ཀྲུང་གོ་བོད་ཀྱི་དྲ་བ།

སློབ་འབྲིང་གྲངས་རིག་གི་ཁྲིད་བཤད་རགས་ཙམ་གླེང་བ།

ཡོང་ཁུངས། : བོད་ཀྱི་སློབ་གསོ་སྤྱིའི་དེབ246ལས་དྲངས།     སྤེལ་དུས། : 2020-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[གནད་བཏུས] དཔྱད་རྩོམ་འདིར་གཞི་རིམ་དགེ་རྒན་དང་སློབ་ཁྲིད་ཞིབ་འཇུག་མི་སྣར་ཁ་གཏད་ནས་སློབ་ཁྲིད་བྱེད་སྟངས་དང་། རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་སར་དམིགས་ནས་སློབ་འབྲིང་གྲངས་རིག་སློབ་ཁྲིད་ཀྱི་ཁྲིད་བཤད་ལས་འཕྲོས་ཏེ་སློབ་ཁྲིད་ཀྱི་དམིགས་ཚད་དང་སློབ་ཁྲིད་ཀྱི་བརྒྱུད་རིམ། སློབ་ཁྲིད་ཀྱི་གཙོ་དཀའ་གནད། སློབ་ཁང་སློབ་ཁྲིད་ཀྱི་ལས་ཕྱོད་དང་སྤུས་ཚད་ག་འདྲ་ཞིག་ལ་ཐོན་པར་བྱེད་ཐབས་དང་དེའི་གཞི་འཛིན་ས་བཅས་ལ་དཔྱད་པ་རགས་ཙམ་བྱས་ཡོད།

[གནད་ཚིག] མཐོ་འབྲིང་གྲངས་རིག ཁྲིད་བཤད། ཐབས་ལམ། ལས་ཕྱོད། སྤུས་ཚད།

 ཁྲིད་བཤད་ནི་དགེ་རྒན་གྱིས་ལས་རིགས་གཅིག་པ་དང་ཆེད་མཁས་པ། མགོ་ཁྲིད། སློབ་ཁྲིད་ཞིབ་འཇུག་མི་སྣ་བཅས་ལ་ཁ་གཏད་ནས་ཚན་རིག་དང་མཐུན་པའི་སྒོ་ནས་རང་ཉིད་ཀྱི་སློབ་ཁྲིད་བྱེད་སྟངས་དང་། ཉམས་མྱོང་། རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་བཅས་བཤད་དགོས་པ་མ་ཟད། སློབ་མའི་ཆུ་ཚད་དངོས་དང་བསྟུན་ནས་སློབ་ཐུན་འདིར་ཅི་ཞིག་འཁྲིད་རྒྱུ་དང་ཇི་ལྟར་འཁྲིད་རྒྱུ། དགོས་པ་ཅིའི་ཕྱིར་ཁྲིད་པ་སོགས་བཤད་དེ་ཉན་མཁན་དང་ལྷན་དུ་སློབ་ཁྲིད་ཀྱི་དམིགས་ཚད་དང་སློབ་ཁྲིད་ཀྱི་བརྒྱུད་རིམ། སློབ་ཁྲིད་ཀྱི་གཙོ་དཀའ་གནད་ཀྱི་འདེམ་ཚུལ། སློབ་ཁང་སློབ་ཁྲིད་ཀྱི་ལས་ཕྱོད་དང་སྤུས་ཚད་ག་འདྲ་ཞིག་ལ་ཐོན་པར་ངག་ཐོག་གི་རྣམ་པས་དབྱེ་ཞིབ་བྱེད་པ་ཞིག་ཡིན། 

ཁྲིད་བཤད་ཀྱི་དམིགས་ཡུལ་གཙོ་བོ་ནི་དགེ་རྒན་གྱིས་སློབ་ཁང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་སློབ་ཁྲིད་ཀྱི་རིགས་ལམ་གསལ་པོར་རྟོགས་པ། སློབ་ཁྲིད་ཀྱི་དམིགས་ཚད་ཁོང་དུ་ཆུད་པ། སློབ་ཁྲིད་ཀྱི་གཙོ་གནད་འབུར་དུ་ཐོན་ཞིང་དཀའ་གནད་བརྟོལ་ཐུབ་པར་བྱེད་པ་དང་སློབ་ཁྲིད་ཀྱི་བྱེད་ཐབས་འོས་འཚམ་ཞིག་གདམ་རྒྱུ་དེ་རེད།

ཁྲིད་བཤད་ཀྱི་བྱ་འགུལ་ལ་སྤྱིར་བཏང་དུ་གོ་རིམ་གསུམ་ཡོད་དེ། གཅིག་ནི་འཆད་ཁྲིད་བྱེད་མཁན་གྱིས་སློབ་ཁྲིད་ཇུས་འགོད་ལ་དབྱེ་ཞིབ་དང་གསལ་བཤད་བྱེད་པའི་ངག་ཐོག་གི་འཆར་འགོད་དང་ཁྲིད་གཞི་ལ་དབྱེ་ཞིབ་བྱེད་པའི་གོ་རིམ། ཁྲིད་ཐབས་དང་རིགས་ལམ་སོགས་སྙིང་བསྡུས་ཀྱི་བཤད་པ་དེ་ཡིན། གཉིས་ནི་ཁྲིད་བཤད་ཀྱི་བྱ་འགུལ་ལ་ཞུགས་པའི་དགེ་རྒན་དང་ཆེད་མཁས་པ། དགེ་གྲོགས་བཅས་ཀྱིས་དཔྱད་བསྡུར་དང་དཔྱད་འཇོག་བྱས་ཏེ་བཟོ་བཅོས་དང་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་འདོན་པའི་གོ་རིམ། གསུམ་ནི་འཆད་ཁྲིད་དགེ་རྒན་གྱིས་སློབ་ཁྲིད་ཇུས་འགོད་ལ་ལེགས་བཅོས་བྱེད་པའི་གོ་རིམ་བཅས་ཡིན། 

ཁྲིད་བཤད་ཀྱི་ཁྲིད་གཞིའི་ནང་དོན་ལ་ཅི་ཞིག་ཁྲིད་པ་དང་། ཇི་ལྟར་ཁྲིད་པ། ཁྱད་པར་དུ་དགོས་པ་ཅིའི་ཕྱིར་ཁྲིད་པ་དང་དེའི་གཞུང་ལུགས་ཀྱི་གཞི་འཛིན་ས་གང་ཡིན་པ་བཅས་ལ་དབྱེ་ཞིབ་དང་ཞིབ་བརྗོད་བྱེད་པ་དེ་ཡིན་ལ། སློབ་ཁང་སློབ་ཁྲིད་ནང་དེ་དག་དངོས་སུ་ལག་ལེན་དུ་གདབ་རྒྱུ་དེ་ཡིན། འདི་ནི་ཁྲིད་བཤད་ཀྱི་ཁྲིད་གཞི་དང་སློབ་ཁང་སློབ་ཁྲིད་ཀྱི་ཁྲིད་གཞིའི་གཞི་རྩའི་ཁྱད་པར་ཡིན། ཁྲིད་བཤད་ཀྱིས་སློབ་ཁང་སློབ་ཁྲིད་ཁྲོད་ལག་ལེན་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་པ་དང་དགེ་རྒན་གྱི་རྩལ་ནུས་དང་སློབ་དཔྱོད་ནུས་པ། སློབ་ཁྲིད་ཞིབ་འཇུག་གི་ནུས་པ་སོགས་ཡར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཐུབ། 

