སྒྱུ་མའི་སྦྱོར་བ་སྟོན་པ་ལ།།རང་གི་ལུས་ཀྱང་སོག་མའི་ཕུང་པོ་ལྟར།།ཆགས་མེད་གཏོང་ལ་ཞུམ་པ་མ་མཆིས་ཤིང༌།།བདེན་ཚིག་གྲུབ་པས་ལྷ་དབང་སྤོབས་པ་བཅོམ།།དེ་ལྟར་བུ་མོ་དེས་ཇི་ལྟར་གྱུར་པ་རྣམས་ཕ་མ་ལ་རྒྱས་པར་བསྙད་དོ།།དེ་ནས་བུ་མོ་དེའི་ཕ་མས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ།།རིགས་ཀྱི་བུ་མོ།དེ་ད་ལྟ་གང་ན་འདུག།སྨྲས་པ།ད་ལྟ་འོ་སྐོལ་གྱི་སྒོ་དྲུང་ན་མཆིས་སོ།།ཕ་མས་སྨྲས་པ་དེ་ལྟ་ན་ཁྱོད་ཀྱིས་སྐབས་ཕྱེ་ཞིག་དང་བདག་ཅག་ཀྱང་ཁྱོད་དང་ལྷན་ཅིག་ཏུ་འགྲོའོ།།དེ་ནས་བུ་མོ་དེས་སྐབས་ཕྱེ་ནས་བུ་མོ་དེའི་གཡོག་མོ་ལྔ་བརྒྱ་ཡང་རྒྱན་གྱིས་བརྒྱན་ཏེ།ཤིང་རྟ་ལྔ་བརྒྱ་ལེགས་པར་བརྒྱན་པར་བཀོད།བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ཡང་ཚོང་དཔོན་གྱི་བུ་མོ་དེ་དང་ལྷན་ཅིག་ཏུ་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པའི་ཤིང་རྟ་ཆེན་པོ་གསེར་གྱི་དྲ་བས་གཡོགས་པའི་གླང་པོ་ཆེའི་མཆོག་གངས་ཀྱི་དུམ་བུ་འགྲོ་ཤེས་པ་ལྟ་བུས་དྲངས་པའི་ནང་དུ་ཞུགས་ཏེ་བུ་མོ་དེའི་ཕ་མ་དང་བཅས་པ་འཁོར་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ནས་ཤར་ཕྱོགས་ལོགས་སུ་གྲོང་ཁྱེར་ཆེན་པོ་སྤོས་ལྡན་གྱི་ལམ་ག་ལ་བ་དེར་ཞུགས་སོ།།སྔོན་སྤྱད་མ་དྲོས་མཚོ་ལས་ལེགས་འོངས་ཤིང༌།།ངོ་མཚར་སྤྱོད་པའི་རླབས་ཆེན་ཆལ་ཆིལ་གཡོ།།བརྩོན་པའི་རྦ་རླབས་ཕྲེང་བ་དྲག་ཏུ་འཁྲུགས།།ལྷག་བསམ་ཁུར་ཅན་རྒྱལ་སྲས་གངྒཱའི་རྒྱུན།།འཇམ་པའི་ལུས་མཛེས་དལ་བའི་འགྲོས་དང་ལྡན།།སྙན་པའི་སྒྲ་སྒྲོགས་མཛེས་མའི་ཆུ་ཕྲན་འཁོར།།ལྔ་བརྒྱར་བཅས་ཏེ་ཤར་གྱི་ཕྱོགས་ཉིད་དུ།།སྤོས་ལྡན་རྒྱ་མཚོའི་ངོགས་སུ་ཞུགས་པར་གྱུར།།དེ་ལྟར་མཐར་གྱིས་སོང་སོང་བ་དང༌།བདག་ཉིད་ཆེན་པོ་དེས་རྒྱང་རིང་པོ་ཞིག་ནས་གྲོང་ཁྱེར་སྤོས་ལྡན་དང་དེའི་དབུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་སྐྱེ་བོའི་ཚོགས་བརྒྱ་སྟོང་དུ་མ་ལ་ལེགས་པར་འདོམས་པ་མཐོང་བར་གྱུར་ཏོ།།རྒྱུ་སྐར་ཁྲོད་ན་ཀུ་མུད་གཉེན་ལྟར་མཐོང་བ་ཙམ་གྱིས་གདུང་བ་སེལ།།རི་དྭགས་ཁྲོད་ན་སེང་གེ་ལྟ་བུར་འཁོར་དུ་འཇིགས་པ་ཀུན་དང་བྲལ།།གླིང་བཞིའི་དབུས་ན་ལྷུན་པོ་ཇི་བཞིན་དགེ་མཚན་དུ་མས་ཀུན་ནས་བརྗིད།།རིང་མོ་ཞིག་ནས་ཡང་ཡང་ཡིད་ལ་གཅགས་པའི་ཆོས་འཕགས་དེ་ཡིས་མཐོང༌།།དེ་ཚེ་དེ་ཡི་ཡིད་ཀྱི་མཚོ།།དགའ་བའི་རླབས་ཀྱིས་བསྐྱོད་པ་ནི།།ཡང་དག་འཇོག་གི་བསམ་གཏན་གྱི།།བདེ་བས་དཔེར་ཡང་མི་བཟོད་དོ།།དེ་ནས་སེམས་དཔའ་ཆེན་པོ་དེ་ཤིང་རྟའི་ནང་དུ་ཞུགས་བཞིན་དུ་བདག་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་ནི་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་དུ་བསམས་ནས་རང་གི་ཤིང་རྟ་ལས་བབས་སོ།།དེ་བབས་པ་དང་དུས་མཉམ་དུ་བུ་མོ་ལྔ་བརྒྱ་ཡང་ཤིང་རྟ་ལས་བབས་སོ།།དེ་ལྟར་རིམ་གྱིས་སོང་བ་དང༌།རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གྲོང་ཁྱེར་ཆུ་དང་ཞེང་དུ་དཔག་ཚད་བཅུ་གཉིས་བཅུ་གཉིས་ཡོད་པ།འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་མང་པོས་གང་བ།རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ར་བ་རིམ་པ་བདུན་དང་འོབས་རིམ་པ་བདུན་དང༌།རྟ་བབས་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ།མཉམ་པའི་སྲང་བར་ལྔ་བརྒྱ་ལྔ་བརྒྱ་དག་གིས་རི་མོར་བྲིས་པ་བཞིན་དུ་གཏམས་ཤིང༌།བར་བར་དུ་ཟམ་པ་བཏགས་པ།གྲོང་ཁྱེར་གྱི་ཁོར་ཡུག་ཏུ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ལྕགས་རིས་ཡོངས་སུ་བསྐོར་བ།དེའི་མདའ་ཡབ་རྣམས་ནི་འཛམ་བུ་ཆུ་བོའི་གསེར་ལས་བྱས་པ།མཐོ་ཞིང་ཚད་དང་ལྡན་པ་མདའ་ཡབ་ཐམས་ཅད་ཀྱི་རྩེ་མོ་ལས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ཤིང་རིན་པོ་ཆེ་སྣ་ཚོགས་ཀྱི་འབྲས་བུའི་ཁུར་གྱིས་དུད་པ་སྐྱེས་ཤིང༌།དེ་ཐམས་ཅད་ལས་ཀྱང་རིན་པོ་ཆེའི་ཐི་གུ་བྱུང་བས་ཤིང་གཉིས་པ་གཞན་དང་འབྲེལ་བར་གྱུར་པ།གྲོང་ཁྱེར་དེ་དག་ཐམས་ཅད་གསེར་གྱི་དྲིལ་བུ་གཡེར་ཁའི་དྲ་བས་ཁེབས་ཏེ།དེ་ལ་རླུང་གིས་བཏབ་པའི་ཚེ་འཇམ་ཞིང་སྙན་པའི་སྒྲ་ཡིད་དུ་འོང་བ་ལས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་དུ་མ་བྱུང་བས་སེམས་ཅན་དེ་དག་གི་ཡིད་འཁོར་བ་ལས་ཕྱིར་ཕྱོགས་པར་བྱེད་ཅིང༌།སྟོང་པ་ཉིད་ཀྱི་ས་བོན་ཀུན་ནས་རྟས་པར་བྱེད་ལ་སེམས་ཅན་དེ་རྣམས་རྩེ་དགའ་བས་དུས་འདའ་བར་བྱེད་པས་དགའ་མགུར་སྤྱོད་དོ།།གཞན་ཡང་གྲོང་ཁྱེར་དེའི་ཕྱི་རོལ་ཏུ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བའི་འོབས་ཡོད་པ།ཆུ་དེ་དག་ལས་ཀྱང་མེ་ཏོག་ཨུཏྤལ་དང་ཀུ་མུ་ད་དང་པདྨ་དཀར་པོ་གཟུགས་མཛེས་ཤིང་དྲི་ཞིམ་པ་དུ་མས་ཡོངས་སུ་ཁེབས་པར་གཡོགས་པ་སྟོང་གསུམ་གྱི་འཇིག་རྟེན་ན་ཡོད་པའི་མེ་ཏོག་གི་རིགས་དག་ལ་དེ་ན་མེད་པ་གང་ཡང་མེད་དོ།།ཆུ་དེ་ལ་སེམས་ཅན་དེ་རྣམས་ཀྱི་སྔོན་གྱི་བསོད་ནམས་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གྲུ་དག་ཡོད་དེ།སེམས་ཅན་དེ་དག་དེར་ཞུགས་ནས་རྩེ་དགའ་བས་ཀུན་ཏུ་རོལ་བར་བྱེད་དོ།།འོག་གཞི་ནོར་བུའི་ཕུང་པོ་བདལ་བ་བཞིན།།ལོགས་རྣམས་སྟོན་གའི་འཇའ་ཚོན་བཀྲ་བ་བཞིན།།བ་གམ་སྤྲིན་དཀར་ཐོར་ཅོག་བཅིངས་པ་བཞིན།།ཀུན་གྱི་མཛེས་པ་གཅིག་ཏུ་བསྡུས་པ་བཞིན།།འདི་ཡི་ངོ་མཚར་རྨད་བྱུང་ཡོན་ཏན་ཚོགས།།མཐོང་བར་གྱུར་ཚེ་ཆེས་ཆེར་ཡིད་གཡོ་བའི།།བཻཌཱུར་སྔོན་པོ་བཞུ་བ་འབབ་འདྲ་ཡི།།རྒྱ་མཚོ་ཆེན་པོས་ལུས་ཀྱི་རླབས་བསྐྱོད་དེ།།གང་གི་གྲོང་ཁྱེར་མཛེས་པ་སྐྱེད་པའི་རྒྱན།།གཟུགས་མཛེས་ཡིད་འོང་དྲི་དང་ལྡན་པ་ཡི།།སྣ་ཚོགས་མེ་ཏོག་གོས་བཟང་གྱོན་ནས་སུ།།ལྷུན་པོ་དོར་ཏེ་འདི་རུ་འོངས་སམ་སྙམ།།སྔོ་བསངས་ལུས་མཛེས་རྙོག་པའི་དྲི་མ་བྲལ།།བཞིན་གྱི་ཆུ་སྐྱེས་འཛུམ་པའི་ཟེའུ་འབྲུ་ཅན།།གནག་ཅིང་སྣུམ་པའི་བུང་བའི་མིག་དཀྱུས་རིང༌།།རིན་ཆེན་གྲུ་ཡི་ནུ་མའི་འབུར་དང་ལྡན།།རླབས་ཕྲེང་དོ་ཤལ་ཐོགས་པ་ཡི།།དགའ་བས་འདི་རྣམས་རང་གི་ལུས།།རིན་ཆེན་འོབས་ཀྱི་ཁང་བཟང་དུ།།བསྐྱོད་པའི་ཟློས་གར་མཐོང་བའི་ཚེ།།ལང་ཚོའི་ལྷུན་སྟུག་གསལ་བའི་མདངས་ཀྱིས་བཀྲ།།ཐོར་ཙུགས་འབྲས་བུའི་ཁུར་གྱིས་ལྷག་པར་བརྗིད།།རིན་ཆེན་གཡེར་ཁའི་འཕྲེང་བས་མགུལ་བརྒྱན་པའི།།མདའ་ཡབ་གསེར་ཁྲིའི་སྟེང་གི་གཞོན་ནུ་འགའ།།འོབས་ཀྱི་ཁང་བཟང་ཕྱོགས་སུ་མངོན་ཕྱོགས་ནས།།མཉེན་ལྕུག་ཡལ་གའི་ལག་པའི་རྩེ་མོ་རྣམས།།ཕན་ཚུན་སྦྲེལ་ཏེ་སྙན་པའི་གླུ་ལེན་ཅིང༌།།འདོད་པ་བསྟེན་ཕྱིར་ལག་པ་གཡོབ་པ་འདྲ།།དེ་ལྟ་བུའི་གྲོང་ཁྱེར་དེ་མཐོང་ནས་བུ་མོ་དེ་དག་ཤིན་ཏུ་ངོ་མཚར་བར་གྱུར་ཏེ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ།།སྔོན་ཆད་འདི་ཡི་མིང་ཙམ་ཡང༌།།ཐོས་པའི་ཡུལ་དུ་མ་གྱུར་པ།།མཛེས་པའི་རིན་ཆེན་ཕོ་བྲང་འདི།།སུ་ཡི་ལགས་པ་བསྟན་ཏུ་གསོལ།།དེ་སྐད་ཅེས་སྨྲས་པ་དང༌།བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་བུ་མོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།།བུ་མོ་འདི་ནི་བདག་ཅག་རྣམས་གང་གི་མཐུས་སྡུག་བསྔལ་གྱི་རྒྱ་མཚོ་མུ་མེད་པ་ལས་སྒྲོལ་བའི་མཉན་པ་ཆེན་པོ་ཆོས་འཕགས་ཞེས་བྱ་བ་དེ་བཞུགས་པའི་གྲོང་ཁྱེར་ཏེ།ད་ནི་རིང་པོར་མི་ཐོགས་པར་རིགས་ཀྱི་བུ་དེས་བདག་ཅག་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོམས་པར་འགྱུར་བས་དགའ་བ་དང་ཡིད་བདེ་བར་གྱིས་ཤིག་ཅེས་སྨྲས་སོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འཁོར་དང་བཅས་པ་གྲོང་ཁྱེར་དེའི་སྒོ་ནས་ཞུགས་ཏེ་དོང་བ་དང༌།དེའི་ནང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐྱེད་མོས་ཚལ་དབྱིབས་མཛེས་ལ་རྣམ་པར་བཀྲ་ཞིང་བལྟ་ན་སྡུག་པ་ནེ་ཙོའི་གཤོག་པ་ལྟར་ལྗང་ཞིང་མཉེན་པའི་ལོ་འདབ་ཀྱིས་ཀླུབས་ཤིང༌།མེ་ཏོག་དང་འབྲས་བུའི་ཁུར་གྱིས་དུད་པའི་ཚལ་ལྔ་བརྒྱ་ཡོད་པ་དེ་དག་གིས་མཐོང་བར་གྱུར་ཏོ།།དེ་མཐོང་མ་ཐག་ཏུ་ཚལ་དེ་འདི་འདྲ་བ་ཞིག་གོ་སྙམ་ནས་བུ་མོ་དེ་དག་གིས་སྨྲས་པ།མ་རྒད་ལོ་མའི་གོས་གྱོན་ཅིང༌།།མེ་ཏོག་སར་པའི་ཐོད་བཅིངས་ཏེ།།བསེར་བུས་དལ་གྱིས་བསྐྱོད་པ་ན།།མགྲིན་པ་ཅུང་ཟད་བཀུག་ནས་ནི།།ཤུབ་བུའི་སྒྲ་ཡིས་སྔགས་ཟློ་བ།།འདི་དག་སྔོན་མེད་རིག་སྔགས་མཁན།།དེ་ནས་ཡང་དོང་བ་དང༌།སྐྱེད་མོས་ཚལ་དེ་དག་རེ་རེ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པའི་སེམས་ཅན་དེ་དག་གི་སྔོན་གྱི་ལེགས་པར་སྤྱད་པ་ལས་གྲུབ་པའི་རྫིང་བུ་ཁོར་ཡུག་ཏུ་རྒྱང་གྲགས་ཀྱི་ཚད་ཙམ་པ་ལྔ་བརྒྱ་ལྔ་བརྒྱ་ཡོད་པ།དེ་ལ་ཡང་མེ་ཏོག་ཁ་དོག་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་ཚད་ཤིང་རྟའི་འཕང་ལོ་ཙམ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་ནས་མཛེས་པར་བྱས་པ།ངང་པ་དང་ངུར་པ་དང་ཁྲུང་ཁྲུང་དང་ཀ་རན་ཏ་ག་དང་ས་ར་ས་ལ་སྒྲ་སྙན་ཅིང་སྤུའི་མདོག་སྡུག་པའི་བྱ་དུ་མ་སྐད་སྙན་པ་འབྱིན་པ།སྐྱེད་མོས་ཚལ་དང་རྫིང་དེ་དག་ཀྱང་བདག་གི་བའི་རིས་སུ་ཆད་པ་མེད་པ་ལ་སེམས་ཅན་དེ་རྣམས་དགའ་མགུར་སྤྱོད་པ་མཐོང་བར་གྱུར་ཏོ།།དེ་ལྟར་མཐོང་མ་ཐག་ཏུ་བུ་མོ་དེ་རྣམས་ཀྱིས་རྫིང་གི་ཡོན་ཏན་བསྔགས་ཏེ་སྨྲས་པ།ངོགས་རྣམས་མཛེས་པའི་ལྗོན་ཤིང་དུ་མས་དཀྲིགས།།སྟེང་དུ་སྤུ་སྡུག་བྱ་རྣམས་དགའ་བས་རྩེ།།འགྲམ་ན་ལྡེམ་ལྡེམ་གཡོ་བའི་པདྨོའི་ཚོགས།།རྫིང་གི་ཡོན་ཏན་མཐོང་ཚེ་རྒོད་པ་བཞིན།།འབད་པས་བསྒྲུབས་པ་མེད་ན་ཡང༌།།འདོད་དགུའི་རིན་ཆེན་ལྗོན་པ་ལ།།བདག་གིར་བཟུང་བ་མེད་པར་སྤྱོད།།ལྷུན་པོའི་བྱིང་དུ་ཕྱིན་པ་འདྲ།།དེ་ནས་ཡང་མཐར་གྱིས་དོང་བ་དང༌།གྲོང་ཁྱེར་དེའི་དབུས་ཀྱི་བཞི་མདོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཁང་པ།རིན་པོ་ཆེ་སྣ་བདུན་ལས་བྱས་པ།ཁོར་ཡུག་ཏུ་དཔག་ཚད་ཀྱི་ཚད་ཙམ་རྣམ་པར་བཀྲ་ཞིང་ལྟ་ན་སྡུག་པ་ར་བ་རིམ་པ་བདུན་དང༌།ཤིང་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ།ཁང་པ་དེ་ན་ཁང་པའི་ལོངས་སྤྱོད་དུ་གྱུར་པའི་སྐྱེད་མོས་ཚལ་བཞི་ཡོད་ཅིང༌།སྐྱེད་མོས་ཚལ་རེ་རེ་ལའང་རིན་པོ་ཆེ་དུ་མ་ལས་གྲུབ་པའི་རྫིང་བུ་བརྒྱད་བརྒྱད་ཡོད་པ།གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག་པ་འཕོས་པའམ།སྒྱུ་མ་མཁན་མཁས་པ་ཞིག་གིས་སྤྲུལ་པ་དེ་ལྟ་བུ་དེ་མཐོང་ནས་བུ་མོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ།།གང་གི་བཀོད་པའི་ལྕགས་ཀྱུ་ཡིས།།དབང་པོའི་གཉིས་འཐུང་འཛིན་བྱེད་པ།།ཉམས་དགའི་རིན་ཆེན་ཕོ་བྲང་འདི།།འཆི་མེད་དབང་པོའི་ཕོ་བྲང་ངམ།།འོན་ཏེ་སུ་ཡི་སྒྱུ་མའི་མཐུས།།བདག་ཅག་མིག་ལམ་སྣང་བར་གྱུར།།རྟག་ཏུ་ངུས་སྨྲས་པ།གང་གིས་རང་གཞན་དོན་གཉིས་ཐེག་པའི་ས་སྲུངས་མཆོག་ལ་ལེགས་གནས་ཤིང༌།།བདག་མེད་རྡོ་རྗེ་རབ་ཏུ་འབར་བས་འཇིག་ཚོགས་ལྟ་བའི་ལྷ་མིན་འཇོམས།།ཆོས་རྣམས་མ་ལུས་སྟོང་པར་གཟིགས་པའི་སྤྱན་སྟོང་རབ་ཏུ་གསལ་ལྡན་པ།།བཤེས་གཉེན་ལྷ་དབང་བརྒྱ་བྱིན་གང་དེའི་ཕོ་བྲང་མཆོག་དེ་འདི་ཡིན་ནོ།།རྟེན་འབྲེལ་སྒྱུ་མ་ཐུགས་ཆུད་ནས།།ཆོས་ཀུན་སྒྱུ་མ་སྟོན་མཛད་པ།།རྒྱལ་སྲས་སྒྱུ་མ་མཁན་དེ་ཡིས།།ལེགས་སྤྱད་སྒྱུ་མ་ལས་བྱུང་བའི།།བཀོད་པ་སྒྱུ་མ་ལྟ་བུ་འདི།།གདུལ་བྱ་སྒྱུ་མའི་སེམས་ཅན་ལ།།རྣམ་འཕྲུལ་སྒྱུ་མའི་ཚུལ་བསྟན་པ།།བདག་གིས་སྒྱུ་མའི་གཟུགས་སུ་མཐོང༌།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱའི་འཁོར་དང་བཅས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་སྐྱེད་མོས་ཚལ་དང་རྫིང་བུ་དེ་དག་ལྟ་བ་ལ་ཞུགས་པ་ན།རྟག་ཏུ་དགའ་བ་དང༌།མྱ་ངན་མེད་པ་དང༌།མྱ་ངན་དང་བྲལ་བ་དང༌།མེ་ཏོག་སྣ་ཚོགས་པ་ཞེས་བྱ་བའི་སྐྱེད་མོས་ཚལ་བཞི་ཡོད་དེ།སྐྱེད་མོས་ཚལ་དེ་དག་རེ་རེ་ན་ཡང༌།བཟང་པོ་ཞེས་བྱ་བ་དང༌།བཟང་མཆོག་ཅེས་བྱ་བ་དང༌།དགའ་བ་ཞེས་བྱ་བ་དང༌།དགའ་མཆོག་ཅེས་བྱ་བ་དང༌།བདེ་བ་ཞེས་བྱ་བ་དང༌།བདེ་ལྡན་ཞེས་བྱ་བ་དང༌།ངེས་པ་ཞེས་བྱ་བ་དང༌།མི་འབབ་ཅེས་བྱ་བའི་རྫིང་བུ་བརྒྱད་བརྒྱད་ཡོད་པ་མཐོང་ངོ༌།།རྫིང་བུའི་ར་བ་ཐམས་ཅད་ཀྱང་གསེར་དང༌།དངུལ་དང་བཻཌཱུརྱ་དང་ཤེལ་ལས་གྲུབ་པ་ངོས་བཞི་བཞི་དང་ལྡན་པ།ནང་གི་ས་གཞི་ཀེ་ཀེ་རུ་ལས་བྱས་པ་གསེར་གྱི་བྱེ་མ་བདལ་བ།རྫིང་བུ་དེ་དག་རེ་རེ་ལ་ཡང་ཕྱོགས་དང་མཚམས་རྣམས་སུ་ཐེམ་སྐས་བརྒྱད་བརྒྱད་བཙུགས་ཤིང༌།དེ་དག་གི་བར་བར་ན་ཛམ་བུ་ཆུ་བོའི་གསེར་ལས་གྲུབ་པའི་ཤིང་སྐྱེས་པས་མཛེས་པ།རྫིང་གི་ཆུ་རྣམས་ཀྱང་མེ་ཏོག་གི་ཤིང་གིས་གཏམས་པ་དེ་དག་རླུང་གིས་བསྐྱོད་པའི་ཚེ་མེ་ཏོག་རྣམས་རྫིང་བུའི་ནང་དུ་ལྷུང་བས།རྫིང་བུའི་ཆུ་དེ་དག་ཐམས་ཅད་ཀྱི་ཆུ་ཡང་ཙན་དན་གྱི་དྲི་དང་ལྡན་པར་བྱེད་པ།གྲོང་ཁྱེར་དེ་ན་ཡོད་པའི་སྐྱེས་པ་དང་བུད་མེད་རྣམས་ཀྱང་སྐྱེད་མོས་ཚལ་དང་རྫིང་དེར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པས་རྩེ་དགའ་ཞིང༌།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱང༌།བཙུན་མོ་དྲུག་ཁྲི་དང་བཅས་པ་སྐྱེད་མོས་ཚལ་དེར་དུས་དུས་སུ་འདོད་པའི་ཡོན་ཏན་ལྔས་དགའ་མགུར་ལོངས་སྤྱོད་པར་བྱེད་དོ།།འགྲོ་འདོད་ཡིད་ཀྱི་རླབས་འཁྲུག་དྲག་པོ་ཡིས།།གཞོན་ནུའི་ཆུ་གཏེར་མཐའ་རུ་བསྐྱོད་པའི་ཚེ།།རྫིང་གི་ལྷུན་པོའི་ན་ཆུང་མཛེས་མ་དེས།།འདི་ཡིས་བདག་ལ་འཁྱུད་པ་འདོར་སྙམ་ནས།།ཁ་དོག་བཞི་ཡིས་བཀྲ་བའི་གཞོན་ནུའི་མཚོ།།བླངས་ནས་རང་གི་སྟེང་དུ་འཁོད་པ་འདྲ།།དྭངས་ཤིང་དྲི་མ་མེད་པའི་ཆུ་གཏེར་སྟེང།།གངས་རིའི་ཏོག་ལྟར་དཀར་བའི་ངང་པའི་ཚོགས།།གཤོག་པ་ཟུང་གི་འདབ་མ་བགྲད་བྱས་ནས།།ཚར་དུ་དངར་བས་ཁེབས་པར་སྣང་བ་འདི།།སྟོན་དུས་ལྷ་ཡི་ལམ་ནི་མཛེས་བྱེད་པའི།།སྤྲིན་དཀར་ཕྲེང་བ་འཁྲིགས་ལ་འགྲན་པ་བཞིན།།འཚེ་བ་བྲལ་ཞིང་པདྨའི་རྩ་བ་ཟ།།གུར་ཀུམ་མདོག་གི་འདབ་མའི་ཤུགས་བསྐྱོད་ནས།།མཛེས་པ་འགྲན་འདྲའི་རྫིང་གི་གནས་རྣམས་སུ།།དགའ་བས་ཕན་ཚུན་འཕུར་བའི་ངུར་པ་འདི།།རིང་ནས་དབང་པོ་ཐུལ་པའི་དྲང་སྲོང་འགའ།།ནགས་ཚལ་མེ་ཏོག་ལྡན་པའི་བསྟི་གནས་སུ།།ཏིང་འཛིན་མཐུ་ཡིས་བསྒྲུབས་པའི་རྫུ་འཕྲུལ་གྱིས།།རང་གི་ལུས་ལ་དུ་མར་སྟོན་པ་ལྟ།།དེ་ལྟར་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་དང་ལྡན་པའི་སྐྱེད་མོས་ཚལ་དང༌།རྫིང་དེ་དག་མཐོང་བས་བུ་མོ་དེ་དག་ཆེས་ཡ་མཚན་དུ་གྱུར་ནས་མིག་བགྲད་དེ་ཨ་ལ་ལ་ཞེས་སྒྲོག་པར་བྱེད་དོ།།དེ་ལྟ་བུའི་བཀོད་པ་ཤིན་ཏུ་མཛེས་པའི་གྲོང་ཁྱེར་གྱི་དབུས་ཀྱི་བཞི་མདོ་ན།གྲོང་ཁྱེར་སྤོས་ལྡན་ན་འཁོད་པ་དེ་དག་གིས།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཆོས་སྟོན་པའི་ཁྲི།གསེར་དང་དངུལ་དང་ཤེལ་དང་བཻཌཱུརྱ་ལས་གྲུབ་པའི་རྐང་པ་བཞི་བཙུགས་པ།དེའི་སྟེང་དུ་སྟན་ནང་ཚངས་ཅན་བཏིང་བ།སྟེང་སྙིང་པོ་ཅན་དུ་བྱས་པ་འཕང་དུ་རྒྱང་གྲགས་ཕྱེད་ཡོད་པ་བཤམས་ཏེ།སྟེང་གི་བར་སྣང་ལ་ཀ་ཤི་ཀའི་རས་ཀྱི་བླ་བྲེ་ལ་མེ་ཏོག་གི་ཆུན་པོ་འཕྱང་བས་བརྒྱན་པ་བྲེས་ཤིང༌།ས་ཕྱོགས་དེའི་ཁོར་ཡུག་ཐམས་ཅད་ཀྱང་རིན་པོ་ཆེའི་མེ་ཏོག་དུ་མ་གཅལ་དུ་བཀྲམ་པ་སྤོས་ཀྱི་ཆུས་ཆག་ཆག་བཏབ་ཅིང༌།བདུག་སྤོས་ཀྱི་སྣོད་དུ་མ་ནས་ཀྱང་སྤོས་ཀྱི་དྲི་ཞིམ་པ་དུ་མའི་དུད་པ་འཐུལ་བར་བྱེད་དོ།།དེ་ལྟར་ཁྲི་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་བཞུགས་ནས་སྐྱེ་བོའི་ཚོགས་དུ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ནོ།།སེམས་ཅན་དེ་དག་ཀྱང་ལ་ལ་ནི་ལུང་ནོད།ལ་ལ་ནི་ཁ་ཏོན་བྱེད།ལ་ལ་ནི་ཡི་གེར་འབྲི།ལ་ལ་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པས་