ཀྲུང་གོ་བོད་ཀྱི་དྲ་བ།

ཐབས་བརྒྱད་ཅན་གྱི་འཆད་ཐབས་ལ་དཔྱད་པ།

ཡོང་ཁུངས། : བོད་ཀྱི་སློབ་གསོ་སྤྱིའི་དེབ248ལས་དྲངས།   རྩོམ་པ་པོ། : སྟོབས་ལྡན།   སྤེལ་དུས། : 2020-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[གནད་བཏུས] ངེས་པ་བསྐྱེད་པའི་ཡན་ལག་ཏུ་ཆོས་འབྱུང་གིས་སྔོན་བསུས་པ་དང་། སྤྲོ་བ་བསྐྱེད་པའི་ཡན་ལག་ཏུ་ཕན་ཡོན་གྱི་འབྲས་བུ་བསྟན་པ་ལ་སོགས་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་འཆད་ཐབས་ཏེ་ཐབས་བརྒྱད་ཅན་གྱི་འཆད་ཐབས་ལ་འགྲེལ་བ་དང་དབྱེ་ཞིབ་བྱས་ཡོད།

[གནད་ཚིག] འཆད་ཐབས། སྤྲོ་བ། ཚིག་དོན། དབྱེ་ཞིབ།

ང་ཚོ་བོད་ཀྱི་སྲོལ་རྒྱུན་གྱི་འཆད་ཐབས་ལས་ཐབས་གཅིག་ཅན་དང་གཉིས་ཅན། གསུམ་ཅན། བཞི་ཅན། ལྔ་ཅན། བདུན་ཅན་བཅས་ལ་ནང་གསེས་དབྱེ་བ་འགའ་རེ་འཇོག་རྒྱུ་ཡོད་མོད། ཐབས་དྲུག་ཅན་གྱི་འཆད་ཐབས་དང་ཐབས་བརྒྱད་ཅན་གྱི་འཆད་ཐབས་ལ་ནང་གསེས་ཡོད་ཆོག་མོད། ད་སྔ་མཐའ་དྲུག་གི་འཆད་ཐབས་དང་བཀྲ་ཤིས་རྟགས་བརྒྱད་ཀྱི་འཆད་ཐབས་ལས་གཞན་གཅིག་ཀྱང་ལག་སོན་མ་བྱུང་། མཐའ་དྲུག་གི་འཆད་ཐབས་ཏེ་གསང་སྔགས་རྡོ་རྗེ་ཐེག་པའི་འཆད་ཐབས་འདི་ནི། རྒྱས་བཤད་མཐའ་ནི་རྣམ་པ་དྲུག ། དྲང་དོན་ངེས་དོན་དགོངས་པ་བཤད། ། དགོངས་མིན་སྒྲ་ནི་ཇི་བཞིན་པ། ། ཇི་བཞིན་མ་ཡིན་ཉིད་དུ་གནས། ། ཞེས《ཧེ་རུ་ཀ་གལ་པོ》ལས་གསལ་བར་གསུངས་ཡོད། ཐབས་བརྒྱད་ཅན་གྱི་འཆད་ཐབས་ནི། ངེས་པ་བསྐྱེད་པའི་ཡན་ལག་ཏུ་ཆོས་འབྱུང་གིས་སྔོན་བསུས། སྤྲོ་བ་བསྐྱེད་པའི་ཡན་ལག་ཏུ་ཕན་ཡོན་གྱིས་འབྲས་བུ་བསྟན། སྤྱི་ཁོག་འཆར་བའི་ཡན་ལག་ཏུ་བསྡུས་དོན་གྱིས་ས་བཅད། ཚིག་དོན་ངེས་པའི་ཡན་ལག་ཏུ་ཚིག་འབྲུ་ཞིབ་ཏུ་བཀྲལ། གནད་དོན་ངེས་པའི་ཡན་ལག་ཏུ་དོན་སྦྱོར་རེ་རེ་བཀོད། དཔྱད་པ་འཇུག་པའི་ཡན་ལག་ཏུ་བཞེད་མཚམས་སོ་སོས་ཟུར་རྒྱན། རྩོད་གྲྭ་འཕེལ་བའི་ཡན་ལག་ཏུ་དོགས་སློང་དང་རྩོད་པའི་སྒོ་བསྟན། རྒྱུད་ལ་སྦྱོར་བའི་ཡན་ལག་ཏུ་ལམ་བསྒྲིགས་ཀྱི་མན་ངག་གསུངས་པ་སྟེ། བཀྲ་ཤིས་རྟགས་བརྒྱད་ཀྱི་འཆད་ཐབས་འདིའོ། །དེ་ཡང་གདུགས་དང་། གསེར་ཉ། པད་མ། ཆོས་དུང་།བུམ་པ། དཔལ་བེའུ། རྒྱལ་མཚན། འཁོར་ལོ་སྟེ་བཀྲ་ཤིས་རྟགས་བརྒྱད་པོ་འདི་ནི། རིམ་པ་བཞིན་དུ་སྟོན་པའི་དབུ་དང་། སྤྱན། ལྗགས། ཚེམས། མགུལ། ཐུགས། སྐུ། ཞབས་བཅས་ལ་ཕུལ་བའི་མཆོད་རྫས་རེད། དེར་བརྟེན། ང་ཚོ་དགེ་རྒན་རྣམ་པ་དང་སློབ་གསོ་སློབ་ཁྲིད་ཀྱི་ཞིབ་འཇུག་པ་རྣམས་ཀྱིས་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚན་ཅན་གྱི་འཆད་ཐབས་འདི་ནི། གངས་ཅན་བོད་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་མཆོད་རྫས་ལྟ་བུར་འགྱུར་བར་བརྩོན་པ་བསྐྱེད་དགོས། དེའི་ཕྱིར། བདག་གིས་དཔྱད་རྩོམ་ཐུང་ངུ་འདིའི་ནང་དུ་བརྟག་ཅིང་དཔྱད་འདོད་པ་ནི། བཀྲ་ཤིས་རྟགས་བརྒྱད་ཀྱི་འཆད་ཐབས་ཡིན་ནོ། ། གཤམ་ནས་རྟགས་བརྒྱད་པོའི་འཆད་ཐབས་རེ་རེར་དབྱེ་ཞིབ་མདོ་ཙམ་རེ་བྱའོ། །