སྤྱིར་བཏང་དུ། གྲངས་རིག་པའི་ཁྲིད་བཤད་ལ་གཤམ་གྱི་ནང་དོན་བདུན་ཡོད་དེ། གཅིག བསླབ་གཞི་བཤད་པ། གཉིས། སློབ་མའི་གནས་ཚུལ་བཤད་པ། གསུམ། སློབ་ཁྲིད་ཀྱི་དམིགས་ཚད་བཤད་པ། བཞི། སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད་བཤད་པ། ལྔ། ཁྲིད་ཐབས་དང་སློབ་ཐབས་བཤད་པ། དྲུག སློབ་ཁྲིད་ཀྱི་བརྒྱུད་རིམ་བཤད་པ། བདུན། སྒོ་སམ་ཇུས་འགོད་བཤད་པ་བཅས་ཡིན་ལ་གཤམ་དུ་རེ་རེའི་བཤད་ཐབས་གླེང་བར་བྱ། 

གཅིག བསླབ་གཞི་ངོ་སྤྲོད། 

བསླབ་གཞི་བཤད་པའི་སྐབས་སུ། དགེ་རྒན་གྱིས་བསླབ་ཚན་གང་དེའི་བསླབ་ཚན་ཚད་གཞི་ལ་རྒྱུས་ལོན་དང་། བསླབ་གཞིའི་ཤེས་བྱའི་གནད་རེ་རེར་གོ་བ་གཏིང་ཟབ་ལོན་དགོས་པར་མ་ཟད། བསླབ་གཞི་ཧྲིལ་བོའི་ཤེས་བྱ་ཁོང་དུ་ཆུད་དགོས་པ་དང་། བསླབ་ཚན་འཆར་འགོད་ཀྱི་རིགས་ལམ་དང་ཁྲིད་གཞིའི་གཏན་ཚིགས། གཞི་འཛིན་སའི་ཁུངས་ལུང་གསལ་པོར་རྟོགས་པའི་རྨང་གཞིའི་སྟེང་སློབ་མའི་ཆུ་ཚད་དང་བསྟུན་ནས་འབྲེལ་ཡོད་ཀྱི་ཤེས་བྱ་རྣམས་སྡེབ་སྒྲིག་བྱེད་དགོས། 

གྲངས་རིག་པ་ནི་སྤྱི་ཚོགས་དང་། དཔལ་འབྱོར། སློབ་གསོ་སོགས་གཞི་གཅིག་ཏུ་འབྲེལ་བའི་རིག་ཚན་གལ་ཆེན་ཞིག་ཡིན་ལ། འཚོ་བའི་ཁྲོད་ཀྱི་དོན་དངོས་དང་འབྲེལ་ནས་སློབ་ཁྲིད་ཀྱི་ཇུས་གཞི་ལེགས་པོ་གཏན་ཁེལ་བྱེད་པ་ནི་གྲངས་རིག་གི་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཁྲིད་བཤད་ཁྲོད་འཆད་ཁྲིད་མཁན་གྱིས་ཐོག་མར་གྲངས་རིག་གི་བསླབ་དེབ་ངོ་སྤྲོད་བྱེད་པ་དང་འཁྲིད་བྱའི་ནང་དོན་ལེའུ་གང་གི་ས་བཅད་གང་དུ་གཏོགས་པའི་གོ་གནས་དང་། བྱེད་ནུས། ལག་ལེན་གྱི་དོན་སྙིང་སོགས་ཅི་ཡིན་པ་གསལ་པོར་བཤད་དེ། སློབ་ཐུན་དེ་ནི་གྲངས་རིག་པའི་བསླབ་གཞི་ལས་ཁེར་རྐྱང་དུ་གནས་པ་ཞིག་མིན་པར་སྣ་འཛོམས་ཀྱི་ཤེས་བྱ་ཞིག་ཡིན་པར་ངོ་སྤྲོད་བྱེད་དགོས། 

གཉིས། སློབ་མའི་གནས་ཚུལ་ངོ་སྤྲོད།

སློབ་མའི་རང་གཤིས་དང་། ཁྱད་ཆོས། སེམས་ཁམས་ཀྱི་འགྱུར་བ། སློབ་སྦྱོང་གི་སྤྲོ་སྣང་། ཤེས་བྱའི་ཆུ་ཚད། སློབ་མའི་ཤེས་རྟོགས་ཀྱི་ཚད། བསམ་གཞིག་བྱེད་སྟངས། ལག་ལེན་གྱི་ནུས་པ་སོགས་སློབ་མའི་གནས་ཚུལ་ལ་ངེས་པར་དུ་རྒྱུས་ལོན་གཏིང་ཟབ་བྱེད་དགོས། 

སློབ་མའི་གནས་ཚུལ་ལ་དབྱེ་ཞིབ་བྱས་ན། སློབ་མའི་སྦྱོང་ཐབས་དབྱེ་ཞིབ་ལ་ཕན་ནུས་ལྡན་ལ། བསླབ་གཞི་གསར་པའི་བཅོས་སྒྱུར་ཁྲོད་དུ་སློབ་མ་ནི་འཕེལ་རྒྱས་ཀྱི་གཙོ་གཞི་ཡིན་པས། སློབ་མ་སོ་སོའི་ཁྱད་པར་དང་སློབ་སྦྱོང་གི་དགོས་མཁོ་མི་འདྲ་བར་སེམས་ཁུར་དང་སློབ་མའི་ཤེས་འདོད་ཀྱི་འདུན་པ་ལ་གསོ་སྐྱོང་བྱས་ཏེ་རང་འགུལ་གྱི་འདུ་ཤེས་དང་། ཡར་ཐོན་གྱི་སྙིང་སྟོབས། རང་རྐྱ་འཕེར་བ། མཉམ་ལས། འཚོལ་ཞིབ་བཅས་ཀྱི་སློབ་སྦྱོང་བྱེད་ཐབས་དར་སྤེལ་གཏོང་ཐུབ། 

སློབ་མའི་གནས་ཚུལ་ལ་དབྱེ་ཞིབ་བྱས་ན་སློབ་ཁྲིད་ཀྱི་བརྒྱུད་རིམ་ལའང་མཛུབ་སྟོན་གྱི་ནུས་པ་ལྡན་པ་དང་སློབ་མའི་སློབ་སྦྱོང་ལ་རོགས་རམ་བྱེད་ཐུབ་པས། དགེ་རྒན་གྱིས་ཁྲིད་བཤད་ཁྲོད་ངེས་པར་དུ་སློབ་མའི་སློབ་སྦྱོང་གི་གནས་ཚུལ་དང་། དགའ་ཕྱོགས། ཆུ་ཚད་ལ་རྒྱུས་ལོན་གཏིང་ཟབ་བྱེད་དགོས། 