སོ་སོར་རྟོག་པར་བྱེད་དེ།དེ་དག་ཀྱང་འཇིག་ཚོགས་ལ་ལྟ་བ་རིང་དུ་དོར་བ།བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་གོ།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཕོ་བྲང་དེ་དང༌།ཧ་ཅང་ཡང་ཐག་མི་རིང་བ་ཞིག་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཞུགས་པའི་ཁང་པ་བརྩེགས་པ་རིན་པོ་ཆེ་སྣ་བདུན་ལས་བྱས་པ།ཙན་དན་དམར་པོའི་ཀ་བ་དུ་མས་སྤྲས་ཤིང་མུ་ཏིག་གི་དྲ་བས་གཡོགས་པ།ཁང་བུ་བརྩེགས་པ་དེའི་ནང་གི་གྲྭ་བཞིར་རིན་པོ་ཆེ་འོད་འབར་བ་བཞི་སྒྲོན་མེའི་བྱ་བ་བྱེད་པའི་ཆེད་དུ་བཀོད་པ།ཕྱོགས་བཞིར་དངུལ་ལས་བྱས་པའི་བདུག་སྤོས་ཀྱི་སྣོད་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པ་བཞིའི་ནང་ན་ཨ་ཀ་རུ་ནག་པོ་འབའ་ཞིག་གི་དུ་བ་རྒྱུན་མི་འཆད་དུ་འཐུལ་བ།དེའི་དབུས་ན་རིན་པོ་ཆེ་སྣ་བདུན་གྱི་སེང་གེའི་ཁྲི་ཆེན་པོ་བཞི་བཙུགས་པ།ལྷ་རྫས་ཀྱི་གོས་ཁ་དོག་རྣམ་པར་བཀྲ་བ་དུ་མས་མཛེས་པར་ཀླུབས་པའི་སྟེང་དུ།རིན་པོ་ཆེ་དུ་མའི་འཆིང་བ་རྣམ་པར་བཀྲ་བའི་རིན་པོ་ཆེའི་སྒྲོམ་ཆེན་པོ་བཞི་བཞག་པ་མཐོང་ངོ༌།།ཀ་བ་དུ་མས་ལེགས་དཀྲིགས་ཀ་གཞུ་ནོར་བུའི་ཕྲ་ཡིས་སྤྲས།།ཁ་ཁྱེར་ཁྱུང་བརྩེགས་ལེགས་བསྐོར་ཁ་བད་པུ་ཤ་སྤ་ཞིང་མཐོ།།པ་ཏྲ་འཁྱིལ་བས་ཀུན་ནས་ལེགས་བརྒྱན་པ་ལ་ཤ་ལྟར་ཡིད་འོང་བརྗིད།།བ་གམ་མང་པོས་ཀུན་ནས་ལེགས་སྤྲས་བ་མོའི་མདངས་ལྟར་ཆེས་དཀར་གསལ།།དེ་ཡི་བཀོད་པའི་ཡ་མཚན་ལ།།སྐྲག་པས་མིག་སྟོང་ལྡན་པའི་གྲོང༌།།ལྷ་ཡི་ལམ་ནས་རབ་འཕགས་ཏེ།།ལྷུན་པོའི་སྟེང་དུ་བྲོས་པ་ལྟ།།དེ་ལྟར་ཁང་པ་བརྩེགས་པ་དེ་ལ་ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་བུ་སྟོང་ཕྲག་དུ་མ་དང་བཅས་ཏེ་ལྷ་རྫས་ཀྱི་མེ་ཏོག་མནྡ་ར་བ་དང་།མནྡ་ར་བ་ཆེན་པོ་དང༌།ལྷའི་ཙན་དན་གྱི་ཕྱེ་མ་དང༌།གསེར་དང་དངུལ་གྱི་མེ་ཏོག་འཐོར།ལྷ་རྫས་ཀྱི་སིལ་སྙན་དུ་མའི་སྒྲ་ཡིད་དུ་འོང་བ་བརྡུང་ཞིང་ཁང་པ་བརྩེགས་པ་དེ་ལ་བཀུར་སྟི་ཆེན་པོ་སྒྲུབ་པ་མཐོང་ངོ༌།།དེ་མཐོང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།།གང་གི་ལྷ་བརྒྱའི་ཡན་ལག་མཆོག་དང་ལག་པའི་པདྨ་མཛེས་བྱེད་པའི།།རྣ་རྒྱན་མཆོག་དང་གདུབ་སྐོར་འཁྲོལ་བའང་མྱུར་དུ་ས་ལ་ལྟུང་བྱེད་ཅིང༌།།རོལ་མོའི་སྒྲ་དང་མེ་ཏོག་འཐོར་ལ་ཁྱོད་ཀྱང་མངོན་པར་བརྩོན་བྱེད་ན།།ཁང་བཟང་ཡིད་འོང་མཛེས་པ་མཆོག་འདིར་ཚངས་པའི་དབང་པོ་བཞུགས་སམ་ཅི།།བརྒྱ་བྱིན་གྱིས་སྨྲས་པ།གང་གིས་ཚངས་དབང་མཆོག་གི་ཡང༌།།ཅོད་པན་ས་ལ་ལྟུང་བྱེད་པ།།སྲིད་པ་གསུམ་གྱི་མཆོད་པའི་གནས།།རྒྱལ་བ་ཀུན་གྱི་ཡུམ་བཞུགས་སོ།།སྐུ་གསུམ་དཀྱིལ་འཁོར་རབ་རྒྱས་པ།།དུག་གསུམ་མུན་པའི་ཚོགས་འཇོམས་ཤིང༌།།ཐེག་གསུམ་པདྨོའི་ཚལ་སྐྱོང་བ།།མཁྱེན་གསུམ་ཉིན་མོའི་དབང་ཕྱུག་བཞུགས།།བདེན་བཞི་རྟོགས་པའི་འོད་དཀར་ཅན།།སྐུ་བཞི་རྒྱ་མཚོ་འཕེལ་བྱེད་ཅིང༌།།གླིང་བཞི་འགྲོ་བའི་གདུང་སེལ་བ།།སྦྱོར་བཞི་རྒྱུ་སྐར་རྒྱལ་པོའང་བཞུགས།།འགྲོ་བའི་སྐྱབས་གཅིག་དོན་དམ་སྐུ།།ཀུན་མཁྱེན་ཉག་གཅིག་ཁོ་ནའི་ཡུམ།།ཆོས་སྐུ་རོ་གཅིག་སྤྲོས་བྲལ་དབྱིངས།།རྒྱལ་བའི་ཡུམ་གཅིག་ཆོས་སྐུ་བཞུགས།།སྤྲོས་བྲལ་དབུ་མའི་མཁའ་ལ་ལེགས་གནས་ཤིང༌།།མཐའ་བརྒྱད་མུན་པའི་དམག་དཔུང་ཉམས་བྱེད་པ།།རྒྱལ་ཡུམ་ཉིན་མོའི་དཔལ་འདི་མཐོང་བའི་ཚེ།།པདྨོའི་གཉེན་འདིའང་སྐྲག་ནས་བྲོས་པ་འདྲ།།སྟོང་ཉིད་སྤྲོས་དང་བྲལ་བའི་དབྱིངས་འདི་ཡིས།།ལྷ་ཡི་ལམ་གྱིས་ཁྱབ་པའི་གོ་ཕྲོགས་ཤིང༌།།ཀུན་ལ་རང་ཉིད་རྗེས་སུ་ཞུགས་པ་ན།།མཁའ་འདིའང་བསྐྲད་པས་མིག་ལམ་མི་སྣང་གྱུར།།རིགས་ཀྱི་བུ་འདིའི་ནང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པའི་གླེགས་བམ་བཞུགས་སོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།།ཀོའུ་ཤི་ཀ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བདག་ལ་སྟོན་ཅིག།བརྒྱ་བྱིན་གྱིས་སྨྲས་པ།རིགས་ཀྱི་བུ་ཟབ་མོའི་གནས་དེ་ནི་སྨྲ་བ་དང་བསམ་པའི་ཡུལ་ཐམས་ཅད་ལས་འདས་ཤིང་སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོང་པ་ཉིད་དང༌།མཚན་མ་མེད་པ་དང་སྨོན་པ་མེད་པའི་རྒྱས་བཏབ་པ་མཚན་མའི་བློ་ཐམས་ཅད་དང་མ་བྲལ་བ་རྣམས་ཀྱིས་བལྟ་བ་དང་བརྟག་པའི་གནས་མ་ཡིན་པ།ཐམས་ཅད་མཁྱེན་པ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ངེད་ཀྱིས་ཁྱོད་ལ་མིང་ཙམ་ཡང་སྟོན་པར་ནུས་རེ་སྐན།རྟག་ཏུ་ངུས་སྨྲས་པ།དེ་ལྟ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བདག་ལ་སྟོན་ཅིག།བརྒྱ་བྱིན་གྱིས་སྨྲས་པ།རིགས་ཀྱི་བུ་དེ་ཡང་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་བཞུ་བས་བྲིས་པ་རྙེད་པར་དཀའ་ཞིང་དོན་ཆེ་བ་ཉིད་ཀྱི་ཕྱིར།བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་སྐ་རགས་བདུན་བདུན་གྱིས་ཤིན་ཏུ་དམ་པར་བཅིངས་ནས་མདུད་པའི་གནས་བདུན་ལ་རང་མིང་གི་རྒྱ་རིམ་པ་བདུན་གྱིས་བཏབ་ནས་བཞག་པས།ངེད་ཀྱིས་ཁྱོད་ལ་ཤིན་ཏུ་བསྟན་པར་དཀའོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང༌།ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱིས་མེ་ཏོག་གི་ཕྲེང་བའི་ཆུན་པོ་དང༌།གོས་རིན་པོ་ཆེ་དང་མུ་ཏིག་གི་དོ་ཤལ་དང༌།མེ་ཏོག་དང་བདུག་པ་དང་ཕྱེ་མ་དང་གདུགས་དང༌།རྒྱལ་མཚན་དང་བ་དན་དང་ཙན་དན་གྱི་ཕྱེ་མ་དང༌།གསེར་དང་དངུལ་གྱི་མེ་ཏོག་ཁང་པ་བརྩེགས་པ་དེ་ལ་གཏོར་ཞིང༌།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མཆོད་པར་བྱ་བའི་ཕྱིར་ཆ་ཤས་ཀྱིས་ཀྱང་བཞག་གོ།མ་ལུས་སྲས་བཅས་རྒྱལ་བའི་ཡུམ།།མི་གནས་མྱང་འདས་སྟོན་དེ་ལ།།མུ་ཏིག་དོ་ཤལ་རྒྱན་རྣམས་དང༌།།མེ་ཏོག་སིལ་མས་མངོན་པར་གཏོར།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འཁོར་དང་བཅས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ག་ལ་བ་དེར་ཕྱིན་ནས།ཆོས་ལ་མཆོད་པ་ཉིད་ཀྱི་ཕྱིར།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མེ་ཏོག་དང༌།བདུག་པ་དང་སྤོས་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང༌།ཆོས་གོས་དང་གདུགས་དང་རྒྱལ་མཚན་དང༌།བ་དན་དང་ཙན་དན་གྱི་ཕྱེ་མ་དང༌།གསེར་དང་དངུལ་གྱི་ཕྱེ་མ་དང༌།མེ་ཏོག་དག་གིས་ནམ་མཁའ་ལ་གཏོར་རོ།།དེ་ནས་མེ་ཏོག་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་སྤྱི་བོའི་སྟེང་ན་མེ་ཏོག་གི་ཁང་བུ་བརྩེགས་པ་ཞིག་ཏུ་གྱུར་ཏོ།།གསེར་དང་དངུལ་གྱི་མེ་ཏོག་དག་ཀྱང་ནམ་མཁའ་ལ་གཞལ་མེད་ཁང་འདྲ་བར་འདུག་པར་གྱུར་ཏོ།།ཆོས་གོས་དང་གོས་རིན་པོ་ཆེ་དེ་དག་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲིན་གྱི་དཀྱིལ་འཁོར་འདྲ་བར་འདུག་པར་གྱུར་ཏོ།།འདི་ཡིས་ཆོས་འཕགས་བསྙེན་བཀུར་ཕྱིར།།ཕངས་པ་མེད་པར་གཏོར་བ་རྣམས།།མཁའ་ཡིས་རང་ལ་བྱིན་སྙམ་ནས།།ལག་པས་དམ་དུ་བཟུང་བ་འདྲ།།གཞན་གྱི་འབྱོར་པ་དུ་མ་རྣམས།།མ་བྱིན་པར་ཡང་བདག་གིར་བྱེད།།རྫས་ལ་སྲེད་པའི་བརྣབ་སེམས་ཅན།།ཁྱོད་ལས་ཁྲེལ་བ་གཞན་སུ་ཞིག།ཡང་ན་མཆོད་རྫས་མཆོག་འདི་མཐོང་བའི་ཚེ།།ཤིན་ཏུ་ཡ་མཚན་ལྡན་པའི་བློ་སྐྱེས་ནས།།འདི་ལ་ས་ཡིས་གོས་ན་མི་རུང་ཞེས།།མཁའ་ཡིས་བར་སྣང་དབྱིངས་འདིར་བཀོད་པ་བཞིན།།དེ་མཐོང་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང༌།ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་རྫུ་འཕྲུལ་གྱི་རྣམ་འཕྲུལ་དེ་དག་མཐོང་ནས་འདི་སྙམ་དུ་སེམས་སོ།།ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདི་ལྟར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་འདི་ལྟ་བུའི་ཆོ་འཕྲུལ་དང༌།རྣམ་པར་འཕྲུལ་པ་མངའ་ན།