དང་པོ། ངེས་པ་བསྐྱེད་པའི་ཡན་ལག་ཏུ་ཆོས་འབྱུང་གིས་སྔོན་བསུས།

ངེས་པ་བསྐྱེད་པའི་ཡན་ལག་ཏུ་ཆོས་འབྱུང་གིས་སྔོན་བསུས་ཞེས་པ་ནི། ངེས་པ་བསྐྱེད་པ་སྟེ་འཁྲིད་བྱ་ལ་ངོས་འཛིན་ཡང་དག་པ་བྱེད་པའི་ཕྱིར་དུ། ཆོས་འབྱུང་སྟེ་ཆོས་ཀྱི་བྱུང་འཕེལ་བརྗོད་དེ་འཁྲིད་བྱ་དངོས་འཁྲིད་པའི་སྔོན་བསུས་ཞེས་པའི་དོན་ཡིན། འདི་ནི་ང་ཚོ་སློབ་གྲྭའི་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་སློབ་ཚན་གྱི་ལོ་རྒྱུས་རྒྱབ་ལྗོངས་སམ་གནས་བབ་བརྗོད་པ་ཞེས་པ་དེ་རང་རེད། འདི་ནི་སློབ་ཁྲིད་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་སྟེ། སློབ་ཚན་གྱི་ལོ་རྒྱུས་གནས་བབ་བརྗོད་ན་ནི། སློབ་ཚན་དེ་ནི་རྩོམ་པ་པོ་སུས་ཡུལ་གང་ཞིག་ཏུ་དུས་ནམ་ཞིག་ལ་གནས་ཚུལ་ཇི་འདྲ་བའི་འོག་ནས་དོན་ཅི་ཞིག་སྟོན་པའི་ཕྱིར་དུ་བརྩམས་པ་ཡིན་པ་ཤེས་ཐུབ། འདི་དག་ཤེས་ན་ནི་བརྩམས་ཆོས་སློབ་པ་ལ་སྤྲོ་བ་བསྐྱེད་ཐུབ་པར་མ་ཟད། བརྩམས་ཆོས་ཀྱི་བརྗོད་བྱ་དང་བསྟན་བྱ་ལ་གོ་བ་ལེན་པ་དང་། བརྩམས་ཆོས་ཀྱི་རྗོད་བྱེད་ཚིག་དང་།བརྗོད་བྱ་དོན། བརྗོད་ཚུལ་ཐབས་བཅས་ཀྱི་སྒྱུ་རྩལ་ལ་རོལ་མྱོང་བྱེད་པ་ལ་ཡང་ཕན་དང་གྲོགས་བྱེད་ཐུབ། བརྩམས་ཆོས་ཀྱི་ལོ་རྒྱུས་གནས་བབ་བརྗོད་པ་ནི་དཔེར་ན། པི་ལི་ཧྲི་དང་ཧྥ་རན་སེའི་དབང་སྒྱུར་གྲལ་རིམ་གྱིས་རང་རང་སོ་སོའི་ཁེ་ཕན་འབའ་ཞིག་ལ་དམིགས་ནས་པི་ཧྥ་དམག་འཁྲུག་གི་མགོ་བསླངས། དེ་ཡང་ཐོག་མར་ཧྥ་རན་སེའི་མ་རུངས་ཁོག་བཅུག་གི་དབང་སྒྱུར་གྲལ་རིམ་གྱིས1870ལོའི་ཟླ7པའི་ནང་འཇར་མན་གྱི་ཡན་ལག་གཙོ་བོ་ཞིག་ཏུ་གྱུར་ཅིང་། དམག་དཔུང་གི་མཐུ་རྩལ་ཆེ་བའི་པི་ལི་ཧྲི་ལ་འཐབ་འཁྲུག་གི་དམག་བརྡ་བཏང་མོད། ལོ་དེའི་ཟླ9པར་རང་ཉིད་ལ་ཕམ་ཁ་ཡ་ང་བ་བྱིན་ནས་དམག་དཔུང་གི་གཅོམ་བཅག རྒྱལ་མཚན་མཐོ་རུ་སྒྲེང་བའི་པི་ལི་ཧྲིའི་དམག་དཔུང་གིས་རང་སྲུང་གི་ངོ་བོ་དེ་བཙན་འཛུལ་དམག་འཁྲུག་གི་ངོ་བོར་བསྒྱུར་ཏེ། ཧྥ་རན་སེའི་ལྕགས་ཀྱི་གཏེར་ཁ་ཕུན་སུམ་ཚོགས་པའི་ཨར་ས་སི་དང་ལོ་ལཱིན་གཉིས་ལ་བཙན་འཛུལ་དྲག་པོ་བྱས། དེའི་དུས་ཧྥ་རན་སེའི་རྒྱ་ཆེ་བའི་མི་དམངས་ཀྱིས་སྟོབས་ཤུགས་ཡོད་དགུ་རྩལ་དུ་སྤྲུགས་ནས་རང་སྲུང་དམག་འཐབ་བྱས་ཀྱང་། ཧྥ་