ཀྲུང་གོ་བོད་ཀྱི་དྲ་བ།

དགེ་རྒན་གྱི་བྱ་བ་གཙོ་བོ་ཅི་ཞིག་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དོ་རྒྱ་བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནམ་རྒྱུན་དུ་འུ་ཅག་གིས་བྱ་བ་སྒྲུབ་པར་བྱེད་ཅེས་པའི་སྒྲུབ་པ་པོ་ནི་མི་ཞིག་ཡིན་པར་སུས་ཀྱང་བསྙོན་དུ་མེད་དོ།།  

མིས་བྱ་བ་ཅི་ཞིག་སྒྲུབ་བཞིན་ཡོད་ཅེ་ན།  སྤྱིར་བཏང་ལྟོ་འགྲངས་རྒྱབ་འགེབས་འབའ་ཞིག་དོན་དུ་གཉེར་བཞིན་པའོ་ཞེས་བཤད་ཀྱང་མི་ཆོག་པ་ཆེར་མེད་དོ།། ཡིན་ནའང་བྱེ་བྲག་ཏུ་བབས་ནས་བཤད་ན་དེ་ལྟ་མ་ཡིན་ཏེ།  ལ་ལས་ཆོས་སྒྲུབ་པར་བྱེད་ལ།  ཁ་ཤས་ཀྱིས་སྲིད་སྒྲུབ་པ་དང་།  ལ་ལས་ཚན་རིག་ཞིབ་འཇུག་བྱེད་པ་དང་།  ཡང་འགའ་ཞིག་གིས་སློབ་གསོ་སྒྲུབ་པར་བྱེད་པ་སོགས་རང་རང་གི་ལས་སྐལ་མཐའ་ཡས་སོ།།  དེ་ལས་ཀྱང་བྱེ་བྲག་ཏུ་བབས་ནས་བཤད་ནའང་ཆོག་གོ།།

སུ་ཞིག་གིས་དགེ་རྒན་གྱི་བྱ་བ་ནི་ཅི་ཞིག་རེད་ཅེས་འདྲི་བར་བྱེད་ན།  དེ་ལ་མཐའ་གཅིག་ཏུ་སློབ་མར་སློབ་ཁྲིད་བྱེད་པའོ་ཞེས་ལན་འདེབས་རྐྱང་བྱས་ཆོག་ལ། དེ་བཞིན་དགེ་རྒན་དག་གི་བྱ་བ་གཙོ་བོ་ནི་ཅི་ཞིག་རེད་ཅེ་ན།  དེ་ཡང་སློབ་མ་ལ་སློབ་ཁྲིད་བྱེད་པའོ་ཞེས་ལན་འདེབས་རྐྱང་བྱས་ཆོག་ཆོག་ཏུ་ཟད་དོ།།

དེ་ལྟར་ཡིན་དུ་ཆུགས་ཀྱང་། གནད་འགག་ཅིག་ཡོད་པ་ནི། བྱ་བ་བྱེད་མཁན་སུ་ཞིག་གིས་བྱ་བའི་གཙོ་ཕལ་གཉིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་ཕན་ཚུན་གོ་ལྡོག་པ་དང་།  བྱ་བ་བྱེད་དུ་འཇུག་མཁན་སུ་ཞིག་གིས་ཕ་རོལ་པོ་ལ་བྱ་བ་གཙོ་བོ་ལེགས་པོ་ལས་དབང་མ་བྱིན་པར་ནམ་རྒྱུན་བྱ་བ་ཕལ་བ་ཏག་ཏག་གི་སྟེང་ལ་གཞོལ་དུ་བཅུག་ན་བྱས་འབྲས་གཙོ་བོ་ལེགས་པར་མི་ཐོན་པ་ནི་སེམས་ཐག་གོར་མོ་རྡོ་ཡིན་རུང་དོན་ལ་གཞོལ་དཀའ་བའི་ཚོད་དུ་འདུག་གོ།།