གསུམ། སློབ་ཁྲིད་ཀྱི་དམིགས་ཚད་ངོ་སྤྲོད། 

སློབ་ཁྲིད་ཀྱི་དམིགས་ཚད་ནི་བསླབ་གཞི་དང་སློབ་མ་གཞིར་བཟུང་ཞིང་བསླབ་ཚན་གྱི་ཚད་གཞི་རྒྱབ་རྟེན་བྱས་ནས་གཏན་ཁེལ་བྱེད་དགོས་ལ། དགེ་རྒན་གྱིས་སློབ་མའི་ཤེས་བྱའི་ཆུ་ཚད་དང་བསམ་གཞིག་གི་ནུས་པ། ལོ་རིམ་མི་འདྲ་བའི་སློབ་མའི་ཤེས་ཚད་སོགས་ལ་དམིགས་ཏེ་སློབ་མའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མཐུན་པར་བྱས་ནས་སློབ་ཐུན་ཁྲོད་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་ལ་སྐུལ་འདེད་གང་ལེགས་བྱེད་པ་དམིགས་ཡུལ་དུ་བཟུང་སྟེ། གང་ཞིག་སྦྱང་པ་དང་སྦྱོང་པའི་ཁ་ཕྱོགས། ཐ་མའི་འབྲས་བུ་སོགས་སློབ་མར་རྟོགས་པར་བྱས་ཏེ་སྐར་མ་ཞེ་ལྔའི་རིང་གི་དགེ་སློབ་ཟུང་གི་འགན་ཁུར་གྱི་གནད་ཟིན་པར་བྱེད་དགོས།

བསླབ་ཚན་གསར་པ་བཅོས་སྒྱུར་བྱས་རྗེས། སློབ་ཁྲིད་ཀྱི་དམིགས་ཚད་ལ་ཁྱབ་ཁོངས་གསུམ་ཡོད་དེ། ཤེས་བྱ་དང་རྩལ་ནུས། བརྒྱུད་རིམ་དང་ཐབས་ཤེས། བརྩེ་སེམས་ཀྱི་རྣམ་འགྱུར་དང་རིན་ཐང་ལྟ་ཚུལ་བཅས་ཡིན་ལ། དེ་དག་ནི་རྒྱལ་ཁབ་ཀྱིས་རྨང་གཞི་སློབ་གསོའི་སྤུས་ཚད་ཐད་ཀྱི་དམིགས་ཚད་ལ་གཞིགས་ནས་གཏན་ཁེལ་བྱས་པ་ཞིག་ཡིན་པ་དང་། བསླབ་ཚན་གསར་པའི་ཚད་གཞི་ལས་སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་དང་སློབ་གསོའི་མཇུག་འབྲས་ལ་བཏོན་པའི་བླང་བྱའི་ཁྱབ་ཁོངས་བཅས་ཡིན། དེ་ལས། ཤེས་བྱ་དང་རྩལ་ནུས་དམིགས་ཚད་ནི་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་ལ་གཞིགས་ནས་གཏན་ཁེལ་བྱེད་པ་སྟེ། སློབ་མས་སློབ་ཐུན་དེའི་སློབ་སྦྱོང་བརྒྱུད་དེ་མཐར་ཐུག་འགྲུབ་པར་བྱ་དགོས་པའི་ཚད་གཞི་ཡིན་ལ། དམིགས་ཚད་འདིར་སྤྱིར་བཏང་དུ་རེ་བ་གསུམ་ཡོད། དང་པོ། སློབ་ཐུན་འདིར་ཤེས་རྟོགས་བྱེད་དགོས་པའི་ནང་དོན་གཙོ་བོ་ཁོང་དུ་ཆུད་པ། གཉིས་པ། ཤེས་བྱའི་གནད་གཙོ་བོར་གོ་བ་ལོན་པ་དང་མྱོང་ཚོར་ཐུབ་པ། གསུམ་པ། ངེས་སྲོལ་དང་སྤྱི་ལུགས། སྤྱི་འགྲོས་སོགས་བེད་སྤྱོད་གཏོང་ཐུབ་པར་བྱེད་པ་བཅས་ཡིན། འདི་ལས་གྲངས་རིག་པའི་ལག་ལེན་དངོས་ཀྱི་རིན་ཐང་ཡང་མངོན་འགྱུར་བྱེད་ཐུབ་སྟེ། དཔེར་ན། མཐོ་འབྲིང་གྲངས་རིག་ངེས་སྦྱོང་དང་པོའི《ཚོགས་སྤྱིའི་གོ་དོན་དང་མཚོན་ཚུལ》ཞེས་པའི་སློབ་ཚན་གྱི་ཤེས་བྱ་དང་རྩལ་ནུས་དམིགས་ཚད་ནི། གཅིག་ནི་ཚོགས་སྤྱིའི་གོ་དོན་ལ་གོ་བ་ལོན་པ་དང་། གཞི་རྒྱུ་དང་ཚོགས་སྤྱིའི་ཁོངས་གཏོགས་ཀྱི་འབྲེལ་བར་མྱོང་ཚོར་ཐུབ་པ་བྱེད་དགོས། གཉིས་ནི་རྒྱུན་བཀོལ་གྱི་གྲངས་ཚོགས་དང་དེའི་འགོད་ཐབས་ཁོང་དུ་ཆུད་པ་དང་། གཞི་རྒྱུ་གང་རུང་ཞིག་ཚོགས་སྤྱིར་གཏོགས་པ་དང་མི་གཏོགས་པ་བརྡར་ཤ་གཅོད་ཐུབ་པ། གསུམ་ནི་ཚོགས་སྤྱིའི་གཞི་རྒྱུའི་རང་བཞིན་གསུམ་སྟེ་གཏན་ཁེལ་རང་བཞིན་དང་ཕན་ཚུན་ཐ་དད་པའི་རང་བཞིན། རིམ་མེད་རང་བཞིན་བཅས་ཤེས་རྟོགས་བྱེད་དགོས། འདི་ལྟར་གཏན་ཁེལ་བྱས་པ་ནི་སློབ་ཐུན་འདིར་ཤེས་དགོས་པའི་གཙོ་གནད་ཡིན་པ་དང་སྒོས་སུ་ཤེས་བྱའི་གཙོ་གནད་ངོས་འཛིན་དང་ཤེས་རྟོགས་བྱེད་པར་དགེ་མཚན་ལྡན་ནོ། །

བརྒྱུད་རིམ་དང་ཐབས་ཤེས་ནི་སློབ་མས་དགེ་རྒན་གྱི་མཛུབ་སྟོན་འོག་ཤེས་བྱ་དང་རྩལ་ནུས་ཀྱི་དམིགས་ཚད་ཇི་ལྟར་སྒྲུབ་པའི་བརྒྱུད་རིམ་དང་ཞིབ་ཕྲའི་བྱེད་ཐབས་ཏེ། ཤེས་བྱ་ཁོང་དུ་ཆུད་པར་བྱེད་པ་དང་ལག་ལེན་བྱེད་པའི་བརྒྱུད་རིམ་དང་ཐབས་ཤེས་ཞིབ་བརྗོད་བྱེད་པ་ཞིག་ཡིན། དམིགས་ཚད་འདིར་རྩིས་རྒྱག་པའི་ཁྲོད་དུ་སློབ་པའི་བརྒྱུད་རིམ་དང་ཁྲིད་པའི་ཁྲོད་དུ་རྩིས་རྒྱག་པའི་བརྒྱུད་རིམ། བསླབས་པའི་རྗེས་སུ་བསམ་གཞིག་དང་དབྱེ་ཞིབ་བྱེད་པའི་བརྒྱུད་རིམ་བཅས་བརྒྱུད་རིམ་གསུམ་ལག་བསྟར་བྱེད་པའི་དགོས་གལ་རང་བཞིན་དང་ཚན་རིག་རང་བཞིན་གསལ་བཤད་བྱེད་དགོས།

