ཀྲུང་གོ་བོད་ཀྱི་དྲ་བ།

ཀུན་སྤྱོད་སློབ་གསོ་ནི་མི་གཤིས་སྐྱོང་བའི་རྩ་བ་ཡིན།

ཡོང་ཁུངས། : དྲ་རྒྱ་ལས་བཏུས།     སྤེལ་དུས། : 2020-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་མའི་ཀུན་སྤྱོད་ལེགས་ལམ་དུ་འདྲེན་དགོས་ན། ཐོག་མར་དགེ་རྒན་རང་གི་རྒྱུན་ལྡན་གྱི་ཀུན་སྤྱོད་ལ་འབྲེལ་བ་དམ་པོ་ཡོད་ལ། ཁྱིམ་ཚང་སློབ་གསོར་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད།དགེ་རྒན་ལ་གཞན་ལ་སྟེར་རྒྱུའི་ཤེས་བྱ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ལྡན་པ་ནི་དགེ་སློབ་བར་དུ་འབྲེལ་བ་ཡག་པོ་ཞིག་འཛུགས་བྱེད་ཀྱི་རྨང་གཞི་ཡིན། དེའི་སྟེང་གཞན་ཕན་གྱི་བརྩེ་སེམས་ཆེན་པོ་ཞིག་ལྡན་ན། དགེ་རྒན་རང་གི་སྤྱོད་ལམ་གྱིས་སློབ་མའང་དེ་བཞིན་དུ་རྗེས་སུ་འཁྲིད་ངེས་ལ། ཁྱིམ་ཚང་སློབ་གསོ་དང་ཁྱིམ་ཚང་ཁོར་ཡུག་གིས་ཀྱང་སློབ་མའི་ཧུར་བརྩོན་རང་བཞིན་དང་། སློབ་མའི་བསམ་བློར་ཡར་སྐུལ་གྱི་ནུས་པ་འདོན་སྤེལ་བྱེད་སྲིད། དེར་བརྟེན། ཕ་མ་དང་དགེ་རྒན་གྱི་གཤིས་སྤྱོད་ལེགས་ཉེས་དང་སློབ་གསོའི་ཐབས་ལམ་གྱིས་སློབ་མའི་མི་ཚེ་ཧྲིལ་བོར་ཤུགས་རྐྱེན་ཟབ་མོ་ཐེབས་ཐུབ།གཅིག ཉིན་རྒྱུན་འཚོ་བའི་ཁྲོད་སློབ་མར་སློབ་སྦྱོང་དང་ཀུན་སྤྱོད་ཀྱི་ལྟ་ཚུལ་ཡང་དག་ཅིག་ཚུགས་པར་རོགས་རམ་བྱེད་པ།སློབ་མར་ཀུན་སྤྱོད་ལྟ་ཚུལ་ལེགས་པོ་ཞིག་ཆགས་དགོས་ན། ཐོག་མར་སློབ་མ་ལ་སློབ་སྦྱོང་ཐད་ལྟ་ཚུལ་ཡང་དག་པ་ཞིག་ཆགས་པར་རོགས་རམ་བྱེད་དགོས་ཏེ། དེ་ལའང་སློབ་མར་ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས་པ་དང་། ཇི་ལྟར་སློབ་སྦྱོང་བྱེད་པའི་ཐད་ལ་སྣེ་ཁྲིད་བྱས་ནས། སློབ་མའི་དུས་སྐབས་ནི་མི་ཚེའི་ཁྲོད་གལ་ཆེ་བའི་དུས་རིམ་ཞིག་ཡིན་པ་ངོས་འཛིན་ཡང་དག་ཅིག་བྱེད་དུ་བཅུག་སྟེ། གཅིག་ནས་མ་འོངས་པར་སྤྱི་ཚོགས་སམ་ཐུན་མོང་ལ་གནོད་པ་མི་སྐྱེལ་བ་དང་། གཉིས་ནས་འགན་འཁྲིའི་འདུ་ཤེས་ཡོད་པ། གསུམ་ནས་སྤྱི་ཚོགས་ལ་ལག་རྗེས་ཡོད་པའི་མི་ཞིག་འཁྱོངས་པར་འབད་པ་བྱེད་དགོས་པའི་བསམ་བློ་ཆགས་སུ་འཇུག་དགོས། གཉིས། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