 སློབ་གཙོ་ཞིག་ལ་ཆ་བཞག་ན།  སློབ་གསོའི་དོ་དམ་དང་སློབ་ཁྲིད་ཀྱི་རྒྱུ་སྤུས་དོན་གཉེར་བྱེད་ཁོམ་དང་།  དགེ་རྒན་གྱི་བྱ་བའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་ཁོམ་མེད་པར་ནམ་རྒྱུན་དུ་གོང་རིམ་གྱི་བརྟག་དཔྱད་གཙིགས་སུ་བཟུང་སྟེ་དཔོན་ཚེ་ཟད་པར་གྱུར་ན་བྱ་བ་གཙོ་བོ་ལ་ནི་དེ་ལྟར་ཕན་ཐོགས་མི་སྲིད་ལ།  ད་དུང་གོང་ལ་ཞུ་འབུལ་དང་འོག་ལ་བཀའ་བསྒོ།  བར་ལ་ཤགས་འགྱེད་ཀྱི་ཚོགས་འདུ་སྟེ“དོན་དག་གལ་ཆེན”དག་གིས་གསོས་བཏབ་དྲགས་ན་དེ་ལས་ཀྱང་བྱ་བ་གཙོ་བོ་ལ་ནི་རིང་དུ་གྱེས་ནས“ཆུ་འཁྱེར་འགའ་ཞིག་སྐོམ་པས་ཤི་བ་མཐོང་།”བར་འགྱུར་རོ།།

དགེ་རྒན་ཚོར་མཚོན་ན།  ནམ་རྒྱུན་དུ་སློབ་ཁྲིད་ཀྱི་སྔོན་འགྲོའི་གྲ་སྒྲིག་བཀོལ་རུང་ཞིག་འབྲི་ཁོམ་མེད་པར་བྱ་བ་གཙོ་བོ་བསྒྲུབ་དགོས་ལ།  སློབ་མ་ལ་ཤེས་ཡོན་ལྷོད་ལྷོད་ཀྱིས་ངོ་སྤྲོད་ཁོམ་ཡང་མེད་པར་བྱ་བ་གཙོ་བོ་བསྒྲུབ་དགོས་ཤིང་།  སློབ་མའི་ལས་བྱ་ལ་དཔྱད་བརྗོད་ཁ་ཚང་ཞིག་སྤེལ་ཁོམ་ཡང་མེད་པར་བྱ་བ་གཙོ་བོ་བསྒྲུབ་དགོས། སློབ་མའི་ཡུལ་དང་དུས་དང་ཁམས་དང་མོས་པ་དང་རྒྱུད་ཚོད་ལ་འཚམས་པའི་རྒྱུགས་ཚིག་ཅིག་བཅའ་ཁོམ་ཡང་མེད་པར་བྱ་བ་གཙོ་བོ་བསྒྲུབ་དགོས།  སློབ་མ་དབང་པོ་རྣོ་རྟུལ་གྱི་བར་ཁྱད་བཞིན་ལོགས་སུ་བཀར་ཏེ་ཟུར་ཁྲིད་གནད་ལ་ཁེལ་བ་ཞིག་ཀྱང་བྱེད་ཁོམ་མེད་པར་བྱ་བ་གཙོ་བོ་བསྒྲུབ་དགོས།  སློབ་ཁྲིད་ཀྱི་ཉམས་མྱོང་མཐུན་མོང་མ་ཡིན་པ་བརྗེད་པར་ཕངས་པ་རྣམས་ཡིག་ཐོག་ཏུ་གསོག་འཇོག་བྱེད་ཁོམ་ཡང་མེད་པར་བྱ་བ་གཙོ་བོ་བསྒྲུབ་དགོས།  རང་གི་བཟའ་ཚང་དང་མཉམ་གཅིག་ཏུ་ཉལ་ཁོམ་ཙམ་ཡང་མེད་པར་བྱ་བ་གཙོ་བོ་བསྒྲུབ་དགོས།  རང་གི་བྱིས་པ་ལ་ལྷོད་ཀྱིས་འགྲོགས་ཏེ་སེམས་གཏམ་རེ་གཟས་ནས་བཤད་ཁོམ་ཡང་མེད་པར་བྱ་བ་གཙོ་བོ་བསྒྲུབ་དགོས། སྲོལ་རྒྱུན་གྱི་མཁས་པ་ཞིག་ཆེད་དུ་དགེ་རྒན་དུ་བསྟེན་ནས་ཕུལ་དུ་བྱུང་བའི་བསྟན་བཅོས་ལ་བག་ཆགས་རེ་འཇོག་ཁོམ་དང་ཡང་ན་དེང་རབས་སྒྲ་བརྙན་བརྒྱུད་དེ་སློབ་ཁྲིད་བྱིན་ཅན་ཁ་ཚང་རེར་ཐེངས་གཅིག་ལའང་ཉན་ཁོམ་ཡང་མེད་པར་བྱ་བ་གཙོ་བོ་བསྒྲུབ་དགོས། དཔོན་པོ་སུ་ཞིག་གི་སློབ་གསོའི་སྲིད་ཇུས་ཞིབ་འགྲེལ་ལ་ཡང་ཞིབ་མོ་ཞིག་རྣ་ཡིས་ཉན་ཁོམ་དང་རགས་མོ་ཞིག་ཟིན་བྲིས་སུ་འདེབས་ལོངས་ཀྱང་མེད་པར་བྱ་བ་གཙོ་བོ་བསྒྲུབ་དགོས་ལ།  ཐ་ན་རང་གི་སློབ་མ་འགལ་རྐྱེན་ཅན་རེ་འགའ་ལ་ཞིབ་ཏུ་རྒྱུས་ལེན་ཁ་བརྡ་ཐེངས་གཅིག་ཀྱང་བྱེད་ཁོམ་ཡང་མེད་པར་བྱ་བ་གཙོ་བོ་བསྒྲུབ་དགོས་སོ།།  དོན་ལ་དགེ་རྒན་གྱིས་ཉིན་མཚན་ལྟོས་མེད་དུ་བྱ་བ་གཙོ་བོ་ཅི་ཞིག་ལས་བཞིན་མི་ཁོམ་པའི་གནས་ལས་མ་ཐར་བར་ཡོད་དམ།  