བརྒྱུད་རིམ་དང་ཐབས་ཤེས་ཀྱི་དམིགས་ཚད་ཀྱིས་སྦྱང་བྱ་ཤེས་རྟོགས་དང་། ཚན་རིག་དང་མཐུན་པར་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་དང་ཐབས་ཤེས་ཕན་ཚུན་མཐུན་འབྲེལ་བྱེད་པ་དང་། ཁྱད་པར་དུ་བརྒྱུད་རིམ་ཁྲོད་ཤེས་བྱའི་གནད་རྟོགས་པ་དང་། བཀོལ་སྤྱོད་བྱེད་པ། རིགས་ལམ་ལ་གོམས་པར་བྱེད་པ། ལག་ལེན་གནད་དུ་འཛིན་པ་བཅས་གཏན་ཚིགས་ཀྱི་འབྲེལ་བ་ངོ་སྤྲོད་བྱེད་དགོས། དཔེར་ན། མཐོ་འབྲིང་གྲངས་རིག་ངེས་སྦྱོང་དང་པོའི《ཚོགས་སྤྱིའི་གོ་དོན་དང་མཚོན་ཚུལ》ཞེས་པའི་སློབ་ཐུན་གྱི་དམིགས་ཚད་བཤད་པའི་སྐབས་སུ། དཔེ་དངོས་བརྒྱུད་ནས་རང་བྱུང་སྐད་བརྡའི་ཐབས་དང་དཔེ་རིས་ཐབས། མཚོན་རྟགས་ཐབས་བཅས་བདམས་ནས་གནད་དོན་མི་འདྲ་བ་ཞིབ་བརྗོད་བྱེད་ཐུབ་པ་དང་།

ཚོགས་སྤྱིའི་སྐད་བརྡའི་དོན་སྙིང་དང་བྱེད་ནུས་མྱོང་ཚོར་ཐུབ་པར་བྱས་ཏེ། སློབ་མར་དབྱེ་ཞིབ་དང་བསམ་གཞིག། ཕྱོགས་སྡོམ། ལྟ་ཞིབ་ནུས་པ་བཅས་ལ་བརྟེན་ནས་གྲངས་རིག་བཀོལ་སྤྱོད་བྱེད་པའི་འདུ་ཤེས་དང་།

དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་རྒྱུར་དམིགས་ནས་བརྒྱུད་རིམ་དང་ཐབས་ཤེས་ཀྱི་དམིགས་ཚད་གཏན་ཁེལ་བྱེད་འོས། 

བརྩེ་སེམས་ཀྱི་རྣམ་འགྱུར་དང་རིན་ཐང་ལྟ་ཚུལ་གྱི་དམིགས་ཚད་ནི་སློབ་མས་སློབ་སྦྱོང་གི་གོ་རིམ་མམ་མཇུག་འབྲས་ལ་ཉམས་ལེན་བྱེད་པའི་མྱོང་ཚོར་ཡིན། དམིགས་ཚད་འདིར་སྤྱིར་བཏང་དུ་གོ་རིམ་གསུམ་ཡོད་དེ། ཤེས་རྟོགས་ཀྱི་གོ་རིམ་དང་ལག་ལེན་གྱི་གོ་རིམ། བསམ་གཞིག་གི་གོ་རིམ་བཅས་ཡིན་ལ། རང་དང་གཞན། རང་བྱུང་ཁམས་བར་གྱི་འབྲེལ་བ་ལ་གཞིགས་ནས་བྱུང་བའི་ཐོག་མའི་སེམས་ཁམས་དང་། ཤེས་རྟོགས་ཀྱི་འགྱུར་བ། རིན་ཐང་ལྟ་ཚུལ། འཚོ་བར་དགོས་ངེས་ཀྱི་ཚན་རིག་དང་མཐུན་པའི་གཞུང་ལུགས་དང་ལག་ལེན་གྱི་རིན་ཐང་སོགས་འདུས་ཡོད། དཔེར་ན། མཐོ་འབྲིང་གྲངས་རིག་ངེས་སྦྱོང་དང་པོའི《ཚོགས་སྤྱིའི་གོ་དོན་དང་མཚོན་ཚུལ》ཞེས་པའི་སློབ་ཐུན་གྱི་བརྩེ་སེམས་ཀྱི་རྣམ་འགྱུར་དང་རིན་ཐང་ལྟ་ཚུལ་གྱི་དམིགས་ཚད་ནི། གྲངས་རིག་ནི་འཚོ་བ་ལས་བྱུང་ཞིང་། འཚོ་བར་ཞབས་འདེགས་ཞུ་བའི་འདུ་ཤེས་གསོ་སྐྱོང་དང་། མི་སྒེར་དང་ཐུན་མོང་གི་འབྲེལ་བར་ངོས་འཛིན་བྱེད་པ་དམིགས་ཚད་དུ་བཞག་ནས་དངོས་སུ་བཀོལ་སྤྱོད་དང་། ལག་ལེན་བྱེད་པར་དམིགས་པ། གཞི་རྒྱུ་དང་ཚོགས་སྤྱིའི་འབྲེལ་བ་ཤེས་རྟོགས་བརྒྱུད་དེ་མི་སྒེར་དང་ཐུན་མོང་གི་འབྲེལ་བར་ངོས་འཛིན་བྱ་རྒྱུར་དམིགས་ནས་བརྩེ་སེམས་ཀྱི་རྣམ་འགྱུར་དང་རིན་ཐང་ལྟ་ཚུལ་གྱི་དམིགས་ཚད་གཏན་ཁེལ་བྱེད་འོས།

ཤེས་བྱ་དང་རྩལ་ནུས་དམིགས་ཚད་ནི་རྨང་གཞི་དང་། བརྒྱུད་རིམ་དང་ཐབས་ཤེས་ཀྱི་དམིགས་ཚད་ནི་ཤེས་བྱ་དང་རྩལ་ནུས་དམིགས་ཚད་འགྲུབ་པའི་རྟེན་གཞི་ཡིན། བརྩེ་སེམས་ཀྱི་རྣམ་འགྱུར་དང་རིན་ཐང་ལྟ་ཚུལ་གྱི་དམིགས་ཚད་ཀྱིས་དམིགས་ཚད་གཞན་དག་འགྲུབ་པར་སྐུལ་འདེད་དང་ལེགས་སྒྱུར་གྱི་ནུས་པ་གལ་ཆེན་ཐོན་པ་ཡིན་པས། བསླབ་ཚན་གསར་པའི་ཚད་གཞིའི་མཛུབ་སྟོན་འོག་སློབ་ཁྲིད་དམིགས་ཚད་ཀྱི་ནང་དོན་ཁག་གསུམ་པོ་མཉམ་གནས་བྱེད་པ་ལས་ཕྱོགས་རིས་ཀྱི་ལྟ་ཚུལ་འཛིན་མི་རུང་། 