རན་སེའི་འབྱོར་ལྡན་གྲལ་རིམ་རྒྱལ་འཚོང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ལ་རྒྱ་དང་བདག་དབང་ཤོར་བའི་ཆིངས་ཡིག་བཞག་སྟེ། ལོ་ལཱིན་གྱི་ས་ཆ་མང་པོ་ཞིག་དང་ཨར་ས་སི་ཧྲིལ་བོ་པི་ལི་ཧྲི་ལ་སྦྱར། པི་ལི་ཧྲིའི་སྲིད་གཞུང་གིས་ཨར་ས་སི་དང་ལོ་ལཱིན་གཉིས་དབང་འོག་ཏུ་བསྡུས་རྗེས། ས་ཆ་འདི་གཉིས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ནང་དུ་ཧྥ་རན་སེའི་སྐད་ཡིག་སློབ་མི་ཆོག་ལ། ངེས་པར་འཇར་མན་གྱི་སྐད་ཡིག་སློབ་དགོས་པའི་བཀའ་བཏང་སྟེ་དུས་གཏན་དུ་དབང་སྒྱུར་བྱེད་རྩིས་བྱས། ཧྥ་རན་སེའི་མཐའ་དཔྱོད་དངོས་ཡོད་རིང་ལུགས་ཀྱི་རྩོམ་པ་པོ་མིང་གྲགས་ཅན་ཏུའུ་ཏི(སྤྱི་ལོ1840—1897)ཡིས་སྐུ་དངོས་སུ་དམག་འཁྲུག་འདི་བརྒྱུད་མྱོང་བར་མ་ཟད། དམག་འཁྲུག་ཏུ་ཞུགས་ཏེ་གཡུལ་ངོ་ལ་བསྐྱོད་མྱོང་བས། ལྟ་བས་མི་བཟོད་པའི་ཧྥ་རན་སེའི་ཕམ་ཁ་དངོས་སུ་མཐོང་། ཁོང་གིས་ཧྥ་རན་སེའི་ལོག་སྤྱོད་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ལ་རྒྱ་དང་བདག་དབང་ཤོར་བའི་སྟོབས་མེད་ཤུགས་ཟད་ཀྱི་ཚུལ་ལ་སྡང་སེམས་བཅངས་ཤིང་། པི་ལི་ཧྲིའི་གཉའ་གནོན་འོག་གི་ཧྥ་རན་སེའི་མི་དམངས་ལ་ཚད་མེད་ཀྱི་གདུངས་སེམས་བཅངས། ཁོང་གི《མཇུག་མཐའི་སློབ་ཐུན་གཅིག》ནི་ཨར་ས་སིའི་སློབ་ཆུང་ག་གེ་མོ་ཞིག་ཏུ་བཙན་གྱིས་འཇར་མན་གྱི་སྐད་ཡིག་སློབ་ཏུ་འཇུག་པའི་གནས་ཚུལ་བརྗོད་བྱར་བཞག་ནས་བརྩམས་པའི་རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་སྙིང་མཚོན་པར་བྱེད་པའི་ཕུལ་བྱུང་གི་རྩོམ་ཡིག་ཅིག་རེད། ཅེས་པ་ལྟ་བུ་རེད། ལོ་རྒྱུས་གནས་བབ་འདི་ནི་བདག་དང་དགེ་རྒན་ལྷ་ཕྱུག་སྐྱིད་གཉིས་ཀྱིས་སྒྱུར་སྒྲིག་བྱས་པའི《འགྱུར་རྩོམ་གྲགས་ཅན་འགའ་ཞིག་གི་དཔྱད་བརྗོད་བློ་གསལ་མགུལ་རྒྱན》གྱི་ནང་དུ་བཀོད་པའིི《མཇུག་མཐའི་སློབ་ཐུན་གཅིག》གི་ལོ་རྒྱུས་གནས་བབ་ཡིན།

ང་ཚོ་དགེ་རྒན་རྣམ་པས་ཐོག་མར་སློབ་ཚན་གྱི་ལོ་རྒྱུས་གནས་བབ་ཀྱི་གལ་ཆེན་རང་བཞིན་ཤེས་དགོས་ཤིང་། དེ་ནས་སློབ་ཚན་གྱི་ལོ་རྒྱུས་གནས་བབ་ཁོང་དུ་ཆུད་པར་བྱ་དགོས། མཇུག་མཐར་སློབ་མ་རྣམས་ལ་ངོ་སྤྲད་དེ། སློབ་ཚན་དངོས་ཀྱི་སློབ་ཁྲིད་ལ་འཇུག་དགོས་སོ། །