 དེ་ཡང་ཡུན་རིང་ལ་ལྟོས་ཏེ་བཤད་ན།  སློབ་གསོ་དོ་དམ་དང་སློབ་ཁྲིད་མི་སྐྱོང་ནི་དགེ་རྒན་གྱི་བྱ་བ་གཙོ་བོ་ཡིན་པ་ལ་སུས་ཀྱང་བསྙོན་དུ་མེད་པ་བདེན་མོད།  འོན་ཀྱང་སྐབས་སྐབས་སུ་དགེ་རྒན་དག་གིས་ཚོགས་འདུ་ཆེ་མ་ཆུང་གསུམ་ལ་བསྟུད་མར་ཉན་པ་དང་། དཔེ་ཀློག་སྲིད་སློབ་ཟིན་བྲིས་གྲངས་ལོངས་པ་ཞིག་འབྲི་བ་དང་།  རེའུ་མིག་སྣ་ཚོགས་དུས་ཐོག་ཏུ་ཁ་སྐོང་བ་དང་།  ཡིག་ཆ་གལ་ཆེན་ལ་ཐོ་ཡིག་སྐུ་དངོས་ཀྱིས་འབྲི་བ་དང་། བརྟག་དཔྱད་རྒྱུགས་ཚིག་ལ་ལན་བཤུས་ནས་འདེབས་པ་དང་། བཞུགས་མོལ་བསམ་འཆར་སྣ་ཚོགས་ཐབས་ཀྱིས་འདོན་པ་དང་།  བརྟག་དཔྱད་ཆེད་རྩོམ་ཁ་བསྒྱུར་ཏེ་ལས་ཐོབ་ལ་གྲ་སྒྲིག་བྱེད་པ་དང་།  རྩོམ་རིག་བརྩམས་ཆོས་སྤེལ་ཏེ་རྩོམ་པ་པོ་བྱེད་པ་དང་། ཞིབ་འཇུག་རྣམ་གྲངས་གཉེར་ཏེ་དཔེ་ཆ་ཕུད་པ་དང་།  ཁ་པར་གལ་ཆེན་ལ་གནས་དུས་ངེས་མེད་དུ་ཉན་དགོས་པ་དང་།  སྐད་འཕྲིན་གྱི་ནང་དོན་གསར་བ་དག་ལ་གང་ས་གང་ནས་ལྟ་ལོབས་སུ་སོང་བ་དང་།  མགོ་ཁྲིད་ཀྱི་སྔོན་ལ་དུས་ལྟར་འབུད་པ་དང་།  ཁྱིམ་བདག་གི་གོང་ལ་ཕ་བཞིན་འབུད་པ་དང་། སློབ་མའི་གདོང་ལ་ཉེན་རྟོག་པ་ལྟར་འབུད་པ་སོགས་ཀྱང་བྱ་བ་གཙོ་བོ་མ་ཡིན་ཅེས་ཁ་མཁས་པ་དང་ཐོབ་མཐོ་བ་སུ་ཞིག་གིས་ལྕེ་བརྒྱར་སྤྲུལ་ཞིང་ལུང་རིགས་དཔེ་གསུམ་དྲངས་ནས་ཇི་ལྟར་བཤད་ཀྱང་།  གལ་ཏེ་གནས་སྐབས་ཀྱི་བྱ་བ་དག་གཙོ་བོ་རུ་བཟུང་སྟེ་དུས་ཐོག་ཏུ་མ་བསྒྲུབས་ན་ཡུན་རིང་གི་བྱ་བ་གཙོ་བོ་མ་འགྲུབ་པ་ལས་ཀྱང་ལྷག་པའི་ཉེས་པ་ཞིག་མ་བསམ་བཞིན་དུ་རང་ཉིད་ཀྱི་མགོ་ལ་འབབ་པར་བྱེད་ལ།  རང་ལ་ཆོ་ལོ་སྣ་ཚོགས་ཐོབ་པའི་སྐལ་བས་ཀྱང་དབེན་པར་འགྱུར་རོ།།དེ་བས་དགེ་རྒན་དག་ནི་བྱ་བ་གཙོ་ཕལ་གང་ཡིན་ལ་མགོ་བོ་རབ་ཏུ་འཁོར་ནས་དུས་ཡུན་རིང་ཞིག་ཕྱིན་ཟིནད་ལ། ཧ་ལམ་ཕུགས་ཀྱི་བྱ་བ་གཙོ་བོ་ནི་དོན་ལ་བྱ་བ་ཕལ་བ་དང་།  ངོ་གདོང་གི་བྱ་བ་ཕལ་བ་རབས་དང་རིམ་པ་རྣམས་ནི་གཡོལ་དུ་མེད་པའི་བྱ་བ་གཙོ་བོ་རྐྱང་རྐྱང་ཡིན་པར་དོན་དངོས་ཀྱིས་ར་སྤྲད་ནས་འདུག་གོ།།        