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ན།འདི་ལས་ཀྱང་ཆེས་ཁྱད་དུ་འཕགས་པའི་རྣམ་པར་འཕྲུལ་པ་ཅི་འདྲ་བ་དག་འབྱུང་སྙམ་དུ་ངོ་མཚར་སྐྱེས་ནས་རབ་ཏུ་དགའ་བའི་རླུང་གི་ཤུགས་དྲག་པོས་བསྐྱོད་པའི་སྨོན་ལམ་གྱི་རླབས་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱོགས་སུ་གཞོལ་བ་ལྡོག་ཏུ་མེད་པས་འདི་སྐད་ཅེས་སྨྲས་སོ།།དགེ་བའི་རྩ་བ་འདིས་བདག་ཅག་རྣམས་མ་འོངས་པའི་དུས་ན་སྟོབས་དང་མི་འཇིགས་པ་དང༌།མ་འདྲེས་པའི་ཡོན་ཏན་གྱི་གཏེར་ཆེན་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་ཀྱི་སྟོན་པར་གྱུར་ཅིག།བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཇི་ལྟ་བ་དེ་ལྟར་བདག་ཅག་རྣམས་ཀྱང་ཆོས་ཟབ་མོ་སྟོན་པ་ལ་སྤོབས་པ་འཇུག་ཅིང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འདི་ལྟ་བུའི་བཀུར་སྟི་བྱེད་པར་གྱུར་ཅིག།ཅེས་སྨྲས་ནས་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱས་ཏེ་ལོགས་ཤིག་ཏུ་འཁོད་དོ།།གང་གིས་རྒྱལ་བའི་སྲས་པོ་ཡིས།།བྱང་ཆུབ་སྤྱོད་པ་ཟབ་མོའི་ཚུལ།།སྔོན་མེད་རྣམ་འཕྲུལ་འདི་མཐོང་ཚེ།།དེ་དག་དགའ་བ་རྒྱས་པར་གྱུར།།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང༌།ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་མཆོད་པ་དང་བཀུར་སྟི་བྱས་ནས།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཞབས་ལ་མགོ་བོས་གཏུགས་པའི་ཕྱག་འཚལ་ཞིང༌།ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།།ཕྱོགས་གཅིག་ཏུ་འཁོད་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་སྔར་ཇི་ལྟར་གྱུར་པ་རྣམས་བསྙད་ཅིང་ཁྱད་པར་དུ་དོན་འདི་དྲིས་སོ།།འཕགས་པ་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚོལ་བ་ལ་ཞུགས་པའི་ཚེ་དབེན་པའི་ཕྱོགས་ཤིག་ཏུ་ཏིང་ངེ་འཛིན་གྱི་སྒོ་དུ་མ་མངོན་དུ་གྱུར་པ་ན་བདག་གིས་དེ་བཞིན་གཤེགས་པའི་སྐུ་བགྲང་བ་ལས་འདས་པ་མཐོང་ཞིང༌།དེ་དག་གིས་བདག་དབུགས་དབྱུང་བ་མཛད་དེ།ལེགས་པར་བསྟན་ནས་མི་སྣང་བར་གྱུར་ཏོ།།དེ་ནས་བདག་ཏིང་ངེ་འཛིན་དེ་ལས་ལངས་ནས་འདི་སྙམ་དུ་ཀྱེ་མ་བདག་གིས་དེ་བཞིན་གཤེགས་པ་རྣམས་ལ་གང་ནས་བྱོན་པ་དང༌།གང་དུ་བཞུད་པ་མ་དྲིས་སོ་སྙམ་དུ་ཡིད་ཁོང་དུ་ཆུད་པར་གྱུར་ཏོ།།དེ་ནས་ཡང་བདག་འདི་སྙམ་དུ་དོན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་དྲི་བ་གོར་མ་ཆག་སྙམ་ན།འཕགས་པ་བདག་ལ་དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་པ་དང་བཞུད་པའི་དོན་བཤད་དུ་གསོལ།དེ་སྐད་ཅེས་སྨྲས་པ་དང༌།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདི་སྙམ་དུ་སེམས་ཏེ་སྐྱེས་བུ་མཁས་པ་རྣམས་ནི་དཔེའི་སྒོ་ནས་དོན་ཟབ་མོ་བདེ་བླག་ཏུ་རྟོགས་པར་འགྱུར་བས།བདག་གིས་དཔེ་དུ་མའི་སྒོ་ནས་དོན་དེ་བསྙད་པར་བྱའོ་སྙམ་ནས།ཐོག་མར་སྨིག་རྒྱུའི་དཔེས་དེ་བཞིན་གཤེགས་པ་དེ་དག་བྱོན་པ་དང་བཞུད་པ་མེད་པར་བསྟན་པར་བཞེད་ནས།ཤིན་ཏུ་གསལ་བའི་བཞིན་འཛུམ་མུལ་ཏེ་འདི་སྐད་ཅེས་སྨྲས་སོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདི་སྙམ་དུ་སེམས་ཏེ་སྐྱེས་བུ་མཁས་པ་རྣམས་ནི་དཔེའི་སྒོ་ནས་དོན་ཟབ་མོ་བདེ་བླག་ཏུ་རྟོགས་པར་འགྱུར་བས།བདག་གིས་དཔེ་དུ་མའི་སྒོ་ནས་དོན་དེ་བསྙད་པར་བྱའོ་སྙམ་ནས།ཐོག་མར་སྨིག་རྒྱུའི་དཔེས་དེ་བཞིན་གཤེགས་པ་དེ་དག་བྱོན་པ་དང་བཞུད་པ་མེད་པར་བསྟན་པར་བཞེད་ནས།ཤིན་ཏུ་གསལ་བའི་བཞིན་འཛུམ་མུལ་ཏེ་འདི་སྐད་ཅེས་སྨྲས་སོ།།ཉལ་འགྲོའི་རྒྱུན་རྣམས་སྒྲོག་གི་རྒྱ་ལས་གྲོལ།།ལྗོན་ཤིང་ལོ་འདབ་གསར་པའི་གོས་ལྗང་བགོས།།བཀྲ་བའི་མེ་ཏོག་དུ་མའི་རྒྱན་གྱིས་སྤུད།།ཁུ་བྱུག་མྱོས་པའི་ཅ་ཅོ་སྒྲོགས་པ་ན།།མཁའ་ཡང་ཆུ་འཛིན་གོས་ཀྱིས་དོར།།པདྨོའི་གཉེན་ཡང་གུང་ལ་བབ།།དེ་ཚེ་གཡོ་བའི་སྨིག་རྒྱུ་བ།།མཐོང་བའི་མི་མཁས་སྐྱེས་བུ་འགས།།གང་ལ་ཞེན་པས་བདག་ཉིད་ངལ་བའི་རྒྱུ།།ཀུན་རྟོག་ཡིད་ཀྱིས་མེད་པའི་ཆུར་བཏགས་པ།།དེ་ནི་དང་པོར་འཇུག་ངོགས་གང་ནས་འོངས།།མཐར་ཡང་ས་ཕྱོགས་གང་དུ་གཞོལ་བར་འགྱུར།།དེ་ཕྱིར་འགྲོ་དང་འོང་བའི་ཚུལ་བརྟགས་ན།།ཤེས་ལྡན་སུ་ཡིས་དེ་ཡི་འགྲོ་འོང་རྙེད།།ཡང་རྟོགས་པར་དཀའ་བའི་དོན་ཟབ་མོ་དེ་ཉིད་སྒྱུ་མའི་དཔེས་ཀྱང་སྟོན་པར་བཞེད་ནས།བདག་ཉིད་ཆེན་པོ་དེས་སྐད་ཀྱི་གདངས་གསལ་བར་འདི་སྐད་ཅེས་སྨྲས་སོ།།གང་ཡང་འདི་ན་སྒྱུ་མ་མཁས་པ་འགས།།རལ་པ་གྱེན་དུ་བསྒྲེང་ཞིང་མིག་རྩ་དམར།།འཁྱུག་ཅིང་དམར་བའི་གློག་ལྟར་ལྕེ་གཡོ་ཞིང༌།།རྔམ་པའི་ཤུགས་འབྱིན་རྣོ་བའི་མཚོན་བཟུང་བའི།།འཇིགས་རུང་གཤིན་རྗེའི་སྐྱེས་བུ་མང་སྤྲུལ་ནས།།དེ་ཡིས་སྐྱེ་བོ་འགའ་ཡི་ལྟོ་དྲལ་ཏེ།།སྒྱུ་མའི་ཞགས་པས་རང་གི་མགུལ་ལ་བརྒྱན།།ལུས་ནི་ཁྲག་གིས་ཀུན་ནས་གོས་པར་བྱས།།ལག་པས་མགོ་བོ་བཟུང་ནས་ཀླད་པ་ལྡག།འདི་དག་མཐོང་ཚེ་བྱིས་པ་རྨོངས་པ་འགའ།།མཆི་མས་གདོང་གཡོགས་བྱིན་པ་སྒྲོག་ཏུ་བཅུག།སྙིང་ཡང་ལྐོག་མར་སླེབ་པ་ལྟར་གྱུར་ནས།།སྡར་བའི་འཇིགས་སྐྲག་སྐྱེས་ནས་འབྲོས་མོད་ཀྱང༌།།དེ་ཡི་ངང་ཚུལ་རིག་པའི་མཁས་པ་དག།འདི་ལ་འཇིགས་པ་སྐྱེ་བ་ག་ལ་ཞིག།འཇིགས་པའི་གནས་དེ་ཉིད་ཀྱང་དམིགས་པ་མེད།དེ་ནས་གནས་ཟབ་མོའི་འདི་རྨི་ལམ་གྱི་དཔེས་ཀྱང་བསྙད་པར་འདོད་ནས་སྨྲ་བའི་ཁྱུ་མཆོག་དེས་ཡང་འདི་སྐད་ཅེས་སྨྲས་སོ།།དབང་པོའི་གྲོང་ཁྱེར་ཡུལ་ལྔ་གསལ་བའི་ཉིན་བྱེད་ནུབ།།མིག་གི་ཟེ་འབྲུ་ཆུ་སྐྱེས་འདབ་མའི་པགས་པས་བཀབ།།ཡིད་ཀྱི་སྐྱེས་བུ་ཡུལ་ལ་རྒྱུ་བའི་གོ་སྐབས་བཅོམ།།ཡིད་ཀྱི་ས་འཛིན་གཉིད་ཀྱི་མུན་པས་ནོན་པ་འགས།།ངོ་མཚར་རྒྱལ་བའི་ཚོགས་མཐོང་ནས།།སད་ཚེ་དེ་དག་མི་སྣང་འགྱུར།།འོན་ཀྱང་རྨི་ལམ་རྒྱལ་བ་རྣམས།།ངོ་བོ་ཉིད་ཀྱིས་རབ་ཞི་ན།།དེ་ཡི་ཁྱད་པར་སྐྱེ་དང་འགག།སུ་ཞིག་གིས་ནི་དམིགས་པར་འགྱུར།།དེ་ལྟ་བས་ན་རིགས་ཀྱི་བུ་དཔེ་དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་དག་བྱོན་པ་དང་བཞུད་པ་མེད་པར་ཁོང་དུ་ཆུད་པར་བྱའོ།།དེ་ལྟར་སྒྱུ་མའི་སྐྱེས་བུ་གཤིན་རྗེས་སྨིག་རྒྱུའི་ཆུ།།རྨི་ལམ་རྒྱལ་བ་ཇི་འདྲ་དེ་འདྲ་བར།།ཆོས་ཀུན་རྟེན་དང་བྲལ་བར་རྟོགས་པ་དེས།།ཐུབ་རྣམས་བྱོན་དང་བཞུད་པར་མི་འཛིན་ནོ།།བདེ་བར་གཤེགས་པ་ཇི་ལྟར་བཟུང་བས་སྟོང༌།།སྟོང་ཉིད་ཡིན་ཕྱིར་སྐྱེ་དང་འགག་པ་མེད།།མེད་པ་སྣང་བ་འཁྲུལ་པའི་འཛིན་སྟངས་སུ།།སུ་ཡིས་རྟོགས་པ་དེ་ཡི་དམིགས་པ་ཞི།།དེ་ལྟར་དེ་བཞིན་གཤེགས་པ་དེ་དག་གདོད་མ་ནས་སྐྱེ་བ་དང་འགག་པས་དབེན་ཡང༌།བློ་གྲོས་ཀྱི་མིག་མ་རིག་པའི་ལིང་ཏོག་གིས་ལྡོངས་ཤིང༌།སྟོང་པ་ཉིད་རྟོགས་པའི་མིག་སྨན་དང་བྲལ་བའི་མངོན་ཞེན་ཅན་གྱི་ངོར།སྐྱེ་བ་དང་འགག་པར་སྣང་བའི་ཚུལ་པི་ཝང་གི་སྒྲ་ཡི་དཔེས་བསྙད་པའི་ཕྱིར་འདི་སྐད་ཅེས་སྨྲས་སོ།།རིན་ཆེན་དུ་མའི་ཕྲ་ཡིས་མཛེས་པ་ཡི།།ཡིད་འོང་བཻཌཱུར་ལས་གྲུབ་ཁོག་པ་ནི།།ཁ་དོག་བཀྲ་བའི་རྒྱུད་ཀྱིས་སྤྲས་པ་ལ།།ཆགས་པའི་མིག་གིས་ཀུན་ཏུ་ལྟ་བྱེད་ཅིང༌།།གདུ་བུ་འཁྲོལ་བའི་ལག་པས་གཞུ་བཟུང་བའི།།དྲི་ཟའི་ན་ཆུང་རྣམས་ཀྱིས་སྦྲེངས་པ་ན།།སྲེད་ལྡན་རྣམས་ལ་ཡིད་ཀྱི་དགའ་སྐྱེད་པའི།།པི་ཝང་སྒྲ་དབྱངས་སྙན་པ་འབྱུང་མོད་ཀྱང༌།།མཁས་པས་ཁོག་པ་རྒྱུད་དང་ལག་པ་གཞུ།།འདི་དག་གང་ལས་འོངས་ཞེས་བརྟགས་པ་ན།།རེ་རེ་ལས་མིན་ཚོགས་ལའང་མ་ཡིན་ཏེ།།སྒྲ་འདི་གང་ལའང་མི་གནས་ངོ་བོས་སྟོང༌།།འདི་ཡི་རྒྱུ་ཡང་དེ་ལྟར་བཙལ་བ་ན།།དེ་ཡང་མིང་ཙམ་བརྡ་ཙམ་བཏགས་པ་ཙམ།།ནམ་ཡང་སྨིག་རྒྱུའི་རྫིང་གི་ཆུ།།ནམ་མཁའི་པདྨོའི་རྒྱུ་མིན་ལྟར།།རྫུན་པའི་རྒྱུ་ཡིས་བདེན་པ་ཡི།།འབྲས་བུ་འགའ་ཡང་སྐྱེད་རེ་སྐན།།འོན་ཀྱང་དམིགས་པ་ཅན་གྱི་ངོར།།བཏགས་པའི་རྐྱེན་རྣམས་ཡོད་པ་དང༌།།མེད་པ་ཉིད་དུ་སྣང་བ་ན།།པི་ཝང་སྒྲ་ཡང་སྐྱེ་དང་