བཞི། སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད་ངོ་སྤྲོད། 

སློབ་ཁྲིད་ཀྱི་གཙོ་གནད་ནི་བསླབ་ཚན་གྱི་ཚད་གཞི་ལྟར་སློབ་ཐུན་འདིའི་ནང་དོན་ཁྲོད་ཆེས་རྨང་གཞི་དང་ཆེས་སྲོག་ཤིང་དུ་གྱུར་པའི་ཤེས་བྱ་དང་རྩལ་ནུས་ཡིན། རྨང་གཞིའི་ཤེས་བྱ་ནི་འཁྲིད་བྱའི་ནང་དོན་གྱི་གཞི་རྩའི་དོན་སྤྱི་དང་། རྩ་བའི་རིག་པ། གཞི་རྩའི་ངེས་སྲོལ་དང་སྤྱི་འགྲོས། ལུགས་རྩིས་སོགས་ཀྱིས་གྲུབ་པའི་བརྟན་ཆགས་ཀྱི་ཤེས་བྱ་དག་ཡིན། 

སློབ་ཁྲིད་ཀྱི་གཙོ་གནད་ཡང་དག་པའི་སྒོ་ནས་གཏན་འཁེལ་བྱེད་པ་དང་གཙོ་གནད་འབུར་དུ་ཐོན་པར་བྱེད་དགོས་ན། བསླབ་ཚན་གྱི་འཆར་གཞིར་རྒྱུས་ལོན་གཏིང་ཟབ་ཡོད་དགོས་པ་དང་། འཁྲིད་བྱའི་ནང་དོན་ལ་བྱང་ཆ་ལྡན་དགོས་པ་མ་ཟད་སློབ་ཐུན་སྔ་རྗེས་ཀྱི་ནང་དོན་ཡང་ཤེས་རྟོགས་གཏིང་ཟབ་བྱེད་དགོས། འདི་ལྟར་བྱས་ན་གཙོ་གནད་འབུར་དུ་ཐོན་ཐུབ་ལ་གནད་དུ་ཁེལ་ཐུབ། དཔེར་ན། མཐོ་འབྲིང་གྲངས་རིག་ངེས་སྦྱོང་དང་པོའི《ཚོགས་སྤྱིའི་གོ་དོན་དང་མཚོན་ཚུལ》ཞེས་པའི་སློབ་ཁྲིད་ཀྱི་གཙོ་གནད་ལ་མཚོན་ན། ཚོགས་སྤྱིའི་གོ་དོན་དང་མཚོན་ཚུལ་ནི་མཐོ་འབྲིང་གྲངས་རིག་གི་རྨང་གཞིའི་ཤེས་བྱ་ཞིག་ཡིན་པ་དང་།

རྒྱུན་བཀོལ་གྲངས་ཚོགས་དང་དེའི་འགོད་ཐབས། ཚོགས་སྤྱི་བར་གྱི་འབྲེལ་བ་བཅས་ཤེས་རྟོགས་བྱེད་པའི་གནད་འགག་ཀྱང་ཡིན་པས། སློབ་ཁྲིད་ཀྱི་གཙོ་གནད་དུ་གཏན་ཁེལ་བྱེད་འོས། 

སློབ་ཁྲིད་ཀྱི་དཀའ་གནད་ནི་དགེ་རྒན་གྱིས་ཁྲིད་དཀའ་བ་དང་བཤད་དཀའ་བ། སློབ་མས་སྦྱང་དཀའ་བ་དང་རྟོགས་དཀའ་བ། ནོར་འཆུག་འབྱུང་སླ་བའི་ནང་དོན་གྱི་ཁག་ཡིན་ལ། དེ་ནི་དགེ་སློབ་ཀྱི་ཤེས་ཡོན་གྱི་ཆུ་ཚད་དང་རྩལ་ནུས་ལ་རག་ལས་པས་ས་གནས་མི་འདྲ་བ་དང་སློབ་གྲྭ་མི་འདྲ་བ། འཛིན་གྲྭ་མི་འདྲ་བར་སློབ་ཁྲིད་ཀྱི་དཀའ་གནད་ཀྱང་མི་འདྲ་བ་འབྱུང་སྲིད་པས། སློབ་མའི་རྨང་གཞིར་གཞིགས་ཏེ་ཤེས་བྱ་གང་དག་ནི་སློབ་མས་སྦྱངས་ཟིན་པའམ་སྔོན་གྱི་ཤེས་བྱར་བརྟེན་ནས་ཤེས་སླ་བོ་ཡོད་པ་དང་། ཤེས་བྱ་གང་དག་ནི་སློབ་མར་ཆ་རྒྱུས་མེད་པའམ་གཏན་ནས་མཐོང་མ་མྱོང་བ་ཡིན་པའི་དབྱེ་བ་གསལ་པོར་འབྱེད་དགོས། སློབ་མར་ཆ་རྒྱུས་མེད་པའམ་གཏན་ནས་མཐོང་མ་མྱོང་བའི་ཤེས་བྱ་ནི་སློབ་ཁྲིད་ཀྱི་དཀའ་གནད་ཡིན། སློབ་ཁྲིད་ཀྱི་གཙོ་གནད་དེ་སློབ་ཁྲིད་ཀྱི་དཀའ་གནད་ཡིན་པའི་ངེས་པ་མེད་ལ། དཀའ་གནད་ཀྱང་སློབ་ཁྲིད་ཀྱི་གཙོ་གནད་ཡིན་པའི་ངེས་པ་མེད་པས་ཁྲིད་བཤད་ཀྱི་སྐབས་སུ་སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་དབྱེ་བར་དོ་སྣང་བྱ་དགོས། 

དཔེར་ན། 《ཚོགས་སྤྱིའི་གོ་དོན་དང་མཚོན་ཚུལ》ཞེས་པའི་སློབ་ཁྲིད་ཀྱི་དཀའ་གནད་ལ་མཚོན་ན། གཞི་རྒྱུ་དང་ཚོགས་སྤྱི་བར་གྱི་འབྲེལ་བར་ཤེས་རྟོགས་བྱེད་པ་དང་། རང་བྱུང་སྐད་བརྡའི་ཐབས། མཚོན་རྟགས་ཐབས། དཔེ་རིས་ཐབས་བཅས་སོ་སོ་ནས་ཚོགས་སྤྱི་མཚོན་ཐུབ་པར་བྱེད་པ་ནི་གྲངས་རིག་པའི་ཤེས་བྱ་གཞན་དག་ཞིབ་བརྗོད་བྱེད་པའི་རྨང་གཞི་དང་མགོ་འཛུགས་ས་ཡིན་ལ། མཐོ་གཅིག་སློབ་མར་མཚོན་ན་ཤེས་བྱ་འདི་ནི་ཆ་རྒྱུས་མེད་པ་དང་གྲངས་དབྱིབས་ཟུང་འབྲེལ་གྱི་གྲངས་རིག་ཐབས་ལམ་ཞིག་ཡིན་པས། འཁྲིད་བྱའི་ནང་དོན་ལ་དབྱེ་ཞིབ་དང་བསླབ་ཚན་ཚད་གཞིའི་རེ་བ་གཞིར་བཟུང་སྟེ་སློབ་ཐུན་འདིའི་དཀའ་གནད་དུ་གཏན་ཁེལ་བྱེད་འོས།