གཉིས་པ། སྤྲོ་བ་བསྐྱེད་པའི་ཡན་ལག་ཏུ་ཕན་ཡོན་གྱིས་འབྲས་བུ་བསྟན།

སྤྲོ་བ་བསྐྱེད་པའི་ཡན་ལག་ཏུ་ཕན་ཡོན་གྱིས་འབྲས་བུ་བསྟན་ཞེས་པ་ནི། སློབ་མའི་སློབ་ཚན་སྦྱོང་བའི་སྤྲོ་བ་སྟེ་དགའ་བ་བསྐྱེད་པའི་ཕྱིར་དུ་སློབ་ཚན་སྦྱངས་པའི་ཕན་ཡོན་གྱིས་འབྲས་བུ་བསྟན་ཞེས་པའི་དོན་ནོ། ། དེ་ཡང་སློབ་ཚན་སྦྱངས་པའི་ཕན་ཡོན་གྱིས་འབྲས་བུ་བསྟན་ན་ནི། སློབ་ཚན་སྦྱང་འདོད་ཀྱི་སྤྲོ་བའམ་དགའ་བ་བསྐྱེད་པ་ནི་ཆོས་ཉིད་ཡིན། དེའི་ཕྱིར། ང་ཚོས་འཁྲིད་བྱའི་སློབ་ཚན་མ་ཁྲིད་པའི་སྔོན་དུ་སློབ་ཚན་འདི་ཁྲིད་ན། ཕན་ཡོན་ཅི་ཡོད་སྐོར་བཤད་ན་ནི་སློབ་མའི་སྤྲོ་བ་བསྐྱེད་པ་སྟེ་དང་བ་སློབ་ཚན་གྱི་ཕྱོགས་སུ་འདྲེན་པ་ལ་ཕན་པ་ཡོད། དཔེར་ན། སྐུ་ཞབས་ལུའུ་ཞུན་གྱི《བྱ་བ་ཆུང་ངུ་ཞིག》ཅེས་པའི་སློབ་ཚན་འདི་མ་ཁྲིད་པའི་སྔོན་དུ། སློབ་ཚན་འདི་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་སྒྲུང་གཏམ་གཉིས་ཀ་ཡིན། དེའི་ཕྱིར། སློབ་ཚན་འདིའི་དོན་ཡོངས་སུ་ཤེས་ན་ནི། རྩོམ་གྱི་རིགས་ཆེན་པོ་གསུམ་གྱི་ཡ་གྱལ་ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་རོལ་མྱོང་བྱེད་ཤེས་པར་མ་ཟད། ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་ཡང་ཤེས། དེ་དང་ལྷན་དུ། རྩོམ་རིག་གི་རྩོམ་ལུས་བྱེ་བྲག་པ་སྒྲུང་གཏམ་ལ་རོལ་མྱོང་བྱེད་ཤེས་པར་མ་ཟད། སྒྲུང་གཏམ་གསར་རྩོམ་ཡང་བྱེད་ཤེས། ཞེས་བཤད་པ་ལྟ་བུ་དང་། ཡང་དཔེར་ན། སྙན་ངག་མེ་ལོང་འཁྲིད་པའི་སྔོན་དུ། འདི་ཤེས་ན་བོད་ཀྱི་རིག་གནས་བཅུ་ལས་གཅིག་སྟེ་སྙན་ངག་གི་རིག་པ་ཤེས་པ་རེད། རིག་པ་འདི་ཤེས་ན་སྙན་ངག་གི་བསྟན་བཅོས་ལ་རོལ་མྱོང་བྱེད་ཤེས་པར་མ་ཟད། རང་གིས་ཀྱང་སྙན་ངག་རིང་ཐུང་ཅི་རིགས་གསར་རྩོམ་བྱེད་ཐུབ། གཞན་ད་དུང་སྙན་ངག་གི་གཞུང་ལུགས་དང་བསྟན་བཅོས་ཁྲིད་དེ་གཞན་ལ་ཕན་ཡང་འདོགས་ཐུབ། ཅེས་སོགས་བཤད་པ་ལྟ་བུའོ། ། འདི་ལྟར་སློབ་ཚན་གྱི་ཕན་ཡོན་བསྟན་ན་ནི། ཕན་ཡོན་འདི་འདྲ་ཕུན་སུམ་ཚོགས་པ་ཞིག་ཡོད་ན་ནི་ངེས་པར་ནན་གྱིས་སྦྱང་དགོས་ཞེས་སློབ་ཚན་སྦྱང་བ་ལ་སྤྲོ་བ་བསྐྱེད་པར་འགྱུར་རོ། །