འགག།དེ་ལྟར་རྒྱལ་བ་དག་གི་སྐུ་རྣམས་ཀྱང༌།།རྟེན་འབྲེལ་རྐྱེན་རྣམས་ཉེ་བར་གནས་པ་ན།།སྐྱེ་བར་སྣང་ཞིང་དེ་དག་མེད་པའི་ཚེ།།འགག་པ་ལྟ་བུར་དམིགས་པ་ཅན་ལ་སྣང༌།།ལྗོན་ཤིང་རྒྱས་པའི་རྩ་བ་ཆད་པ་ན།།ཡལ་ག་ལོ་མ་འཕེལ་བའི་གནས་མེད་ལྟར།།གང་གིས་དེ་བཞིན་གཤེགས་པ་མ་དམིགས་པ།།དེ་ཡིས་སྤྲོས་ཀུན་ཆོས་ཀྱི་དབྱིངས་སུ་ཞི།།དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་ཆོས་ཐམས་ཅད་འགྲོ་བ་དང་འོང་བ་བྲལ་བའི་དོན་འདི་བསྟན་པའི་ཚེ།ས་ཆེན་པོ་འདི་ཡང་རྣམ་པ་དྲུག་ཏུ་གཡོས།བདུད་ཀྱི་གནས་ཐམས་ཅད་སྐྲག་ཅིང་སྤ་བཀོང་བར་གྱུར་ཏོ།།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྩྭ་དང་ཤིང་གེལ་པ་དང་ནགས་ཚལ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མགོ་རབ་ཏུ་བཏུད་དེ་སྟེང་གི་བར་སྣང་ལ་དུས་མ་ཡིན་པའི་མེ་ཏོག་གི་ཆར་བབ་པར་གྱུར་ཏོ།།གང་གི་ལེགས་བཤད་འཆི་མེད་རྔ་ཡི་སྒྲས།།བདག་ཏུ་ལྟ་བ་སྟོབས་ལྡན་སྤ་བཀོང་ནས།།མཐའ་ཡས་སྐྱེ་དགུ་ལྷུན་པོར་གནས་པའི་ཚོགས།།སྲིད་པ་ལྷ་མིན་འཇིགས་ལས་བསྒྲལ་བའི་ཚེ།།ལུས་ཅན་འདི་དག་སྲིད་འདིར་མི་གནས་ན།།བདག་ཉིད་གཅིག་པུ་སྐྱོ་བར་གྱུར་མཐོང་ནས།།རྒྱ་མཚོའི་གོས་ཅན་འདི་ཡང་ལུས་བསྐྱོད་དེ།།ཕོ་ཉར་མངགས་པའི་རྩྭ་དང་ནགས་ཚལ་རྣམས།།ཆོས་འཕགས་འགྲོ་བ་སྒྲོལ་བའི་དེད་དཔོན་ལ།།མགོ་བོ་བཏུད་ནས་གསོལ་བ་འདེབས་པ་ལྟ།།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་འཇིག་རྟེན་སྐྱོང་བ་བཞིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་ལྷའི་ཙན་དན་གྱི་ཕྱེ་མ་དང༌།ལྷའི་མེ་ཏོག་གིས་གཏོར་ནས་འདི་སྐད་ཅེས།རིགས་ཀྱི་བུ་ཁྱོད་ཀྱི་དྲིན་གྱིས་དེང་བདག་ཅག་གིས་ཀྱང་དོན་དམ་པའི་གཏམ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་འཇིག་ཚོགས་ལ་ལྟ་བར་ལྟུང་བ་ཐམས་ཅད་ཀྱིས་མ་བསྟན་པ་ཐོས་སོ་ཞེས་འཛེར་རོ།།དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ས་གཡོ་བའི་རྒྱུ་དང་རྐྱེན་དྲིས་པ་དང༌།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་འདི་སྐད་ཅེས་སྨྲས་སོ།།རིགས་ཀྱི་བུ་འདི་ནི་ཁྱོད་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱོན་པ་དང་བཞུད་པ་མེད་པའི་དོན་དྲིས་ཏེ་བཤད་པ་ན།སྲོག་ཆགས་བརྒྱ་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ།སྲོག་ཆགས་ཁྲག་ཁྲིག་བརྒྱ་སྟོང་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད།སྲོག་ཆགས་དྲུག་ཁྲི་བཞི་སྟོང་གིས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་པའི་མཐུ་ཡིན་ནོ།།དེ་སྐད་ཅེས་སྨྲས་པ་ཐོས་པ་ན།བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་འདི་སྙམ་དུ་བདག་གིས་དེ་བཞིན་གཤེགས་པ་རྣམས་བྱོན་པ་དང་བཞུད་པ་མེད་པའི་དོན་དྲིས་པས་སེམས་ཅན་འདི་སྙེད་ཅིག་གི་དོན་བྱས་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ།།བདག་གི་དགེ་བའི་རྩ་བ་འདིས་ད་ནི་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་གདོན་མི་ཟ་བར་འཚང་རྒྱ་བར་འགྱུར་རོ་སྙམ་ནས་དགའ་བ་དང་བདེ་བས་ཤིན་ཏུ་རངས་པར་གྱུར་ཏོ།།སྲིད་པའི་འདམ་དུ་བྱིང་བའི་སེམས་ཅན་ཚོགས།།གྲངས་མེད་སྲིད་ལས་རྒལ་བར་མཐོང་བའི་ཚེ།།རྒྱལ་སྲས་མཆོག་དེའི་ཡིད་ཀྱི་བྱ་ལམ་དེར།།དགའ་བའི་དྲི་བཞོན་ཆེས་ཆེར་གཡོས་པར་གྱུར།།དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དགའ་བ་དང་ཡིད་བདེ་བ་དང་ལྡན་པས་ཤིང་ཏ་ལ་བདུན་སྲིད་དུ་ནམ་མཁའ་ལ་འཕགས་ཏེ་བདག་ནམ་མཁའ་ལ་འདུག་ནས།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱའོ་སྙམ་པ་དང༌།ལྷའི་དབང་པོ་བརྒྱ་བྱིན་གྱིས་དེའི་བསམ་པ་རྟོགས་ནས་ལྷའི་མེ་ཏོག་མན་ད་ར་བ་དུ་མ་བྱིན་ཏེ་འདི་སྐད་ཅེས།མེ་ཏོག་འདིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་གྱིས་ཤིག།རིགས་ཀྱི་བུ་ཁྱོད་ཀྱི་མཐུས་སྲོག་ཆགས་བརྒྱ་སྟོང་མང་པོའི་དོན་བྱས་ཏེ།རིགས་ཀྱི་བུ་ཇི་ལྟར་ཁྱོད་གཞན་དོན་ལ་སྤྲོ་བར་བྱེད་པ་འདི་ལྟ་བུས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་བསྐལ་པ་གྲངས་མེད་པ་སྤྲོ་བར་བྱེད་པའི་སེམས་ཅན་དེ་དག་ནི་རྙེད་པར་དཀའོ་ཞེས་སྨྲས་སོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷའི་དབང་པོ་བརྒྱ་བྱིན་ལས་མེ་ཏོག་དེ་དག་བླངས་ཏེ།བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་གཏོར་རབ་ཏུ་གཏོར།མངོན་པར་རབ་ཏུ་གཏོར་རོ།།རྒྱལ་སྲས་སྤྱོད་པ་ལྷ་ཡི་ལམ་ནས་རྒྱུ།།གདུལ་བྱའི་གླིང་བཞི་ཀུན་ལ་སྙོམས་པ་ཅན།།ཤུགས་དྲག་བརྩོན་འགྲུས་རྟ་ལྗང་ལྗོན་པ་ཞིག།ཆུ་སྐྱེས་དུ་མའི་འོད་སྟོང་ཐོགས་ནས་སུ།།གདུལ་བྱ་གསེར་རིའི་དབུས་ན་ལྷམ་མེ་བ།།ཆོས་འཕགས་ལྷུན་པོའི་ངོས་ལ་འཐོར་བར་བྱེད།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་རང་གི་ལུས་ཀྱིས་མངོན་པར་བཀབ་ནས་འདི་སྐད་ཅེས་སྨྲས་སོ།།འཕགས་པ་དེང་སླན་ཆད་ཁྱོད་ཀྱི་ཞམ་འབྲིང་བགྱི་བའི་སླད་དུ་བདག་གི་ལུས་ཁྱོད་ལ་འབུལ་ལོ་ཞེས་རང་གི་ལུས་ཕུལ་ནས་དེའི་མདུན་དུ་ཐལ་མོ་སྦྱར་ནས་འདུག་གོ།དེ་ནས་ཚོང་དཔོན་གྱི་བུ་མོ་དང་བུ་མོ་ལྔ་བརྒྱ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ།།རིགས་ཀྱི་བུ་བདག་ཅག་ཀྱང་ཁྱོད་ལ་ལུས་འབུལ་གྱི།དགེ་བའི་རྩ་བ་འདིས་ཁྱོད་དང་ལྷན་ཅིག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བཀུར་སྟི་བྱེད་ཅིང་ཆོས་ཟབ་མོ་འདི་ལྟ་བུ་ཐོས་པར་གྱུར་ཅིག།དེ་སྐད་ཅེས་སྨྲས་པ་དང༌།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་བུ་མོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།།བུ་མོ་ཁྱེད་ཅག་གིས་བདག་ལ་ལྷག་པའི་བསམ་པས་གནས་པར་བྱེད་ན་ལུས་བདག་ལ་བྱིན་ཅིག་དང༌།བདག་གིས་དགོས་པ་ཞིག་གི་ཕྱིར་དུ་བླང་བར་བྱའོ།།བུ་མོ་དེ་དག་གིས་སྨྲས་པ།བདག་ཅག་བསམ་པ་ཐག་པ་ནས་ཁྱེད་ཀྱི་རྗེས་སུ་སློབ་ན་ཅིའི་ཕྱིར་མི་སྦྱིན།དེ་བས་ཇི་ལྟར་དགོས་པ་དག་མཛོད།།དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བུ་མོ་དེ་དག་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ།བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཕུལ་ལོ།།ཟབ་མོ་ཟབ་པའི་མཐར་ཐུག་འདི་ཐོས་ཚེ།།རབ་དང་རབ་ཏུ་གཡོས་པའི་གཏོང་སེམས་ཀྱིས།།མཛེས་མ་མཛེས་མའི་ཤིང་རྟ་དེ་དག་དང༌།།བདག་ཉིད་བདག་ཏུ་བཟུང་བ་མེད་པར་བཏང༌།།དེ་ལྟ་བུའི་གཏོང་བ་ཆེན་པོ་ལ་ཞུགས་པ་དེ་མཐོང་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆེད་དུ་བརྗོད་པ་དུ་མས་ཆེད་དུ་བརྗོད་ནས་འདི་སྐད་ཅེས་སྨྲས་སོ།།ལེགས་སོ་ལེགས་སོ་རིགས་ཀྱི་བུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བདོག་པ་ཐམས་ཅད་ཡོངས་སུ་བཏང་ནས་བླ་ན་མེད་པའི་བྱང་ཆུབ་བསྒྲུབས་ཏེ།ཐབས་མཁས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་ལོ།།རིགས་ཀྱི་བུ་ཁྱོད་ཀྱིས་ཀྱང་བདོག་པ་ཐམས་ཅད་ཡོངས་སུ་བཏང་བར་བྱའོ།།གཏོང་བ་འདི་ལྟ་བུས་ཆོས་སྨྲ་བ་ལ་མཆོད་པ་བྱས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་མཉན་པར་ནུས་ཤིང༌།མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་དང་ཤིང་རྟ་ལྔ་བརྒྱ་པོ་དེ་དག་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་དགེ་བའི་རྩ་བ་ཡོངས་སུ་བསྐང་བའི་ཕྱིར་བླངས་ཏེ་བླངས་ནས་རིགས་ཀྱི་བུ་རྟག་ཏུ་ངུ་ལ་བྱིན་ནོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་སྟན་ལས་ལངས་ཏེ་བདག་གི་ཁྱིམ་དུ་ཞུགས་པ་དང༌།ཉི་མ་ནུབ་པར་གྱུར་ཏོ།།ཁྱིམ་དེ་ཉིད་