ལྔ། ཁྲིད་ཐབས་དང་སྦྱོང་ཐབས་ངོ་སྤྲོད། 

སློབ་ཁྲིད་ཀྱི་དམིགས་ཚད་དོན་འཁྱོལ་བྱེད་པ་དང་། གཙོ་གནད་འབུར་དུ་ཐོན་ཞིང་དཀའ་གནད་བརྟོལ་བར་ཁྲིད་ཐབས་ཕུན་སུམ་ཚོགས་པ་ཞིག་གདམ་དགོས་ལ། ཁྲིད་ཐབས་དེ་དག་འདེམ་པའི་རྒྱུ་མཚན་དང་གཞི་འཛིན་ས་བཤད་དགོས། 

ཁྲིད་ཐབས་འདེམ་པར་དེང་གི་སློབ་གསོ་སློབ་ཁྲིད་ཀྱི་ཁ་ཕྱོགས་དང་བསླབ་ཚན་ཚད་གཞིའི་དགོངས་དོན་ལྟར། དགེ་རྒན་ནི་གཙོ་སྐུད་དང་སློབ་མ་ནི་གཙོ་གཞི་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་སློབ་མར་སློབ་སྦྱོང་གི་དུས་ཚོད་མང་པོ་ཞིག་ཇི་ལྟར་མཁོ་འདོན་བྱ་རྒྱུ་དང་། སློབ་མའི་རིག་སྟོབས་ཀྱི་ཁྱད་ཆོས་དང་རྨང་གཞིའི་ཤེས་ཡོན་གྱི་ཆུ་ཚད་མི་འདྲ་བར་གང་ལ་གང་འཚམ་གྱི་ཁྲིད་ཐབས་ཅི་ཞིག་སྤྱོད་རྒྱུ་ཡིན་པ་ཞིབ་བརྗོད་དང་། སློབ་མའི་བསམ་བློའི་འཕེལ་རིམ་ལ་གཞིགས་ཏེ་ཁྲིད་ཐབས་གང་ཞིག་སྤྱད་ན་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་དང་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་མཐོར་འདེགས་གཏོང་ཐུབ་པ་དང་། བསམ་གཞིག་གིི་ནུས་པ་སྐྱེད་བསྲིང་པར་ཕན་པ། བསླབས་ཟིན་པའི་ཤེས་བྱར་ཤེས་རྟོགས་དང་བཀོལ་སྤྱོད་བྱེད་པར་ཕན་ཁེ་ཡོད་པ། སློབ་མ་ཡོངས་རྫོགས་སློབ་ཁྲིད་ཀྱི་ལས་སུ་ཇི་ལྟར་འཇུག་པར་བྱེད་པ་སོགས་ནི་ཁྲིད་ཐབས་འདེམ་པའི་གཞི་འཛིན་ས་ཡིན་པས། ཁྲིད་བཤད་མཁན་གྱིས་ཁྲིད་ཐབས་འདེམ་ཚུལ་དང་བདམས་པའི་ཁྲིད་ཐབས་ཀྱི་དགེ་མཚན་གསལ་པོར་བརྗོད་དགོས། 

ང་ཚོའི་སློབ་ཁྲིད་ཀྱི་དམིགས་ཡུལ་ནི་སློབ་མར་ཁྲིད་གཞི་ངོས་ཀྱི་ཤེས་བྱ་འཁྲིད་རྒྱུ་ཁོ་ན་མ་ཡིན་པར་ཆེས་གཙོ་བོ་ནི་སློབ་སྦྱོང་བྱེད་ཐབས་འཁྲིད་རྒྱུ་དེ་ཡིན་པ་དང་། སྦྱོང་ཐབས་ནི་སློབ་མས་གྲངས་རིག་པའི་རྨང་གཞིའི་ཤེས་བྱ་ཇི་ལྟར་སྦྱང་བ་དང་དེ་ཉིད་བཀོལ་སྤྱོད་ཇི་ལྟར་བྱེད་པའི་སློབ་སྦྱོང་གི་གོ་རིམ་དེ་ཡིན་ལ། དགེ་རྒན་གྱིས་མཛུབ་ཁྲིད་ལ་བརྟེན་ནས་སློབ་མའི་སློབ་ཐབས་ག་འདྲ་ཞིག་སྤྱོད་པ་སྣེ་སྟོན་ཐུབ་པ་དང་། ནུས་པ་ཇི་འདྲ་ཞིག་སྦྱང་དགོས་པ། སློབ་སྦྱོང་གི་གྲུབ་འབྲས་ཇི་སྙེད་ཅིག་ལོན་དགོས་པའི་མཛུབ་སྟོན་ཞིག་ཀྱང་ཡིན། 

ཁྲིད་བཤད་མཁན་གྱིས་སློབ་ཚན་གང་དེའི་ཤེས་བྱ་དང་། རྩལ་ནུས་ཀྱི་དམིགས་ཚད། སློབ་མའི་ཤེས་བྱའི་རྨང་གཞི། ན་ཚོད། ཁྱད་ཆོས་སོགས་ལ་གཞིགས་ཏེ་ཁྲིད་ཐབས་གང་དང་སློབ་ཐབས་གང་ཞིག་བདམས་ན་སློབ་ཁྲིད་ཀྱི་དམིགས་ཚད་མཐའ་དག་ཡོངས་འགྲུབ་བྱེད་ཐུབ་པར་ཁ་གསལ་གོ་བདེའི་སྒོ་ནས་གསེད་འགྲེལ་བཤད་དགོས། 

དྲུག སློབ་ཁྲིད་ཀྱི་བརྒྱུད་རིམ་ངོ་སྤྲོད། 

སློབ་ཁྲིད་ཀྱི་བརྒྱུད་རིམ་བཤད་པ་ནི་སློབ་ཁྲིད་ཀྱི་གོ་རིམ་ཧྲིལ་བོའི་སྤྱི་ཁོག་གི་སྒྲིག་གཞི་ཇུས་འགོད་དེ་ཅི་ལྟར་ལག་ལེན་དོན་འཁྱོལ་བྱེད་པ་གསལ་བཤད་བྱེད་པ་སྟེ། སློབ་ཁྲིད་ཀྱི་མགོ་ཇི་ལྟར་རྩོམ་པ་དང་། བརྒྱུད་རིམ་ག་འདྲ་ཞིག་ཡོད་པ། མཇུག་ཇི་ལྟར་བསྡུ་བའི་ནང་དོན་དང་གོ་རིམ་བཤད་པ་དེ་ཡིན་ལ། སློབ་ཁྲིད་ཀྱི་བྱ་རིམ་ཇུས་འགོད་བྱས་པའི་གཞི་རྩའི་གོ་རིམ་དང་དམིགས་ཡུལ། གཞི་འཛིན་ས་བཅས་གསལ་པོར་བཤད་དགོས། 