གསུམ་པ། སྤྱི་ཁོག་འཆར་བའི་ཡན་ལག་ཏུ་བསྡུས་དོན་གྱིས་ས་བཅད།

སྤྱི་ཁོག་འཆར་བའི་ཡན་ལག་ཏུ་བསྡུས་དོན་གྱིས་ས་བཅད་ཅེས་པ་ནི། འཁྲིད་བྱའི་གཞུང་གི་སྤྱི་ཁོག་བློ་ངོར་འཆར་ཕྱིར་བསྡུས་དོན་གྱིས་ས་བཅད་པ་སྟེ་ཁག་སོ་སོའི་བསྡུས་དོན་གྱིས་ས་བཅད་བླངས་པའི་དོན་ནོ། ། ང་ཚོའི་སློབ་ཚན་ལ་མཚོན་ན། དགེ་རྒན་གྱིས་སློབ་ཁྲིད་ཀྱི་སྦྱོར་བའི་སྐབས་སུ་སློབ་ཚན་ལ་སློབ་སྦྱོང་དང་དབྱེ་ཞིབ་བྱས་ཏེ་ཁག་དབྱེ་བའི་དོན་ཡིན། ཁག་དབྱེར་རུང་བའི་སློབ་ཚན་ནི་ཁག་སོ་སོར་དབྱེ་ན། ནང་དོན་གྱི་སྤྱི་ཁོག་དགེ་སློབ་གཉིས་ཀྱི་བློ་ངོར་འཆར་སྐྱེན་པ་ཡིན། དཔེར་ན། ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་ཕོ་ཉ་གཞོན་ནུ་དོན་གྲུབ་ལ་མཚོན་ན། ཁག་དང་པོ་སྟེ་ཕོ་ཉ་མངའ་གསོལ་གྱི་སྐོར་དང་། ཁག་གཉིས་པ་སྟེ་ཕོ་ཉ་ལ་ལམ་བསྟན་པའི་སྐོར་དང་། ཁག་གསུམ་པ་སྟེ་ཕོ་ཉ་ལ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོར་མཇལ་ཁ་ཞུ་ཚུལ་དང་། ཡར་ཞུ་ཅི་འབུལ་བསླབས་པའི་སྐོར་དང་། ཁག་བཞི་པ་སྟེ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ལ་བསྟོད་པ་དང་བཅས་ཏེ་སྙན་ངག་ཕོ་ཉ་གཞོན་ནུ་དོན་གྲུབ་ཀྱི་མཇུག་བསྡུས་པའི་སྐོར་ཞེས་ཁག་བཞིར་དབྱེ་ན་སྙན་ངག་ཧྲིལ་བོའི་སྤྱི་ཁོག་ལོན་པ་ལ་ཕན་ནོ། ། ཡང་དཔེར་ན། སྐུ་ཞབས་ལུའུ་ཞུན་གྱི་ཚུར་ལེན་རིང་ལུགས་ལ་མཚོན་ན། ཁག་དང་པོ་སྟེ་རང་བྱུང་ཚན་པ་དང་པོ་ནས་བཞི་པའི་བར་ཡིན། འདིའི་ནང་དུ་ཕར་སྐྱེལ་རིང་ལུགས་ལ་དགག་པ་དང་། དེའི་འབྱུང་རྐྱེན་དང་མཚོན་ཚུལ། ཡ་ང་བའི་མཇུག་འབྲས་བཅས་ལ་དབྱེ་ཞིབ་བྱས་ཡོད། ཁག་གཉིས་པ་སྟེ་རང་བྱུང་ཚན་པ་ལྔ་པ་ནས་བཅུ་པའི་བར་ཡིན། འདིའི་ནང་དུ་ཚུར་ལེན་རིང་ལུགས་ཀྱི་ཡང་དག་གི་ལྟ་བ་དང་རྩ་དོན། བྱེད་ཐབས་བཅས་བསྟན་ཡོད་ཅེས་ཁག་གཉིས་སུ་དབྱེ་ན་ནི་རྩོམ་ཧྲིལ་བོའི་སྤྱི་ཁོག་བདེ་བླག་ངང་བློ་ངོར་འཆར་ཐུབ།

བཞི་པ། ཚིག་དོན་ངེས་པའི་ཡན་ལག་ཏུ་ཚིག་འབྲུ་ཞིབ་ཏུ་བཀྲལ།

ཚིག་དོན་ངེས་པའི་ཡན་ལག་ཏུ་ཚིག་འབྲུ་ཞིབ་ཏུ་བཀྲལ་ཞེས་པ་ནི། འཁྲིད་བྱའི་གཞུང་གི་ཚིག་དོན་ངེས་པར་བྱེད་པའི་ཕྱིར་དུ་ཚིག་འབྲུ་ཞིབ་ཏུ་བཀྲལ་བ་སྟེ་ཞིབ་ཏུ་འགྲེལ་བ་བྱས་པའི་དོན་ནོ། ། འཆད་ཐབས་འདི་དང་ཚིག་དོན་ངེས་པའི་ཡན་ལག་ཏུ་ངག་དོན་འགོད་པ་ཞེས་པའི་འཆད་ཐབས་དང་མཛུབ་ཁྲིད་ཀྱི་ལུགས་རྣམས་ནི་གཅིག་ཏུ་མཐོང་། དེ་ཡང་ཐབས་འདི་བཀོལ་ནས་སློབ་ཁྲིད་བྱེད་སྐབས། འཁྲིད་བྱའི་མིང་རེ་རེ་དང་། ཚིག་རེ་རེ། ཚན་པ་རེ་རེ། ཁག་རེ་རེའི་ནང་དོན་ཞིབ་ཏུ་འགྲེལ་བ་སྟེ། སྒྲ་བཤད་དམ་ངེས་ཚིག་དང་བཅས་པ་ལྷག་ལུས་མེད་པར་བཤད་དགོས། སྒྲ་བཤད་དམ་ངེས་ཚིག་ནི་མིང་ཐམས་ཅད་ལ་ཡོད་པ་མིན་ཏེ། དངོས་མིང་རྗེས་གྲུབ་ལ་མ་གཏོགས་མེད་དོ། ། འགྲེལ་བ་བྱེད་དུས། བསྡུ་འགྲེལ་དང་། འབྱེད་འགྲེལ། འབྲུ་འགྲེལ་གསུམ་ཡོད་པ་རྣམས་གང་འོས་ཀྱིས་བཀོལ་སྤྱོད་བྱ་དགོས། འབྲུ་འགྲེལ་ལ་ཡང་རྒྱུ་མཚན་གྱིས་གཏན་ལ་དབབ་པའི་ཕྱིར་འབྲུ་ལོ་རྒྱུས་ཀྱིས་གྲོལ་བ་དང་། ཡིད་ཆེས་པའི་ཕྱིར་འབྲུ་ལུང་ཁུངས་ཀྱིས་གྲོལ་བ། ཐ་སྙད་ཞིབ་པར་བྱ་བའི་ཕྱིར་འབྲུ་རིགས་པས་གྲོལ་བ་བཅས་གསུམ་ཡོད་པ་དག་གང་ལ་གང་འཚམ་གྱིས་བཀོལ་སྤྱོད་བྱ་དགོས། ཚིག་འབྲུ་ཞིབ་ཏུ་འགྲེལ་བ་ལ་རྨང་གཞིའི་ཤེས་བྱ་དང་། གཞུང་ལུགས་ཀྱི་ཤེས་བྱ་གཉིས་ཀ་ཡོད་དགོས། གལ་ཏེ་རྨང་གཞི་དང་གཞུང་ལུགས་ཀྱི་ཤེས་བྱའི་ལག་ཆ་མེད་ན། བླ་མ་བླ་མ་མགོན་པོ་མགོན་པོ་ཞེས་པ་ལྟ་བུ་དང་། ཕུན་ཚོགས་ནི་ཕུན་ཚོགས་ཏེ། དགེ་ལེགས་ནི་དགེ་ལེགས་སོ། ། བྱི་བ་ནི་ཙི་གུ་ཡིན་པ་འདྲ་ཞེས་པ་ལྟ་བུའི་དགོད་གཏམ་བཟོ་སྲིད།