ཀྱི་ནང་དུ་ལོ་བདུན་གྱི་བར་དུ་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་ཞུགས་པར་གྱུར་ཏོ།།ཆོས་འཕགས་སྨྲ་བའི་ཉི་མ་ཡིས།།འགྲོ་བློའི་པད་ཚལ་རྒྱས་བྱས་ནས།།བསམ་གཏན་ཁང་བཟང་ནུབ་རིའི་རྩེར།།སྤྲོས་པའི་སྣང་བ་ཞི་བར་གྱུར།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་བདག་ཆོས་ཀྱི་ཕྱིར་དུ་འོངས་ནས་འདུག་པ་དང་ཉལ་བ་ནི་ཚུལ་མ་ཡིན་ནོ་སྙམ་ནས་ལོ་བདུན་གྱི་བར་དུ་འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བའི་རྟོག་པ་ཅུང་ཟད་ཙམ་ཡང་མེད་ཅིང་རོ་ལ་བརྐམ་པ་མ་སྐྱེས་ཏེ།གཞན་དུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཏིང་ངེ་འཛིན་ལས་ལངས་ནས་བདག་ཅག་ལ་ཆོས་ནམ་སྟོན་སྙམ་པ་ཡིད་ལ་བྱེད་པ་འབའ་ཞིག་ལ་གནས་ཏེ།འགྲེང་བ་དང་འཆག་པའི་སྤྱོད་ལམ་གཉིས་ཀྱིས་དུས་འདའ་བར་བྱེད་དོ།།ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་ཀྱང་ཡིད་ལ་བྱེད་པ་དེ་ལྟ་བུ་དང་སྤྱོད་ལམ་དེ་ལྟ་བུ་དང་ལྡན་པར་གྱུར་ཏོ།།ན་ཆུང་རྒྱུ་དཀར་ཚོགས་ཀྱིས་ཀུན་ནས་བསྐོར།།བརྩོན་འགྲུས་འོད་དཀར་ལྷག་པར་གསལ་བ་ཅན།།གཉིད་ཀྱི་མུན་པ་དོར་བའི་ཟླ་བ་ཞིག།ཉིན་དང་མཚན་དུ་སྡོད་པ་སྤངས་པར་གྱུར།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ད་སྟེ་ཞག་བདུན་ན་ཏིང་ངེ་འཛིན་དེ་ལས་ལངས་ཏེ་གྲོང་ཁྱེར་གྱི་དབུས་སུ་ཆོས་སྟོན་པར་འགྱུར་རོ།།ཞེས་བར་སྣང་ལ་ལྷས་བསྒྲགས་པའི་སྐད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཐོས་པ་དང༌།ཡིད་རབ་ཏུ་དགའ་བ་དང་མགུ་བས་ཁེངས་ནས་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལོ་ལྔ་བརྒྱ་དང་བཅས་པས།ས་ཕྱོགས་དེ་བྱི་དོར་བྱས་ནས།རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པའི་ཁྲི་བཤམས་པའི་སྟེང་དུ་བུ་མོ་དེ་དག་གིས་རང་གི་བླ་གོས་ཕུད་དེ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་བཞུགས་པའི་གདན་དུ་བཏིང་ངོ༌།།དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ས་ཕྱོགས་དེར་ཆག་ཆག་བཏབ་པར་འདོད་ནས་ཕྱིན་པ་དང༌།བདུད་སྡིག་ཅན་གྱིས་དགེ་བའི་རྩ་བ་ནུབ་པར་འགྱུར་བ་དང༌།བཀོད་པ་དེ་ཡང་མི་མཛེས་པར་བྱ་བའི་ཕྱིར།ཆུ་ཐམས་ཅད་མི་སྣང་བར་བྱས་པས་ཀུན་ཏུ་ཆུ་བཙལ་ཡང་མ་རྙེད་དོ།།དེའི་ཚེ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་འདི་སྙམ་དུ་ས་ཕྱོགས་འདི་ནི་རྡུལ་ཆེ་སྟེ།རྡུལ་འདི་དག་གིས་འཕགས་པ་ཆོས་འཕགས་ཀྱི་ལུས་ལ་ཕོག་ན་མི་རུང་ན།བདག་གི་ལུས་གདོན་མི་ཟ་བར་འཇིག་པ་འདིས་ཅི་ཞིག་བྱ།ལུས་འདི་ལན་གྲངས་དཔག་ཏུ་མེད་པར་ཞིག་ཀྱང་དོན་མེད་པ་འབའ་ཞིག་ཏུ་སོང་ཞིང་འདི་ལྟ་བུའི་བྱ་བས་ནི་མ་ཡིན་ནོ།།དེའི་ཕྱིར་བདག་གི་ལུས་ཕུག་ལ་ཁྲག་གིས་ས་ཕྱོགས་འདིར་ཆག་ཆག་གདབ་བོ་སྙམ་མོ།།དེ་ལྟར་བསམས་ནས་མཚོན་རྣོན་པོས་རང་གི་ལུས་ཕུག་དྲལ་ཏེ་ཁྲག་གིས་ས་ཕྱོགས་དེ་ཁོར་ཡུག་ཏུ་ཆག་ཆག་བཏབ་པོ།།ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་གིས་ཀྱང༌།མཚོན་རྣོན་པོས་རང་རང་གི་ལུས་ལས་བྱུང་བའི་ཁྲག་གིས་ས་ཕྱོགས་དེར་ཆག་ཆག་བཏབ་བོ།།དེ་ལྟར་བྱས་ཀྱང་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང༌།བུ་མོ་དེ་དག་སེམས་གཞན་དུ་མི་འགྱུར་ཞིང༌།བདུད་སྡིག་ཅན་གྱིས་དགེ་བའི་ཕྱོགས་ཀྱི་བར་ཆད་བྱ་བའི་གླགས་མི་རྙེད་པར་གནས་སོ།།དེ་ལྟར་ཁྲག་གི་ཆག་ཆག་གིས།།ས་གཞི་ཀུན་ནས་བསྟར་བ་འདི།།ཐུན་མཚམས་སྤྲིན་གྱི་འོད་དག་གིས།།ནམ་མཁའི་ངོས་འདི་ཁེབས་པ་བཞིན།།གང་གིས་འབད་པ་རྣམ་པ་དུ་མ་ཡིས།།དཔག་ཡས་བར་ཆད་རྩོམ་ལ་གཞོལ་གྱུར་ཀྱང༌།།ཡར་ངོའི་ཟླ་བ་འཕེལ་བ་ཇི་བཞིན་དུ།།འདི་ཡི་སྙིང་སྟོབས་ཆེས་ཆེར་འཕེལ་བའི་ཚེ།།བདུད་དཔུང་མ་ལུས་མྱ་ངན་གྱུར་ནས་སུ།།ཕྱོགས་འདིར་རང་རང་མགུལ་བ་བྲེགས་པ་བཞིན།།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་འདི་ཅི་ཙམ་དུ་ཆོས་འདོད་པ་དང༌།ཅི་ཙམ་དུ་ཡི་དམ་ལ་བརྟན་པ་དང༌།ཅི་ཙམ་དུ་གོ་ཆ་ཆེན་པོ་བགོས་པ་དང༌།ལུས་དང་སྲོག་དང་ལོངས་སྤྱོད་ལ་མི་ལྟ་བར་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་ལས་ཐར་བར་བྱའོ་སྙམ་དུ་ལྷག་པའི་བསམ་པས་ཞུགས་པ་ནི་ངོ་མཚར་ཏོ་སྙམ་དུ་བསམས་ནས་ཁྲག་དེ་དག་ཐམས་ཅད་ས་ཕྱོགས་དེའི་ཁོར་ཡུག་ཏུ་དཔག་ཚད་བརྒྱར་དྲི་ལྡང་བའི་ལྷའི་ཙནྡན་གྱི་ཆུར་བྱིན་གྱིས་བརླབས་སོ།།ཆོས་སྨྲ་བསྟེན་ཕྱིར་ཆོས་ལ་བརྩོན་ཚུལ་འདི།།མིག་སྟོང་ལྡན་པའི་མིག་གིས་མཐོང་བའི་ཚེ།།ཁྲག་གི་ཆག་ཆག་མ་ལ་ཡ་ཡི་རིའི།།ཙནྡན་དྲི་ཡིས་ཀུན་ནས་ཁྱབ་པར་བྱས།།དེ་ལྟར་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ།།རིགས་ཀྱི་བུ་ཁྱོད་ཀྱི་ལྷག་པའི་བསམ་པ་འདི་ལྟ་བུ་དང༌།བརྩོན་པ་འདི་ལྟ་བུ་དང༌།ཆོས་འདོད་པ་འདི་ལྟ་བུས་སྔོན་གྱི་རྒྱལ་བ་རྣམས་ཀྱི་རྗེས་སུ་སློབ་པ་ནི་ལེགས་སོ་ལེགས་སོ་ཞེས་སྨྲས་སོ།།དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་འདི་སྙམ་དུ།བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་བཞུགས་པའི་ཁྲི་བཤམས་ཤིང་ས་ཕྱོགས་འདིར་ཆག་ཆག་ནི་བཏབ་ན།ས་ཕྱོགས་འདིར་དགྲམ་པར་བྱ་བ་དང༌།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་མངོན་པར་གཏོར་བའི་མེ་ཏོག་དེ་དག་གང་ནས་རྙེད་པར་འགྱུར་སྙམ་པ་དང༌།ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་མེ་ཏོག་མནྡ་ར་བ་ཁལ་སྟོང་བྱིན་ནས།རིགས་ཀྱི་བུ་མེ་ཏོག་འདི་དག་གིས་མངོན་པར་འདོད་པའི་དོན་སྒྲུབས་ཤིག་ཅེས་སྨྲས་སོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས།མེ་ཏོག་དེ་དག་ལས་ཁ་ཅིག་ནི་ས་ཕྱོགས་དེར་བཀྲམ།ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ཆེན་པོ་ཆོས་འཕགས་ལ་གཏོར་བའི་ཕྱིར་བཞག་གོ།མནྡ་ར་བ་དུ་མས་མཛེས་པ་ཡི།།ཆོས་ཚུལ་ཟབ་མོ་སྒྲོག་པའི་མདུན་ས་དེ།།འོད་འབར་རྒྱུ་སྐར་དུ་མས་བཀྲ་བ་ཡི།།སྤྲིན་བྲལ་མཚན་མོའི་མཁའ་བཞིན་སྣང་བར་གྱུར།།དེ་ནས་ལོ་བདུན་འདས་པ་དང༌།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཏིང་ངེ་འཛིན་དེ་ལས་ལངས་ནས།འཁོར་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་ནས་བལྟས་ཏེ།རང་གི་སེང་གེའི་ཁྲི་ག་ལ་བ་དེར་བཞུགས་པ་དང༌།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་མཐོང་བར་གྱུར་ཏོ།།དེ་མཐོང་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་།དཔེར་ན་དགེ་སློང་བསམ་གཏན་དང་པོ་ཐོབ་པའི་དགའ་བ་དང་བདེ་བ་དེ་ལྟ་བུ་ཐོབ་ནས་དགའ་བས་ཡིད་རངས་པར་གྱུར་ཏོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་འཁོར་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་མཛད་པ་ནི་འདི་ལྟ་སྟེ།ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ།།ཆོས་ཐམས་ཅད་ཁེངས་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁེངས་པ་མེད་པ་ཉིད་དོ།།ཆོས་ཐམས་ཅད་རོ་གཅིག་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོ་གཅིག་པ་ཉིད་དོ།།ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་དང་འགག་པ་མེད་པ་ཉིད་དོ།།ནམ་མཁའ་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ།།ཞེས་པ་ལ་སོགས་པའི་ཚུལ་གྱིས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཀྱི་དོན་ལེགས་པར་བཀའ་སྩལ་ཏོ།།སྲིད་ཞིའི་ཆོས་ཀུན་གདོད་ནས་མཉམ་པ་ཉིད།།སྐྱེ་འགག་སྤྲོས་པ་མཐའ་དག་ཉེ་བར་ཞི།།མཚན་མའི་བློ་ཡིས་ཇི་ལྟར་གཟུང་བས་དབེན།།ནམ་མཁའི་རང་བཞིན་ཅི་འདྲ་མུ་མཐའ་བྲལ།།རྟེན་འབྲེལ་རྐྱེན་རྣམས་བློ་ཡིས་བཏགས་པ་ཙམ།།བློ་དེ་ཉིད་ཀྱང་