ཁྲིད་བཤད་ཀྱི་ཁ་གཏོད་ས་ནི་དཔྱད་འདེམ་པ་དང་ཆེད་མཁས་པ། དགེ་རྒན་དག་ཡིན་པས། དེ་དག་ལ་ཅི་ཞིག་ཁྲིད་པ་དང་ཇི་ལྟར་ཁྲིད་པ། དགོས་པ་ཅིའི་ཕྱིར་ཁྲིད་པ་བཅས་ངོ་སྤྲོད་བྱེད་པ་ལས་སློབ་མར་ཁྲིད་པ་ལྟར་བཤད་མི་རུང་ལ། ཁྱད་པར་དུ་དགོས་པ་ཅིའི་ཕྱིར་འདི་ལྟར་ཁྲིད་དགོས་པའི་གཞི་འཛིན་ས་དེ་གསལ་པོར་བཤད་དགོས་པ་དང་། སློབ་ཁྲིད་ཀྱི་བརྒྱུད་རིམ་སྤེལ་བའི་གཏན་ཚིགས་ཀྱི་གོ་རིམ་དང་། ལྷུ་ཚིགས། བར་བརྒལ་གྱི་མཐུད་འབྲེལ། དུས་ཚོད་བཀོད་སྒྲིག དགེ་སློབ་ཇི་ལྟར་ཟུང་འབྲེལ་བྱེད་པ་སོགས་ཏིལ་ལ་ཏིལ་མར་གྱིས་ཚུལ་དུ་བཤད་དགོས། 

1. སློབ་ཁྲིད་ཀྱི་སྔོན་འགྲོ་བཤད་པ། 

བསླབས་ཟིན་པའི་ཤེས་བྱ་བསྐྱར་སྦྱང་དང་འཁྲིད་བྱའི་ཤེས་བྱར་སྔོན་སྦྱོང་གི་དགོས་པ་དང་། དམིགས་ཡུལ། གཞི་འཛིན་ས་བཅས་བཤད་དེ་འཚོ་བ་དངོས་སུ་སྦྱངས་ཟིན་པའི་ཤེས་བྱ་དང་འབྲེལ་ཡོད་ཀྱི་གནད་དོན་ཁ་ཤས་ཐག་གཅོད་པར་འཁྲིད་བྱའི་ནང་དོན་དང་འབྲེལ་བ་ཅི་ཞིག་ཡོད་པའི་དྲི་བ་བཏོན་ནས་སློབ་ཁྲིད་གསར་པར་ཇི་ལྟར་ཞུགས་པའི་གནས་ཚུལ་བཤད་པའམ་ཡང་ན་བྱ་ཐབས་ཅི་ཞིག་ལ་བརྟེན་ནས་སློབ་ཁྲིད་གསར་པ་ནང་འདྲེན་བྱེད་པ་དང་ཐབས་ལམ་དེ་ཉིད་བཀོལ་སྤྱོད་བྱེད་པའི་དགོས་པ་དང་ཕན་འབྲས་ག་འདྲ་ཐོན་པའི་བླང་བྱ་བཤད་དགོས་ཏེ། སློབ་ཐུན་གྱི་མགོ་འཛུགས་སྟངས་ལེགས་མིན་གྱིས་སློབ་ཁྲིད་ལེགས་འགྲུབ་འབྱུང་མིན་ལ་ཐད་ཀར་དུ་ཤུགས་རྐྱེན་ཐེབས་སྲིད་པས། ངེས་པར་དུ་སློབ་མར་སྤྲོ་སྣང་བསྐྱེད་ཐུབ་པའི་ཐབས་ལམ་སྤྱད་དེ་སློབ་མ་ཚོ་དགའ་སྣང་དང་བཅས་སློབ་ཁྲིད་ཀྱི་ནང་དོན་དང་སེམས་པ་འདྲེས་པར་བྱ་ཚུལ་ངོ་སྤྲོད་བྱ་དགོས་པ་དང་། དེས་སློབ་ཁྲིད་ཁྲོད་ཟིན་པའི་དུས་ཚོད་ཀྱི་བཀོད་སྒྲིག་བརྗོད་དགོས།

2.སློབ་ཁྲིད་དངོས་ཀྱི་བརྒྱུད་རིམ་བཤད་པ། 

དེང་གི་སློབ་གསོ་སློབ་ཁྲིད་ཀྱི་ཁ་ཕྱོགས་དང་བསླབ་ཚན་ཚད་གཞིའི་དགོངས་དོན་ལྟར་ན། སློབ་ཁྲིད་ཀྱི་རིགས་ལམ་ལ་ཁྱད་ཆོས་བཞི་ལྡན་ཏེ། སླ་མོ་ཞིག་དཀའ་མོར་བཏང་སྟེ་ཁྲིད་པ་ནི་སློབ་ཁྲིད་བཟང་པོ་ཞིག་མིན་ལ། དཀའ་མོ་ཞིག་སླ་མོར་བཏང་སྟེ་ཁྲིད་པ་ནི་སློབ་ཁྲིད་བཟང་པོ་ཞིག་ལ་རྩི་བཞིན་ཡོད་པ་དང་གཅིག སློབ་མའི་རིག་སྟོབས་ཀྱི་ཁྱད་ཆོས་ལྟར་ན་ཐོག་མ་ནས་རྙོག་འཛིང་དང་དཀའ་མོའི་ལམ་དུ་ཁྲིད་ན་སློབ་མར་དཀའ་སྣང་དང་སུན་སྣང་བྱིན་ཏེ་སློབ་མར་རང་དམན་གྱི་བསམ་བློ་བསྐྱེད་དེ་སློབ་ཁྲིད་ལ་འཇུག་མི་སྤྲོ་བ་དང་གཉིས། ཐོག་མར་དགེ་རྒན་གྱི་མཛུབ་སྟོན་ལ་བརྟེན་ཞིང་བར་དུ་སློབ་གྲོགས་ཀྱི་རམ་འདེགས་ལ་བརྟེན་པ། མཐའ་མར་རང་ཚུགས་ཀྱི་ནུས་པ་ལ་བརྟེན་པ་བཅས་ནི་སློབ་མའི་རིག་སྟོབས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་ཞིང་དེང་གི་སློབ་གསོ་སློབ་ཁྲིད་ཀྱི་ལམ་ཕྱོགས་དང་མཐུན་པ་དང་གསུམ། ང་ཚོའི་སློབ་ཁྲིད་ཀྱི་དམིགས་ཡུལ་ནི་སློབ་མར་ཁྲིད་གཞི་ངོས་ཀྱི་ཤེས་བྱ་འཁྲིད་རྒྱུ་ཁོ་ན་མ་ཡིན་པར་ཆེས་གཙོ་བོ་ནི་སློབ་སྦྱོང་བྱེད་ཐབས་འཁྲིད་རྒྱུ་དེ་ཡིན་པ་དང་བཞི་བཅས་ཡིན་པས། དགེ་རྒན་གྱིས་སློབ་ཁྲིད་སྐབས་སུ་ཁྲིད་པ་དང་སྦྱོང་བ། དཔྱད་འཇོག་གསུམ་ཇི་ལྟར་ཟུང་འབྲེལ་བྱ་རྒྱུ་དང་། ཐབས་རྩལ་ཅི་ཞིག་བརྒྱུད་དེ་གནད་དོན་གང་དག་འདོན་པ་དང་། སློབ་མས་ཇི་ལྟར་ཧུར་བརྩོན་གྱིས་བསམ་གཞིག་བྱེད་པ། དགེ་རྒན་གྱིས་ནུས་པ་ག་འདྲ་ཐོན་པ་དང་། སློབ་མ་རྣམས་སློབ་ཁྲིད་ཀྱི་བྱ་འགུལ་དུ་ཞུགས་ཚད་ག་འདྲ་ཡིན་པ། སློབ་གྲོགས་ག་ཚོད་རང་རྐྱ་འཕེར་ཐུབ་པ་སོགས་ཞིབ་ཕྲའི་སྒོ་ནས་བཤད་དགོས་པ་མ་ཟད། འཁྲིད་བྱའི་ནང་དོན་གསར་པས་སློབ་མའི་ནུས་པ་ཅི་ཞིག་བསྐྱེད་པ་དང་དམིགས་ཚད་ག་འདྲ་ལ་ཐོན་ཟིན་པ་སོགས་བཤད་དགོས་པ་དང་། སློབ་མ་ཇི་ལྟར་སློབ་ཁང་སློབ་ཁྲིད་ཀྱི་གཙོ་གཞི་རུ་བསྒྱུར་བ་དང་། སློབ་མས་ཐབས་ཤེས་ཅི་ཞིག་སྤྱད་དེ་སྦྱང་བྱ་ཤེས་རྟོགས་བྱེད་པ། དཔེ་བརྗོད་ཞིབ་འགྲེལ་ཇི་ལྟར་བྱ་རྒྱུ་དང་དེའི་དགོས་པ་དང་གཞི་འཛིན་ས་སོགས་གཙོར་བཟུང་ནས་གསལ་བཤད་གང་ལེགས་གནང་དགོས། 