ལྔ་པ། གནད་དོན་ངེས་པའི་ཡན་ལག་ཏུ་དོན་སྦྱོར་རེ་རེ་བཀོད།

གནད་དོན་ངེས་པའི་ཡན་ལག་ཏུ་དོན་སྦྱོར་རེ་རེ་བཀོད་ཅེས་པ་ནི། གནད་དོན་ཏེ་དོན་གཙོ་བོ་ངེས་པར་བྱེད་པའི་ཆེད་དུ་དོན་སྦྱོར་ཏེ་བསྡུས་དོན་རེ་རེ་བཀོད་ཅེས་པའི་དོན་ནོ། ། ང་ཚོས་ཤོ་ལོ་ཀ་གཅིག་གམ་ཚིག་ཚན་པ་གཅིག་འཁྲིད་པའི་དུས་སུ་དེའི་དོན་སྦྱོར་ཏེ་བསྡུས་དོན་གསལ་བར་བཤད་དགོས། བསྡུས་དོན་བཤད་སྟངས་ལ་མི་འདྲ་བ་དུ་མ་ཡོད་དེ། ཚིག་འགྲེལ་གྱི་སྔོན་དུ་བཤད་པ་དང་རྗེས་སུ་བཤད་པ། རྗེས་སུ་སློབ་མར་བཤད་དུ་འཇུག་པ་སོགས་ཡོད། བསྡུས་དོན་བཤད་པ་ལ་ངེས་པར་ཚིག་དོན་ཤེས་དགོས། ཚིག་དོན་ཤེས་པ་ལ་ངེས་པར་སློབ་སྦྱོང་དང་ཞིབ་འཇུག་བྱ་དགོས། སློབ་སྦྱོང་དང་ཞིབ་འཇུག་མ་བྱས་པར་ཚིག་དོན་བཤད་ན། ལྷག་ཆད་འཁྲུལ་བའི་སྐྱོན་འབྱུང་ངེས་སོ། ། ཚིག་དོན་མ་ཤེས་པར་རང་སྟོབས་ཀྱིས་བསྡུས་དོན་ཤེས་ཐབས་མེད། དེའི་ཕྱིར། དགེ་རྒན་རྣམ་པས་བརྡ་འཕྲིན་ཆ་ཚང་བའི་སློབ་ཁྲིད་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་དུ་སློབ་ཁྲིད་ཀྱི་སྦྱོར་བའམ་གྲ་སྒྲིག་ལ་ཞུགས་ཏེ། ཚིག་དོན་མ་ལུས་པ་དང་བསྡུས་དོན་ཐམས་ཅད་བདག་གིར་བཟུང་བ་དང་སྤུས་ལེགས་འཁྲིད་གཞི་བཟོ་དགོས། འདི་ནི་ཧ་ཅང་གལ་ཆེན་ཞིག་ཡིན་ཕྱིར། དགེ་རྒན་རྣམ་པས་འབད་འབུངས་བྱེད་པའི་གནས་གཙོ་བོར་འཇོག་དགོས།