རང་གི་ངོ་བོས་སྟོང༌།།དེ་ལྟར་རྟེན་དང་བྲལ་བའི་རྟེན་འབྲེལ་གྱིས།།འཁོར་དང་མྱ་ངན་འདས་པ་རབ་ཏུ་འབྱེད།།ཇི་ཙམ་བློ་ཡིས་བཏགས་པའི་སྣང་བ་ལས།།གུད་དུ་གྱུར་པའི་ཆོས་འགའ་དམིགས་པ་མེད།།ཡོད་མེད་རྟག་ཆད་སྐྱེ་འགག་བླང་དོར་སོགས།།ཇི་སྙེད་དམིགས་པ་འདི་ཡང་བློ་ཡི་ཆོས།།ཇི་ཙམ་བློ་ཡིས་བཏགས་པའི་སྣང་བ་ལས།།གུད་དུ་གྱུར་པའི་ཆོས་འགའ་དམིགས་པ་མེད།།ཡོད་མེད་རྟག་ཆད་སྐྱེ་འགག་བླང་དོར་སོགས།།ཇི་སྙེད་དམིགས་པ་འདི་ཡང་བློ་ཡི་ཆོས།།ཀུན་ནས་ཉོན་མོངས་རྣམ་པར་བྱང་བ་ཡང༌།།རང་བཞིན་ཉིད་ནས་རང་གི་ངོ་བོས་དབེན།།དེ་ཕྱིར་སྤང་བྱ་རྣམ་པར་ཟད་པ་དང༌།།གཉེན་པོ་རྣམ་པར་འཕེལ་བ་ཅི་ཞིག་དམིགས།།གང་གིས་གདོད་ནས་སྨིག་རྒྱུའི་ཆུ་བཞིན་དུ།།ཆོས་རྣམས་རྡུལ་ཙམ་དམིགས་པ་མེད་ན་ཡང༌།།མངོན་པར་ཞེན་རྣམས་སྐྲག་པ་སྤང་བྱའི་ཕྱིར།།གཞན་ངོར་རྟེན་འབྲེལ་ཙམ་ཞིག་ཁས་ལེན་ལ།།དངོས་པོར་ཁས་ལེན་བྲལ་བ་དེ་དག་ལ།།རྟག་དང་ཆད་པའི་ཆོས་རྣམས་རྒྱང་རིང་སྟེ།།ཇི་ལྟར་མོ་གཤམ་བུ་ནི་མ་དམིགས་ན།།དེ་ཡི་སྐྱེ་འཆི་དམིགས་པར་མི་འགྱུར་བཞིན།།སྣང་བཞིན་མེད་ཕྱིར་སྣང་བས་སྟོང༌།།སྟོང་པས་སྣང་ཕྱིར་མེད་བཞིན་སྣང༌།།ལམ་ཟབ་ཆེས་དཀའ་རྟོགས་པས་མཁས།།མཁས་པས་རྟོགས་དཀའ་ཆེས་ཟབ་ལམ།།མཁས་པས་རྟོགས་ཉིད་དེ་བཞིན་གནས།།གནས་བཞིན་དེ་ཉིད་རྟོགས་པས་མཁས།།རྨོངས་རྣམས་མཐོང་བ་ལོག་པས་འཁྲུལ།།འཁྲུལ་པས་ལོག་པ་མཐོང་རྣམས་རྨོངས།།འདི་ན་ཞེན་པས་ཞེན་ན་འདི།།འཁོར་བར་མྱུར་བ་མྱུར་བར་འཁོར།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས།ཆོས་ཟབ་མོ་དེ་དག་ཐོས་མ་ཐག་ཏུ་ས་ཕྱོགས་དེ་ཉིད་ལས་མ་གཡོས་བཞིན་དུ།ཆོས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་བརྒྱ་སྟོང་ཕྲག་དྲུག་ཅུ་ཐོབ་པར་གྱུར་ཅིང༌།ཐོབ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་དང༌།བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་བལྟས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་བཞིན་དུ་མངོན་སུམ་དུ་མཐོང་བར་གྱུར་ཏོ།།དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དེ་མང་དུ་ཐོས་པ་རྒྱ་མཚོ་ལྟ་བུ་དང་ནི་ལྡན་པར་གྱུར་ཅིང༌།སྐྱེ་བ་ཐམས་ཅད་དུ་ཡང་སངས་རྒྱས་མཐོང་བ་དང་མི་འབྲལ་ཞིང་ཐ་ན་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་རྣམས་དང་བྲལ་བར་མ་གྱུར་ཏོ།།ཐབས་དང་ཤེས་རབ་གཤོག་པའི་ཤུགས་བསྐྱོད་པས།།སྡུག་བསྔལ་རྒྱ་མཚོ་ཀུན་ནས་མཐར་བྱེད་ཅིང༌།།གཏོང་དང་བརྩོན་པའི་མཆུ་སྡེར་རབ་བགྲད་ནས།།རྒྱ་ཆེན་སྤྱོད་པའི་མཁའ་ལ་བརྩོན་པ་ཡི།།རྒྱལ་སྲས་མཁའ་ལྡིང་དབང་པོ་ཁྱོད་མཐོང་ཚེ།།བདུད་དཔུང་ཀླུ་ཡི་ཚོགས་རྣམས་སྤ་བཀོང་འགྱུར།།དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི།མཐའ་ཡས་པའི་འགྲོ་བ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་མུ་མེད་པ་ལས་སྒྲོལ་བའི་ཁུར་ཁྱེར་ནས།བསྐལ་པ་གྲངས་མེད་པ་དུ་མར་ཡང་ལུས་དང་སེམས་ལ་གདུང་བའི་གནོད་པས་ཅུང་ཟད་ཙམ་ཡང་སྐྱོ་བ་མེད་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེ་རབ་ཏུ་འབར་བས་གང་བའི་ནང་ནས་ཀྱང་བཤེས་གཉེན་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཚོལ་བའི་བརྩོན་འགྲུས་རྩོམ་མོ།།ཞེས་བརྩོན་འགྲུས་ཀྱི་བསྔགས་པ་ལ་ཡང་བརྗོད་པར་བྱའོ།།བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་ལུས་དང་སྲོག་ལ་ལྟོས་པ་མེད་པར་ཡང་ཤ་དང་ཁྲག་དང་རྐང་གིས་ཀྱང་ཆོས་དང་ཆོས་སྨྲ་བ་ལ་བསྙེན་བཀུར་བྱེད་ན།ཟང་ཟིང་གི་ལོངས་སྤྱོད་གཏོང་བ་ལྟ་ཅི་སྨོས།ཞེས་ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་ལའང་བཀུར་སྟི་སྒྲུབ་པ་དང་སྦྱིན་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ།།བླ་ན་མེད་པའི་བྱང་ཆུབ་ཏུ་གོ་བགོས་པའི་དཔའ་བོ་ཆེན་པོ་རྣམས་ནི།བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་མ་གྱུར་གྱི་བར་དེ་སྲིད་དུ་ཉན་ཐོས་དང༌།རང་རྒྱལ་གྱི་རྣམ་པར་གྲོལ་བ་ལ་སྨོན་པའི་བློ་སྐད་ཅིག་ཀྱང་མི་སྐྱེ་བར་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་ན།ལྷ་དང་མིའི་དབང་ཕྱུག་ལ་ཡིད་ཆགས་པར་བྱེད་པ་ལྟ་ཅི་སྨོས་ཞེས་བླ་ན་མེད་པའི་ཚུལ་ཁྲིམས་ཀྱི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ།།བདག་ལས་གཞན་གཅེས་པར་འཛིན་པའི་བློ་དང་ལྡན་པ་རྣམས་ནི།གཞན་གྱི་དོན་དུ་འཁོར་བའི་མཐའི་བར་དུ་སེམས་ཅན་དམྱལ་བར་གནས་པ་ལ་སྤྲོ་ན།རང་གི་ལུས་དང་སེམས་ལ་གནོད་པ་ཕྲ་མོ་རྣམས་བཟོད་པ་ལྟ་ཅི་སྨོས་ཞེས་བཟོད་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ།།གང་གིས་ཉན་ཐོས་དང་རང་རྒྱལ་རྣམས་ཀྱིས་མིང་ཙམ་ཡང་མི་ཤེས་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཏིང་ངེ་འཛིན་གྲངས་མེད་པ་ལ་འཇུག་པ་དང་ལྡང་བར་ཡང་ནུས་ན་འཇིག་རྟེན་པའི་བསམ་གཏན་གཟུགས་མེད་རྣམས་མངོན་དུ་བྱེད་པ་ལྟ་ཅི་སྨོས་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་བསྔགས་པ་ལ་ཡང་བརྗོད་པར་བྱའོ།།སྟོང་པ་ཉིད་ཟབ་མོ་ལ་མོས་པ་རྟས་པ་རྣམས་ནི་མྱ་ངན་ལས་འདས་པ་མིང་ཙམ་དུ་བསྟན་པ་ལ་ཡང་མི་མཐུན་པར་མི་འཛིན་ན།གཡོ་བའི་ངང་ཚུལ་ཅན་གྱི་སྲིད་པ་རང་གི་ངོ་བོས་དབེན་པར་རྟོགས་པ་ལྟ་ཅི་སྨོས་ཞེས་ཤེས་རབ་ཀྱི་ཆེ་བ་བསྔགས་པ་ལ་ཡང་བརྗོད་པར་བྱའོ།།བྱིས་པ་འགའ་ཞིག་རང་ཉིད་གནས་སྐབས་ཀྱི་མངོན་པར་མཐོ་བ་ཙམ་དོན་དུ་གཉེར་བའི་ཕྱིར།སྡུག་བསྔལ་དུ་མས་ལུས་གདུང་བར་བྱེད་པ་ཡང་དཀའ་བ་སྤྱོད་པ་ཡིན་ནོ།།ཞེས་སྐྱེ་བོ་རྣམས་ངོ་མཚར་དུ་འཛིན་པར་བྱེད་ན།གང་གིས་མཐའ་ཡས་པའི་འགྲོ་བ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ།མི་གནས་པའི་མྱ་ངན་ལས་འདས་པའི་གླིང་དུ་ཕྱིན་པར་འདོད་པས།བདག་ཉིད་ཀྱི་བདེ་བ་དང་ལུས་དང་སྲོག་ལ་ཡང་མ་ཆགས་པར་གཏོང་བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་སུ་ཞིག་གུས་པར་མི་བྱེད་ཅེས་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ།།དེ་ལྟར་ན་དཀའ་བ་དུ་མས་བསྒྲུབས་པའི་དམ་པའི་ཆོས་དང་ཕྲད་པར་དཀའ་བ་ཡང་ཁོང་དུ་ཆུད་པར་བྱས་ནས་རྒྱལ་བ་སྲས་བཅས་རྣམས་ཀྱི་དམ་པའི་ཆོས་མཉན་པ་ལ་སྐྱོ་བ་སྤངས་ཏེ་ཡང་དང་ཡང་དུ་གུས་པ་ཆེན་པོ་ཉེ་བར་བཞག་ནས།ཐོས་པ་དང་བསམ་པ་དང་སྒོམ་པ་ལ་ཡང་འབད་པར་བྱའོ།།གང་གི་ངལ་བརྒྱས་བཤེས་གཉེན་བསྟེན་པའི་ཚུལ།།ཚུལ་བཞིན་རྒྱལ་བས་གསལ་བར་བསྟན་པ་འདི།།འདི་ཡི་དགོངས་པ་མ་ནོར་ཇི་བཞིན་དུ།།དུ་མའི་རྒྱན་ལྡན་སྡེབས་ལེགས་ཚིག་གིས་སྤེལ།།ལྷག་བསམ་རྣམ་དག་ལྷུན་པོའི་ཁྱོན་ལས་འཁྲུངས།།སྒྲ་དོན་རྒྱན་གྱི་མེ་ཏོག་རྣམ་པར་བཀྲ།།མངོན་བརྗོད་ཡལ་གའི་རྣམ་གྲངས་དུ་མས་ཕྱུག།རྟོགས་བརྗོད་སྙན་དངགས་དཔག་བསམ་ལྗོན་པ་འདི།།ཐུབ་དབང་མིག་སྟོང་ལྡན་པའི་རྗེས་ཞུགས་ནས།།ཐར་མཆོག་ལྟ་ན་སྡུག་ཏུ་འཇུག་པ་ཡི།།སྐལ་ལྡན་འདོད་ལྷའི་རེ་བ་བསྐང་ཕྱིར་བརྩམས།།འགྲན་འདོད་སྲེག་ཟའི་བུད་ཤིང་ཆེད་དུ་མིན།།སྨྲ་བའི་གཙུག་རྒྱན་དཔལ་ལྡན་དཔའ་བོ་ཡིས།།སྔོན་དུས་རྒྱལ་བ་ཁོ་ནའི་མཛད་པ་རྣམས།།ལེགས་པར་བསྔགས་ནས་རྒྱལ་སྲས་མཆོག་འདི་ཡི།།རྟོགས་བརྗོད་རེ་ཤིག་བཏང་སྙོམས་བཞག་པ་ན།།སྙན་དངགས་རྒྱ་མཚོར་ཡང་ཡང་སོན་པའི་མཁས་པའི་དེད་དཔོན་བྲལ་བ་རྣམས།།རླབས་ཆེན་སྤྱོད་པ་ཟབ་དང་རྒྱ་ཆེའི་ཆུ་གཏེར་ངམ་ནག་འདི་མཐོང་ཚེ།།ཤིན་ཏུ་འཇིགས་ནས་ཡུན་རིང་དོར་བ་འདི་ཡི་བློ་ཡིས་མ་བཟོད་ནས།།དཔའ་བོ་ཞེས་གྲགས་དེད་དཔོན་མཆོག་དེ་སླར་ཡང་ཚུལ་འདིར་ཞུགས་པར་གྱུར།།རྒྱལ་སྲས་རྒྱལ་བའི་རྨད་བྱུང་རྣམ་ཐར་ལ།།རྒྱ་བོད་སྙན་དངགས་ཚུལ་ལ་སྦྱངས་རྣམས་ཀྱིས།།བློ་གྲོས་ཐོགས་པ་མེད་པར་འཇུག་པ་བརྫུན།།བདེན་ན་འདི་ཡི་