3.དཔྱད་འཇོག་བྱེད་ཐབས་བཤད་པ། 

འཁྲིད་བྱའི་ནང་དོན་གྱི་དམིགས་ཚད་རེ་རེར་སློབ་སྦྱོང་བྱས་རྗེས་སློབ་ཁྲིད་ཀྱི་རིམ་པ་སོ་སོའི་དམིགས་ཚད་རེ་རེ་ཚང་མ་སློབ་མས་ཤེས་རྟོགས་བྱུང་ཡོད་མེད་ལ་དུས་ཐོག་ཏུ་ཞིབ་བཤེར་དང་དཔྱད་འཇོག་བྱེད་པ་དང་།

དཔྱད་འཇོག་གི་ཐབས་ཤེས་གང་ཞིག་སྤྱོད་རྒྱུ། དེའི་དགོས་པ་དང་གཞི་འཛིན་ས་གཙོར་བཟུང་ནས་བཤད་པ་དང་ཚད་འཇལ་གྱི་འདྲི་གཞི་རེ་རེའི་དམིགས་ཡུལ་དང་དགོས་པ་གསལ་པོར་བཤད་དགོས།

4. ཕྱོགས་སྡོམ་བཤད་པ། 

ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་དང་། རྨང་གཞི་ཤེས་བྱའི་དོན་སྤྱི་དང་རང་བཞིན། ངེས་སྲོལ་དང་ལུགས་རྩིས་སོགས་སྤྱི་སྡོམ་ཇི་ལྟར་བྱེད་པ་དང་དེའི་དགོས་པ་བཤད་པ། 

5.ལས་བྱ་བཀོད་སྒྲིག་བཤད་པ། 

སློབ་ཕྱིའི་ལས་བྱ་དང་སྦྱང་གཞི་ནི་སློབ་ཁྲིད་ཀྱི་རྒྱུན་སྲིང་ཡིན་ལ། སློབ་མ་རྣམས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་དང་སྦྱངས་ཟིན་པའི་ཤེས་བྱ་རྣམས་བློ་ལ་གཏན་ཆགས་ཡོང་ཕྱིར་བཀོད་པ་ཡིན་པས། སློབ་མའི་ཆུ་ཚད་དང་སློབ་ཕྱིའི་དུས་ཚོད་ལ་དམིགས་ཏེ་སློབ་ཐུན་དེའི་སློབ་ཁྲིད་ཀྱི་ནང་དོན་དང་འབྲེལ་བའི་སྦྱང་གཞི་བཀོད་སྒྲིག་བྱས་ནས་བསླབས་ཟིན་པའི་ཤེས་བྱ་བརྟན་ཆགས་སུ་ཇི་ལྟར་གཏོང་བ་དང་ལས་བྱར་བཀོད་སྒྲིག་བྱས་པའི་འདྲི་གཞི་རེ་རེའི་དམིགས་ཡུལ་དང་དགོས་པ་གསལ་པོར་བཤད་དགོས། 

བདུན། སྒོ་སམ་ཇུས་འགོད་བཤད་པ། 

སྒོ་སམ་ཇུས་འགོད་བཤད་པ་ལ་སློབ་ཐུན་དེའི་སྒོ་སམ་ཇི་ལྟར་བཀོད་སྒྲིག་བྱ་རྒྱུ་དང་། དེ་ལྟར་བཀོད་སྒྲིག་བྱེད་པའི་དགོས་པ། དམིགས་ཡུལ་གང་ཡིན་པ་ངོ་སྤྲོད་བྱེད་པ། སློབ་ཐུན་གྱི་ཁ་བྱང་སྒོ་སམ་སྟེང་དུ་དུས་ནམ་ཞིག་ལ་འབྲི་རྒྱུ། བྱེ་བྲག་གི་ནང་དོན་ཅི་ཞིག་ཡིན་པ་སོགས་འབྲེལ་ཡོད་ཀྱི་ནང་དོན་དང་འབྲེལ་ནས་གསལ་པོར་བཤད་དགོས། 

མདོར་ན། ཁྲིད་བཤད་ཀྱི་སྐབས་སུ་བཤད་བྱའི་ལྷུ་ཚིགས་རེ་རེའི་ནང་དོན་རྒྱས་བསྡུས་རན་ཞིང་གཙོ་གནད་འབུར་དུ་ཐོན་དགོས་ལ། ཅི་ཞིག་ཁྲིད་པ་དང་། ཇི་ལྟར་ཁྲིད་པ། དགོས་པ་ཅིའི་ཕྱིར་འདི་ལྟར་ཁྲིད་དགོས་པའི་གཞི་འཛིན་ས་དེ་ཁ་གསལ་ཞིང་གོ་བདེ་བའི་སྒོ་ནས་དངོས་ཡོད་ཀྱི་གནས་ཚུལ་དང་བསླབ་ཚན་ཚད་གཞིར་བསྟུན་པ། བསླབ་གཞིར་བསྟུན་པ། ས་གནས་དང་བསྟུན་པ། དུས་དང་བསྟུན་པ། མི་དང་བསྟུན་པ་སོགས་བསྟུན་པ་མང་པོའི་རྒྱུན་བསྐྱངས་ཏེ་སློབ་ཁང་སློབ་ཁྲིད་ཁྲོད་དུ་ཇི་ལྟར་མངོན་འགྱུར་འབྱུང་དུ་གཞུག་རྒྱུའི་གོ་རིམ་མ་ལུས་ཆད་ལྷག་མེད་པར་གསལ་པོར་བཤད་དགོས་སོ། །

དཔྱད་གཞིའི་ཡིག་ཆ།

[1] ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་གཏན་ལ་ཕབ་པ། མཐོ་རིམ་སློབ་འབྲིང་དཀྱུས་མའི་གྲངས་རིག་པའི་བསླབ་ཚན་ཚད་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010.5

[2] ཧྥིང་ཞཱན་ཀྲུང་། ཁྲིད་བཤད་ཇི་ལྟར་བྱེད་དགོས། [M] ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་དཔེ་སྐྲུན་ཁང་། 2018.12

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།