ཡང་གཅིག་བསམས་ན།  གཞུང་སྒྲུབ་ཁང་ན་མ་ཁོམ་པར་བཞུགས་པ་དག་ནི།  གཞི་རིམ་པ་དང་དགེ་རྒན་ལ་ཡུན་རིང་གི་བྱ་བ་གཙོ་བོ་གཏན་ནས་སྒྲུབ་ཏུ་མི་འཇུག་ཅིང་།  གནས་སྐབས་ཀྱི་བྱ་བ་རྐྱང་རྐྱང་དུས་ཐོག་ཏུ་སྒྲུབ་པར་བྱེད་པ་ལ་ཆེད་དུ་སྐྱེ་བ་བཞེས་པ་དང་གཉིས་སུ་མ་མཆིས་སོ།།  

སེམས་ཀྱིན་སེམས་ཀྱིན།    གནས་སྐབས་ཀྱི་བྱ་བ་འགྲུབ་པའི་ཆེད་དུ་མཐར་ཐུག་གི་བྱ་བ་གཙོ་བོ་དེ་ལྷོད་ལྷོད་དུ་བཏང་ཆོག་ཆོག་འདྲ་སྟེ། མགོ་རྩོམ་པ་དང་།  འཆར་གཞི་འབྲི་བ་དང་།  ཡིག་ཚགས་བཟོ་བ་དང་།  འདྲ་པར་ལེན་པ་དང་། བསྡུས་འཕྲིན་སྤེལ་བ་དང་།  སྙན་ཞུ་འབུལ་བ་དང་། བྱ་འགུལ་སྤེལ་བ་དང་།  སྤྱི་སྡོམ་བྱས་པ་ན་བྱ་བ་ཡོད་ཚད་གྲུབ་ཟིན་པ་དང་འདྲ་ལ།བྱ་བ་གཙོ་བོ་གང་ཞིག་ཀྱང་གྲུབ་ཟིན་པར་འདུག་གོ།།  