རྟོགས་བརྗོད་མེད་པ་ཅི།།རྒྱ་ཆེན་ཤེས་བྱའི་གནས་རྣམས་ཀུན་ནས་གསལ།།མཁས་པའི་ལེགས་བཤད་པདྨོའི་ཚལ་བརྒྱ་འབྱེད།།ཐུབ་བསྟན་བྱ་ལམ་མཛེས་པའི་རྒྱན་གཅིག་པུ།།ཁོ་བོའི་བློ་གྲོས་ཉིན་བྱེད་ཤར་བ་ན།།བླུན་རྨོངས་རྒྱུ་སྐར་ཁྲོད་ན་འོད་གསལ་ཞིང༌།།ཕྲག་དོག་རི་དྭགས་མཚན་མས་སྤུད་པ་ཡི།།མཁས་པའི་ངང་ཚུལ་ཅན་གྱི་ཟླ་བ་དང༌།།ངན་རྟོག་འབྱུང་པོའི་བྱ་ཡིས་བཟོད་པར་དཀའ།།འདི་ལ་འབད་པས་བསོད་ནམས་གངས་རིའི་གོས།།བྱམས་བརྩེའི་ཚ་ཟེར་འོད་ཀྱིས་བཞུ་བའི་རྒྱུན།།སྐྱེ་དགུའི་ཡིད་ཀྱི་རྫིང་བུར་ཞུགས་གྱུར་ནས།།ཐར་ལམ་པད་ཚལ་ཀུན་ནས་རྒྱས་གྱུར་ཅིག།བདག་ཀྱང་སྲིད་པར་ལེ་ལོ་བཅོམ་པའི་བརྩོན་འགྲུས་ཀྱིས།།ལུས་ཀྱང་བཏང་ནས་ལམ་བཟང་ཟབ་མོ་སྟོང་པ་ཉིད།།འགས་ཀྱང་སྔོན་ཆད་འཁོར་བར་མ་མྱོང་གནས་འདི་ལ།།ཀུན་ཀྱང་བཀོད་ནས་རྒྱལ་བའི་ཆོས་ཚུལ་འཛིན་གྱུར་ཅིག།རྒྱལ་དང་རྒྱལ་སྲས་སྤྱོད་པ་མ་ལུས་པ།།སྲིད་ནས་སྲིད་དུ་སྤྱད་པས་མི་ངོམས་ཤིང༌།།ཀུན་ལ་ཀུན་ནས་བརྩེ་བའི་རྟག་ཏུ་ངུས།།ཇི་ལྟ་ཇི་ལྟར་སྤྱད་ལྟར་བདག་གྱུར་ཅིག།བདག་གི་ལེགས་བཤད་ཉིན་མོའི་དཔལ་འདི་ཡང༌།།མཐའ་ཡས་གདུལ་བྱའི་མིག་ཏུ་གནས་གྱུར་ཏེ།།ལོག་རྟོག་བདུད་དཔུང་ཀུ་མུད་ཟུམ་བྱས་ནས།།བསྟན་པའི་ལྷུན་པོ་རིང་དུ་གསལ་བྱེད་ཤོག།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་པ་བརྗོད་པ་སྙན་དངགས་དཔག་བསམ་གྱི་ལྗོན་པ་ཞེས་བྱ་བ་འདི་ནི།དལ་འབྱོར་གྱི་ལྷུན་པོ་བསླབ་གསུམ་ནོར་བུའི་ཡོན་ཏན་དུ་མས་བརྗིད་ཅིང༌།ལུང་དང་རིགས་པ་བསྟན་པ་རྒྱ་མཚོའི་དཔལ་ལས་འཁྲུངས་པ།དགེ་བའི་བཤེས་གཉེན་བྱང་ཆུབ་བླ་མས་བསྐུལ་ནས།མཐོ་རིས་ཀྱི་ཡོན་ཏན་དུ་མ་དང་ལྡན་ཞིང༌།ཚུལ་ཁྲིམས་དང་ཐོས་པའི་རྒྱན་གྱིས་མཛེས་པ་དགེ་བའི་བཤེས་གཉེན་འཇམ་དཔལ་གྱིས་མཐུན་རྐྱེན་ཉེ་བར་སྦྱར་ཏེ།མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པའི་བདག་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ།ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་ཅིང༌།སྐད་གཉིས་སྨྲ་བའི་དབང་པོ་ནམ་མཁའ་བཟང་པོ་དང༌།ཐམས་ཅད་མཁྱེན་པ་དཔལ་ལྡན་ས་སྐྱ་པ་གཞོན་ནུ་བློ་གྲོས་ཀྱི་དྲིན་ལས།སྙན་དངགས་དང་ཚིག་རྒྱན་གྱི་བསྟན་བཅོས་ལས་བློའི་སྣང་བ་ཐོབ་པ།ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་པ་ནི་བློ་གྲོས་ཀྱི་བང་མཛོད་སྔགས་དང་མཚན་ཉིད་དུ་མའི་ནོར་བུས་གཏམས་པའི་སྙན་དངགས་མཁན་ཚྭ་ཁོ་བ་ངག་དབང་གྲགས་པའོ།།།།



འཆད་པ་པོ་ངོ་སྤྲོད་མདོར་བསྡུས།演讲者照片.jpeg

ཁྱུང་ཕྲུག་བློ་བཟང་དར་རྒྱས་ཞེས་འབོད་པ་ནི།མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་སྨད་པ་ཁྱུང་བོ་གསེར་གཤོང་ཁུག་ནས་སྤྱི་ལོ༡༩༦༨ལོར་ལྟེ་ཁྲག་བོ་བར་བྱས།ཆུང་དུས་ནས་སློབ་གྲྭར་འགྲིམས།ལོ་བཅུ་བཞིའི་སྟེང་དམའ་འབྲིང་མཐར་ཕྱིན།རྒྱ་ཡིག་གི་འཕྲོད་སྟེན་སློབ་གྲྭ་བཏོན།དེ་ནས་རིག་གནས་སྦྱང་འདོད་ཀྱིས་རབ་ཏུ་བྱུང་སྟེ་སྤེན་དཀར་ཐང་ཕུན་ཚོགས་དར་རྒྱས་གླིང་དུ་ཞུགས།མདོ་སྔགས་ཀྱི་ཆོ་ག་ཆོས་སྤྱོད་བསླབས།བླ་བྲང་དང་རོང་བོ།འགར་རྩེ་སོགས་ཀྱི་ཆོས་སྡེར་ཕྱིན་ནས་བཤེས་གཉེན་ཞོ་སྤུངས་བསམ་གཏན་རྒྱ་མཚོ།སྤེན་ཐང་བློ་བཟང་བསྟན་འཛིན།ལྷ་སྡེ་དགེ་འདུན་བསྟན་འཛིན།བྱ་ཁྱུང་ཁོང་ཚུལ་ཁྲིམས།བླ་བྲང་འཇིགས་མེད་དཔལ་ལྡན་རྒྱ་མཚོ་སོགས་སྨྲ་དབང་ཉི་ཟླ་འདྲ་བ་བཅུ་ཕྲག་ལྷག་གི་ཞབས་ལ་ལོ་ངོ་བཅོ་ལྔའི་རིང་སྔ་གཞུག་ཏུ་བསྟེན་ཏེ་བསྡུས་གྲྭ།བློ་རྟགས།གྲུབ་མཐའ།རྣམ་འགྲེལ།ཕར་ཕྱིན།དབུ་མ།མངོན་པ་གོང་འོག།འདུལ་བ།སྔགས་སྤྱི།ལེགས་སྦྱར་སྒྲ།བོད་ཀྱི་བརྡ་སྤྲོད།སྙན་ངག།སྨན་གཞུང༌།རྩིས་དཀར་ནག།དཀྱིལ་འཁོར་དང་མཆོད་རྟེན་ཐིག་རྩ་སོགས་བོད་རིག་པའི་གནས་ཕལ་མོ་ཆེ་ལ་གང་ལྕོགས་ཀྱིས་ཐོས་བསམ་ལྷོད་མེད་བྱས།

༡༩༩༩ལོར་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཞུགས་ནས་དགེ་རྒན་ཆེན་མོ་ཀླུ་རྒྱལ་འབུམ་དང་།རྒན་བློ་བཟང་ཆོས་གྲགས།ཨ་ཁུ་བདེ་མཆོག།ཨ་ཁུ་འཇམ་དབྱངས་གྲགས་པ་ཚང་སོགས་བསྟེན་ཏེ་བོད་གནའ་དེང་གི་རྩོམ་རིག།རྒྱའི་རྩོམ་རིག།ནུབ་གླིང་གི་མཚན་ཉིད་རིག་པ་རྣམས་ལ་ཆེད་དུ་སྦྱངས།མཐར་ཕྱིན་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས།དེ་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་དགེ་རྒན་གྱི་ལས་ཀ་བསྐྱངས།དཔེ་ཁྲིད་གཙོ་བོ་ཚད་མ་དང་ནང་དོན་རིག་པ།རྒྱ་བོད་ཀྱི་བརྡ་སྤྲོད་རིག་པ།གནའ་བོའི་རྩོམ་རིག་རྣམས་འཁུར།སློབ་དཔོན་ཆེན་མོའི་ལས་ཐོབ་བླངས།༢༠༡༠ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་དཔོན་ཆེན་མོ་བཀྲ་ཤིས་ཚེ་རིང༌དང་།ཨ་ལགས་དོར་ཞི་ཚང་།རྒན་དཀོན་མཆོག་ཚེ་བརྟན་སོགས་བསྟེན་ནས་ཏུན་ཧོང་གཏེར་ཡིག་ཞིབ་འཇུག་འབུམ་རམས་པའི་སློབ་གཉེར་ལ་ཞུགས་ཏེ༢༠༡༣ལོར་མཐར་ཕྱིན་ནས་འབུམ་རམས་པའི་བསླབ་གནས་རག།༢༠༡༦ལོར་ནང་བསྟན་མཚན་ཉིད་རིག་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དང་།བོད་གནའ་བོའི་སྙན་ངག་ཡིག་ཚངས་ཞིབ་འཇུག་སློབ་དཔོན་གྱི་མིང་ཐོབ།ཞར་ལ༼ཏུན་ཧོང་གཏེར་ཡིགP.t116ལས་ཧྭ་ཤང་མ་ཧཱ་ཡ་ནའི་དབུ་མའི་ལྟ་དགོངས་ལ་དཔྱད་པ༽ཞེས་པའི་ཀྲུང་དབྱང་མཐོ་རིམ་སློབ་གྲྭའི་ཐེབས་རྩའི་ལས་གཞི་དང༌།༼ཧྭ་ཤང་མ་ཧཱ་ཡ་ནའི་དབུ་མའི་ལྟ་དགོངས་ཀྱིས་བོད་རྒྱལ་བསྟན་ལ་ཤན་ཞུགས་པར་དཔྱད་པ༽དང་།༼བོད་རྒྱ་སཾ་གསུམ་གྱི་ནང་རིག་ཞི་ལྷག་གི་ཡིག་ཆ་སྐོར་ལ་དཔྱད་པ༽ཞེས་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ཚོགས་པའི་ལས་གཞི་ཞིབ་འཇུག་གི་ལས་ཀ་ལེགས་པར་འགྲུབ།༢༠༢༢ལོ་འདིར།ཀྲུང་ཧྭ་རིག་མཛོད་ཆེན་མོའི་ནང་གི་དགོངས་འགྲེལ་འགྲེལ་ཆེན་བོད་འགྱུར་མའི་དག་སྒྲིག་དང་ཞིབ་འཇུག་ཅེས་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི་སྒྲུབ་མུས།སྔ་རྗེས་སུ་བརྩམས་ཆོས༼བོད་རིག་པའི་དཔྱད་གླེང་གྲོག་ཆུ་ཕྲ་མོའི་སྟངས་སྟབས༽༼རྗེ་ཙོང་ཁ་པའི་དབུ་མའི་ལྟ་བའི་དཔྱད་གླེང་སྨྲ་སེང་ཤེས་རབ༽༼ལྷ་རི་བསམ་གཏན་གླིང་གི་ལོ་རྒྱུས་འཕྲིན་ལས་འོད་དཀར༽༼བསམ་ཡས་ཆོས་རྩོད་སྐོར་གྱི་དཔྱད་པ་བྱིས་པ་དགོད་པའི་རྫུན་རྐོང༽༼ནང་རིག་སྤྱི་དོན་སྨྲ་སེང་ཞལ་རླངས༽༼རིག་གཞུང་དང་སློབ་གསོའི་དཔྱད་གླེང་བུ་ཆུང་མཁྲིག་མའི་ཞོ་གཉེར༽ཞེས་པ་རྣམས་བརྩམས་ནས་པར་དུ་བསྐྲུན་ཏེ་བཀྲམས།ཡང་ཆུང་དུས་སྐར་རྩིས་ཀྱི་གཞུང༼ཧ་ནུ་མན་ཐའི་མཆོང་གར༽ཞེས་པ་ཞིག་ཀྱང་བྲིས་ནས་སྣུམ་པར་དུ་བཀྲམས་མྱོང༌།དཔྱད་རྩོམ་ལ༼སྡེ་སྲིད་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་གཉིས་ཀྱི་འབྲེལ་བའི་སྐོར་གླེང་པ༽༼གོ་བོ་རབ་འབྱམས་པ་དང་རྗེ་ཙོང་ཁ་པ་གཉིས་ཀྱི་དབུ་མའི་ལྟ་དགོངས་ཀྱི་ཁྱད་པར་གླེང་སྟེ་འབྱུང་འགྱུར་ལྟ་བའི་འཕེལ་ཕྱོགས་ལ་དཔྱད་པ༽༼དམ་ཆོས་དང་དངོས་ཡོད་སྤྱི་ཚོགས་གཉིས་ཀྱི་འགལ་འབྲེལ་སྐོར་གླེང་པ༽དང༌།ཁྱད་པར་དུ༼མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རིག་གནས་བསམ་བློའི་འབྱུང་རྩར་དཔྱད་པ༽༼ཐ་སྙད་ཚད་གྲུབ་ཀྱི་དཔྱད་པ་རིགས་པའི་བང་རླབས༽ཞེས་པ་སོགས་དགེ་ཆོས་ཞིབ་འཇུག་སྐོར་གྱི་ཆེད་རྩོམ་ཉི་ཤུར་ཉེ་བ་བརྩམས་པ་དང༌།བརྙན་གཟུགས་ཆ་འཕྲིན་གྱི་ལམ་ནས་རྗེ་ཙོང་ཁ་པས་རིག་གནས་ལ་བཞག་པའི་བྱས་རྗེས།དགེ་བཤེས་ཤེས་རབ་རྒྱ་མཚོའི་དགག་བཞག་གསུང་རྩོམ་སྐོར་དང་།དགེ་ཆོས་རིག་གཞུང་བསམ་བློའི་ཞིབ་འཇུག་སོགས་གླེང་མོལ་ཐེངས་དུ་མར་བྱས་པ་བཅས་ཁྱོན་བསྡོམས་དེབ་པོད་དགུ་དང་དཔྱད་གླེང་རྩོམ་ཡིག་དྲུག་ཅུ་ལྷག་བརྩམས་ཏེ་བཀྲམས་ཤིང་དེབ་ཏུ་སྤེལ་མྱོང་བ་བཅས་སོ།།ད་ལམ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་འཆད་ཁྲིད་ཀྱི་ལས་ཀ་སྐྱོང་མུས་ཡིན་ནོ།།


རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།