དྲུག་པ། དཔྱད་པ་འཇུག་པའི་ཡན་ལག་ཏུ་བཞེད་མཚམས་སོ་སོས་ཟུར་རྒྱན།

དཔྱད་པ་འཇུག་པའི་ཡན་ལག་ཏུ་བཞེད་མཚམས་སོ་སོས་ཟུར་རྒྱན་ཞེས་པ་ནི། དཔྱད་པ་འཇུག་པ་སྟེ་དཔྱད་པ་གཏོང་བའི་ཕྱིར་དུ་མཁས་པའི་བཞེད་པ་སོ་སོས་འཁྲིད་བྱའི་ཟུར་རྒྱན་ཞེས་པའི་དོན་ནོ། ། དེ་ཡང་འཁྲིད་བྱ་ཐམས་ཅད་མིན་མོད། སྐོར་ཞིག་ལ་མི་མཐུན་པའི་བཞེད་ཚུལ་ཡོད་ཕྱིར། དེ་དག་ལ་བཤད་པ་ཡིན། དཔེར་ན། པྲ་སྟིའི་སུམ་རྟགས་འགྲེལ་ཆེན་ཀུན་བཟང་དགོངས་རྒྱན་འཁྲིད་པའི་དབང་དུ་བྱས་ན། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་འཁྲིད་སྐབས། ས་བ་ད་གསུམ་ཕོ་ཡིན་ཏེ། ། ག་ང་ན་མ་ར་དང་ལ། ། དྲུག་པོ་མོ་ཡི་ཡི་གེར་དྲན། ། འ་ཡི་ཡི་གེ་མ་ནིང་ངོ་། ། ཞེས་གསུངས་པ་ལྟར་ཁྲིད་རྗེས། དེ་ལ་ཕོ་ནི་ག་ད་བ་ས་བཞིའོ། ། མོ་ནི་ང་མ་འ་གསུམ་མོ། ། མ་ནིང་ནི་ན་ར་ལ་གསུམ་མོ། ། ཞེས་པའི་སི་ཏུའི་ལུགས་ཀྱིས་ཟུར་རྒྱན་པ་ལྟ་བུ་དང་། ཀུན་གཟིགས་ལྔ་པ་ཆེན་མོའི《སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས》ལས། དོན་རྒྱན་སོ་ལྔའི་ནང་གསེས་བཅོ་ལྔ་པ་ཆ་ཡི་རྒྱན་འཁྲིད་པའི་དབང་དུ་བྱས་ན། ཀུན་གཟིགས་ལྔ་པ་ཆེན་མོའི་བཞེད་པ་གསལ་བར་བསྟན་རྗེས། བོད་མཁས་པའི《སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན》དང་། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ》གཉིས་ཀྱི་བཞེད་པས་ཟུར་བརྒྱན་ཏེ་དཔྱད་པ་ལ་གཞུག་པར་བྱ་དགོས་པ་ལྟ་བུའོ། །

བདུན་པ། རྩོད་གྲྭ་འཕེལ་བའི་ཡན་ལག་ཏུ་དོགས་སློང་དང་རྩོད་པའི་སྒོ་བསྟན།

རྩོད་གྲྭ་འཕེལ་བའི་ཡན་ལག་ཏུ་དོགས་སློང་དང་རྩོད་པའི་སྒོ་བསྟན་ཞེས་པ་ནི། རྩོད་གྲྭའི་རྩོད་པའི་བྱ་བ་འཕེལ་བའི་ཕྱིར་དུ་དགེ་རྒན་གྱིས་འཁྲིད་བྱའི་གནས་གང་ཞིག་ལ་དོགས་སློང་བྱེད་པ་དང་རྩོད་པའི་སྒོ་བསྟན་པ་ཞེས་པའི་དོན་ནོ། ། ང་ཚོ་བོད་ཀྱི་སྲོལ་རྒྱུན་གྱི་སློབ་གསོའི་རྣམ་གཞག་ལྟར་ན། འཆད་པ་དང་རྩོད་པ། རྩོམ་པ་གསུམ་ནི་མཁས་པའི་བྱ་བ་རྣམ་གསུམ་ཡིན། ཡང་གཅིག་བཤད་ན། རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐབས་ཤེས་མཆོག་ཏུ་གྱུར་པ་གསུམ་རེད། འདི་ལས་རྩོད་པ་ནི། རྩོད་སྐོར་གཅིག་གི་རིགས་པའི་སྣང་བས་ཀྱང་། ། མ་རྟོགས་ལོག་རྟོག་ཐེ་ཚོམ་འབུམ་ཕྲག་འཇིག ། གཞན་གྱི་བསྐལ་པའི་འཆད་པས་དོ་མི་ཟློ། ། ངེས་དོན་བསྟན་འཛིན་བསྟན་པའི་ལྕགས་རི་ཡིན། ། ཞེས་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་གསུངས་པ་ལྟར་ཧ་ཅང་ཧ་ཅང་གཙོ་བོ་ཞིག་གོ ། ང་ཚོ་སློབ་གྲྭའི་ནང་དུ་ཆོས་སྡེ་ནང་བཞིན་རྩོད་པའི་རྣམ་གཞག་ལྟར་རྩོད་པ་ལ་བརྟེན་ནས་སློབ་སྦྱོང་བྱེད་ཐུབ་ན་ཤིན་ཏུ་ལེགས་མོད། དེ་ལྟར་མི་ནུས་ན་ཡང་ཚད་མའི་རིགས་ལམ་ལ་བརྟེན་ནས་སྦྱང་བྱར་དཔྱད་པ་དང་བགྲོ་གླེང་བྱར་འཇུག་དགོས། འདི་ལྟར་བྱས་ན་ནི་གཅིག་ཏུ་ན་སྲོལ་རྒྱུན་གྱི་སློབ་གསོའི་ཐབས་ཤེས་རྒྱུན་འཛིན་བྱས་པ་རེད། གཉིས་སུ་ན་སློབ་གསོའི་ལས་དོན་སྤེལ་བ་རེད། དེའི་ཕྱིར། ང་ཚོ་དགེ་རྒན་རྣམ་པས་སློབ་ཁྲིད་ལ་གྲ་སྒྲིག་བྱེད་པའི་སྐབས་སུ། འཁྲིད་བྱ་ལས་གང་དག་རྩོད་གཞིར་འཇོག་པ་དང་དེ་དག་ལ་ཇི་ལྟར་རྩོད་པ་བྱེད་པ་སོགས་ཐག་གཅོད་བྱ་དགོས། སློབ་ཁྲིད་ཀྱི་དངོས་གཞིའི་སྐབས་སུ། དགེ་རྒན་གྱིས་དོགས་སློང་བྱེད་པ་དང་རྩོད་པའི་སྒོ་བསྟན་པ་ལ་བརྟེན་ནས། སློབ་མ་རྣམས་རྩོད་པ་དང་ཡང་ན་བགྲོ་གླེང་གི་ལས་ལ་གཞུག་པར་བྱ་དགོས།