      ཡང་གཅིག་བཤད་ན། མགོ་ནག་མི་རྣམས་ཀྱི་ལག་ལ་བྱ་བ་ཞིག་མ་རག་མ་རག་པར་རག་པར་གྱུར་པ་ན།  རང་གི་ཁ་འཕྲོའི་བྱ་བ་ངོ་མ་དེ་ཁ་ཙམ་གྱིས་སྒྲུབ་པ་དང་། དོན་གྱི་ཁོག་ལ་བྱ་བ་གཙོ་བོ་གཞན་ཞིག་བཅངས་ནས་སྒྲུབ་པར་བྱེད་པའི་སྲོལ་རྒྱུན་ཞིག་གནའ་ནས་ཆགས་འདུག་ལ།  འདི་ལ་མི་རྣམས་ཀྱིས་ཁ་ཡག་ལ་བསྐོརད་ཏེ་རང་རང་གི་དགའ་ཕྱོགས་ཞེས་རྗོད་བཞིན་འདུག་གོ། །ཏག་ཏག་མི་ལ་དགའ་ཕྱོགས་ཤིག་འདུག་པས་ལས་ཕྱོགས་ནོརད་ནས་བྱ་བ་གཙོ་བོ་ལ་འབྲས་བུ་ཡག་པོ་ཞིག་མི་ལོན་པར་སྣང་ངོ་།།

     སེམས་ཀྱིན་སེམས་ཀྱིན། དགེ་རྒན་ལ་མཚོན་ན།  རང་གི་སློབ་མའི་ཡིག་གཟུགས་ཚད་ལྡན་མ་ཡིན་ཀྱང་།  རང་གི་སློབ་མས་ཕྲལ་ཀློག་སྦྱོར་ཀློག་ཙམ་ཡང་དག་མོ་ཞིག་མ་ཤེས་ཀྱང་།  རང་གི་སློབ་མས་ལོ་རིམ་དང་མཐུན་པའི་ཚིག་འོས་འཚམས་རེ་སྒྲིག་པར་མི་ནུས་ཀྱང་།  རང་གི་སློབ་མས་རྩོམ་ཡིག་འོས་མོ་ཤོག་ཐར་གཅིག་རེ་འབྲི་བའི་རྔོ་མི་ཐོགས་ཀྱང་།  རང་གི་སློབ་མས་སྐར་མ་དྲུག་ཅུའི་ཡན་རེ་ནམ་ཡང་ལོན་མ་ཐུབ་ཀྱང་བྱ་བ་གཙོ་བོ་འགྲུབ་པ་ལ་ནི་འབྲེལ་བ་མེད་པ་དང་ཀུན་ནས་མཚུངས་ཏེ།  དགེ་རྒན་ནི་སྔར་བཞིན་དགེ་རྒན་ཡིན་པ་མ་ཟད། ད་དུང་ཕུགས་ཀྱི་བྱ་བ་གཙོ་བོ་མཚོན་ཙམ་དང་ངོ་གདོང་གི་བྱ་བ་ཆེད་དུ་ཉེ་བར་ལེན་མཁས་པའི“ཕུལ་བྱུང་དགེ་རྒན”ནི་ལོ་རེ་ནས་ལོ་རེར་ཇེ་མང་ནས་ཇེ་མང་དུ་འགྲོ་བར་བྱེད་དོ།།