་པ།སློབ་མའི་ཀུན་སྤྱོད་ལེགས་པོ་ཞིག་གསོ་སྐྱོང་བྱེད་པ་ལ་སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་སོགས་ཕྱོགས་ཡོངས་ཀྱིས་དུས་ཡུན་རིང་བོར་ནུས་པ་འདོན་དགོས་པ་ཞིག་ཡིན། དེ་བས། སློབ་གྲྭས་ཕན་འབྲས་ཡོད་པའི་སྒོ་ནས་སློབ་མར་སློབ་གསོ་གཏོང་བ་དང་། སློབ་གྲྭ་རང་སྟེང་གི་སློབ་གསོའི་ཐབས་ལམ་ལེགས་འདོན་གྱི་རྨང་གཞིའི་སྟེང་ནས། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ན། ད་གཟོད་སློབ་མའི་སེམས་ཁམས་དང་ཀུན་སྤྱོད་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁག་ཐེག་བྱེད་ཐུབ། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། སློབ་གྲྭ་དང་ཁྱིམ་བདག་བར་གྱི་མཉམ་འབྲེལ་ལ་ཤུགས་སྣོན་གྱིས་དུས་ཡུན་ངེས་ཅན་རེའི་ནང་དུ་ཁྱིམ་བདག་ཚོགས་འདུ་བསྡུས་ཏེ། སློབ་གྲྭ་དང་འཛིན་བདག བསླབ་བྱའི་དགེ་རྒན་དང་ཁྱིམ་བདག་བཅས་ཕན་ཚུན་བར་བསམ་འཆར་བརྗེ་རེས་བྱེད་པའི་གོ་སྐབས་བསྐྲུན་ན། སློབ་མའི་གནས་ཚུལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་ཐུབ་ཅིང་། སློབ་མའི་སློབ་གསོའི་ཐད་ཕན་ཚུན་རམ་འདེགས་དང་རྒྱབ་སྐྱོར་བྱས་ནས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་འབྲེལ་གཏུག་དང་མཉམ་འབྲེལ་བྱས་ཚེ། ཐུན་མོང་གི་ལྟ་རྟོག་འོག་ནས་སློབ་མའི་ཀུན་སྤྱོད་དང་སེམས་ཁམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་མཐུན་རྐྱེན་སྐྲུན་ཐུབ། དེར་མ་ཟད་སློབ་གྲྭ་རང་གི་ཁྱད་ཆོས་ཡོད་པའི་སློབ་གསོའི་བྱེད་ཐབས་དང་ཀུན་སྤྱོད་སློབ་གསོའི་བྱ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་སྟེ། དཔེར་ན། ལྷག་བསམ་རྣམ་དག་གིས་སློབ་མའི་སེམས་ཁམས་ལ་དོ་སྣང་དང་། སློབ་མའི་བསམ་ཚུལ་ལ་རྒྱུས་ལོན། སློབ་མའི་སློབ་སྦྱོང་གི་འཚོ་བར་སྤྲོ་སྣང་སློང་བ་སོགས་དུས་རྒྱུན་སེམས་ཁུར་དང་བསམ་བློར་མཛུབ་སྟོན་བྱེད་པ་ལས་གཞན། ཁྲིམས་ལུགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སྲོལ་རྒྱུན་གྱི་ཀུན་སྤྱོད་སློབ་གསོའི་ཕྱོགས་ཀྱི་དཔེ་མཚོན་སྣ་ཚོགས་སློབ་གྲྭའི་ཀུན་སྤྱོད་བསམ་བློའི་ཐད་བེད་སྤྱོད་བཏང་ན། འབྲས་བུ་ལེགས་པོ་འབྱུང་བར་ཐེ་ཚོམ་མེད་དོ། །གསུམ། ཕྱོགས་ཡོངས་ནས་ཀུན་སྤྱོད་སློབ་གསོ་ལག་བསྟར་བྱེད་པ།ཀུན་སྤྱོད་སློབ་གསོ་དེ་བསླབ་གཞིའི་སློབ་ཁྲིད་ཁྲོད་ཀྱི་སློབ་གསོའི་གོ་རིམ་གལ་ཆེན་ཞིག་ལ་ངོས་འཛིན་པ་དང་། སློབ་ཕྱིའི་དུས་ཚོད་ནང་ཀུན་སྤྱོད་སློབ་གསོ་དང་འབྲེལ་བ་ཟབ་ཅིང་དགེ་སྐུལ་དང་སློབ་གསོའི་ནུས་པ་འདོན་ཐུབ་པའི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་འབྲེལ་ནས། གཟའ་འཁོར་རེར་དཔེ་ལྟར་རུང་བའི་མི་དང་བྱ་བར་བསྔགས་བརྗོད་དང་། བྱས་ཉེས་རིགས་ལ་འོས་འཚམ་སྐབས་བསྟུན་གྱིས་སློབ་གསོ་བཏང་སྟེ། སློབ་གྲྭ་དང་དགེ་རྒན་གྱི་ངོས་ནས་དཔེ་ཁྲིད་མི་སྐྱོང་དང་། དོ་དམ་མི་སྐྱོང་། ཞབས་ཞུ་མི་སྐྱོང་། ཁོར་ཡུག་མི་སྐྱོང་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་ལ། སློབ་མ་རྣམས་སློབ་གྲྭ་དང་དགེ་རྒན་ལ་བརྩེ་བ་དང་གུས་པ། ཡིད་ཆེས་དང་དྲིན་གཟོའི་སེམས་དང་ལྡན་པ་ཞིག་ཏུ་སྐྱེད་སྲིང་བྱེད་པ། སློབ་གསོའི་བྱ་བ་བྱེད་མཁན་དང་དེ་དང་འབྲེལ་ཡོད་མི་སྣ་སུ་ཞིག་ཡིན་རུང་། ན་གཞོན་རྣམས་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ལས་དོན་གྱི་རྒྱུན་འཛིན་པ་དང་། མི་རིགས་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་མཁན་ཡིན་པར་ངོས་འཛིན་དགོས། སློབ་གསོའི་བྱ་བར་བློ་དཀར་སེམས་དཀར་དང་མི་རིགས་ཀྱི་ལས་དབང་ལ་ཚད་མཐོ་བའི་འགན་འཁྲིའི་འདུ་ཤེས་ཡོད་དགོས་ཤིང་། སློབ་མ་རང་ངོས་ནས་ཀྱང་བསམ་བློ་དང་ཀུན་སྤྱོད། རང་ཉིད་འཚར་ལོངས་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཡང་དག་བྱེད་པར་དགེ་རྒན་གྱི་སློབ་སྟོན་གནད་དུ་འཛིན་པ་ལས་གཞན། བསམ་བློ་དང་ཀུན་སྤྱོད་ཀྱི་ལེགས་ཉེས་དང་དེའི་ཕན་གནོད་ཀྱི་འབྲས་བུར་དམིགས་ཏེ། ནམ་ཡང་བདེན་དགེ་མཛེས་གསུམ་གྱི་ལམ་བུ་ཞིག་ལ་ཁ་གཏོད་དགོས་པ་ནི་ཤིན་ཏུ་གལ་ཆེའོ། ། 

(རྩོམ་པ་པོ་ནི་མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་གི་ཡུམ་སྐྱབས་རྒྱལ་ཡིན།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།