བརྒྱད་པ། རྒྱུད་ལ་སྦྱོར་བའི་ཡན་ལག་ཏུ་ལམ་བསྒྲིགས་ཀྱི་མན་ངག་གསུངས།

རྒྱུད་ལ་སྦྱོར་བའི་ཡན་ལག་ཏུ་ལམ་བསྒྲིགས་ཀྱི་མན་ངག་གསུངས་ཞེས་པ་ནི། འཁྲིད་བྱའི་ནང་དོན་སློབ་མའི་རྒྱུད་ལ་སྦྱོར་བར་བྱེད་པའི་ཕྱིར་དུ་ལམ་གྱི་རིམ་པ་ལྟར་བསྒྲིགས་ཡོད་པའི་མན་ངག་གསུངས་ཞེས་པའི་དོན་ནོ། ། འདི་ནི་ནང་བསྟན་འཁྲིད་པའི་དབང་དུ་བྱས་ཏེ་གསུངས་པ་རེད། ང་ཚོ་སློབ་གྲྭའི་དགེ་རྒན་རྣམ་པར་མཚོན་ན། འཁྲིད་བྱའི་ནང་དོན་ལས་སློབ་མའི་རྒྱུད་ལ་སྦྱོར་དགོས་པའི་སྐོར་དང་བེད་སྤྱོད་གཏོང་དགོས་པའི་སྐོར་གཉིས་ཡོད་པ་ལས། རྒྱུད་ལ་སྦྱོར་དགོས་པའི་སྐོར་གང་ནུས་ཀྱིས་རྒྱུད་ལ་སྦྱོར་ཅི་ཐུབ་བྱེད་དགོས། རྒྱུད་ལ་སྦྱོར་ན་ཇི་ལྟར་སྦྱོར་དགོས་པའི་ཕྱོགས་ཀྱི་མན་ངག་སྟེ་ཐབས་ཕྲ་མོ་དག་དུས་དང་དུས་སུ་སློབ་མའི་བློ་ངོར་འཇོག་དགོས། སྐད་ཡིག་ལྟ་བུར་མཚོན་ན། མི་ཆོས་རང་བཞིན་དང་ཡོ་བྱད་རང་བཞིན་གཉིས་ཡོད། སྔ་མ་ནི་རྒྱུད་ལ་སྦྱོར་བ་དང་། ཕྱི་མ་ནི་བེད་སྤྱོད་གཏོང་དགོས། དེ་ཡང་མི་ཆོས་རང་བཞིན་རྒྱུད་ལ་སྦྱར་ཏེ་མི་བཟང་པོ་ཞིག་དང་། མི་ཡོན་ཏན་ཅན་ཞིག་སྐྱེད་སྲིང་བྱ་དགོས་སོ། །

མདོར་ན། བཀྲ་ཤིས་རྟགས་བརྒྱད་ཀྱི་འཆད་ཐབས་འདི་སློབ་ཁྲིད་ལག་ལེན་གྱི་ཁྲོད་དུ་བཀོལ་དུས་སུ། འཁྲིད་བྱའི་ནང་དོན་ལ་དམིགས་ཏེ་གང་ལ་གང་འཚམ་གྱིས་བཀོལ་སྤྱོད་བྱ་དགོས། དེ་ཡང་ཁ་ཚང་བྱས་ནས་བཀོལ་དགོས་སར་ཁ་ཚང་སྟེ་རྟགས་བརྒྱད་པོ་བཀོལ་བ་དང་། དེ་ལས་འགའ་ཞིག་བཀོལ་དགོས་སར་འགའ་ཞིག་བཀོལ་བ་དང་། གཅིག་ཙམ་བཀོལ་ན་འཐུས་སར་གཅིག་ཙམ་བཀོལ་བ་དང་། འཆད་ཐབས་གཞན་དང་བསྡོངས་ནས་བཀོལ་དགོས་སར་དེ་ལྟར་བཀོལ་དགོས་པ་ཡིན། གང་ལྟར་འཆད་པའི་ཐབས་གང་དག་སྤྱད་ན་སློབ་ཁྲིད་གྲུབ་འབྲས་ལེགས་པོ་འབྱུང་ན་དེ་དག་སྤྱོད་དགོས་སོ། ། འདིས་ཀྱང་ངོ་མཚར་བའི་འཆད་ཐབས་འདིའི་དར་སྤེལ་དང་བོད་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ལ་ཕན་ཅུང་ཟད་ཙམ་ཞིག་འདོགས་ཐུབ་པར་སྨོན། །

*སྟོབས་ལྡན། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།