       དེ་ཡང་བདེན་ཏེ།  གནས་སྐབས་ཀྱི་བྱ་བ་གཙོ་བོ་འདི་ལ་མགོ་ཁྲིད་ཀྱི་རྒྱབ་རྟེན་དང་བཀའ་གསུང་ཡོད་ཅིང་བྱ་བའི་ངོ་གསལ་ཁ་ཤིན་ཏུ་སླ་ལ།   དེ་མ་ཐག་འགགས་པ་མེད་པར་འགྲུབ་པའི་ངར་ཤུགས་དང་ལྡན་ནོ།།  མཐར་ཐུག་གི་བྱ་བ་གཙོ་བོ་ནི་ལུས་ཟུངས་ཟད་ཅིང་ལྔ་བའི་ལམ་དུ་འགྲོ་ལ་ཉེ་བའི་ནད་པ་ཕར་ཟད་ལྟར་ལྟོགས་སྐོམ་ཉི་ཚེ་བ་རེ་བསད་པས་ཆོག་པར་བྱེད་དོ།།  ལ་ལ་ཞིག་གི་རྣམ་ཐར་ལས་མགོ་ཁྲིད་ཅེས་པའང་ཡུན་རིང་གི་བྱ་བ་གཙོ་བོའི་མགོ་ཁྲིད་པ་ལ་མི་ཟེར་གྱི།  གནས་སྐབས་ཀྱི་བྱ་བའི་མགོ་ཁྲིད་པ་ལ་ཟེར་བ་ཤེས་ཐུབ་ཅིང་།  གསང་བ་འདི་ཁོག་ཏུ་གསལ་ལེར་མཁྱེན་མཁན་ཤིན་ཏུ་མང་རུང་། ཁ་ནས་ཚོམ་མེད་དུ་འབུད་པའི་དྲང་པོ་དང་བླུན་པོ་ནི་ཉུང་ཉུང་ལས་མེད་དོ།།

       མདོར་ན།  མི་རྣམས་ལ་བྱ་བ་ཡོད་པ་བདེན་ཡང་བྱ་བ་གཙོ་བོ་ཟེར་བ་ཞིག་མེད་ཚོད་རེད་ལ།  དེ་བཞིན་དགེ་རྒན་ལ་ཡང་།  བྱ་བ་ཡོད་པ་ལས་བྱ་བ་གཙོ་བོ་ཞེས་པ་ཞིག་བཙལ་ནས་རྙེད་པར་དཀའ་ནས་འདུག་གོ།། གལ་ཏེ་སུ་ཞིག་གིས་བྱ་བ་གཙོ་བོ་བཙལ་ནས་རྙེད་པར་གྱུར་ན་དེ་ནི་དགེ་རྒན་ཚད་དང་ལྡན་པ་ཞིག་མ་ཡིན་པའི་ཚོད་རེད་ལ།  མ་མཐའ་ཡང་སྤྱི་ཚོགས་ཀྱི་རྗེས་སུ་ཆོད་ཅིང་རྩ་འཛུགས་ཀྱི་བློར་འབབ་པའི་མི་གྲུང་བོའི་རིགས་ཤིག་མིན་ལས་ཆེ།  གཞན་ཡང་དགེ་རྒན་ལ་ལ་ཞིག་གིས་འཕྲལ་ཡུན་གྱི་བྱ་བ་གཙོ་བོ་གཉིས་ཀའང་བྱ་བ་ཕལ་བ་ལྟར་ལས་ནས་ཚེ་མཐར་ཕྱིན་པ་དེས་ཀྱང་ཕྱིའི་རྣམ་པ་དང་ནང་དོན་གཉིས་ཀའི་ཆ་ནས་ལས་ཁུངས་ལས་རིགས་དང་བཅས་པ་དུས་རབས་ཀྱི་རྗེས་སུ་ལུས་པར་བྱེད་པའང་མངོན་སུམ་ཚད་མ་གྲུབ་པར་བྱེད་དོ།།  དགེ་རྒན་འདིའི་རིགས་ནི་སློབ་མ་ཡར་རྒྱས་ཀྱི་གེགས་རྡོ་རུ་མཐོང་སླ་ན་ཡང་སྔར་བཞིན་རྒྱབ་རྩ་དང་བཅས་ཚེ་གང་བོར་དགེ་རྒན་གྱི་བྱ་བ་གཙོ་བོར་འཇུག་པའི་ཉེར་བསྡོགས་གཏན་ནས་མི་བྱེད་དོ།།   

༢༠༢༠  ༣  ༢༤

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།