ཀྲུང་གོ་བོད་ཀྱི་དྲ་བ།

གསར་དང་སར་གཉིས་གདམ་ངར་འཐད་མིན་དཔྱད་པ་བློ་ལྡན་དཀྱུས་འཛུད་ཀྱི་གདམས་པ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས། : སྐད་འཕྲིན་ལས་བཤུས།   རྩོམ་པ་པོ། : སྤེན་ནོར།   སྤེལ་དུས། : 2020-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱིར་ཡང་ཡི་གེའི་དག་སྡེབ་ཀྱི་ཐད་ལ་སྔོན་བྱོན་དམ་པས་མཛད་པའི་དག་ཡིག་མང་དག་ཅིག་ཡོད་པས། དེ་དག་གི་ནང་དུ་ཡིག་སྡེབ་མི་འདྲ་བའི་འཇུག་ཚུལ་ཞིབ་པར་བསྟན་ཡོད། འོན་ཏེ་སྐབས་རེ་མཁས་པའི་དགོངས་བཞེད་མི་འདྲ་བ་བྱུང་བའི་དབང་གིས་དག་ཡིག་བསྟན་བཅོས་ཕན་ཚུན་དབར་མི་མཐུན་ས་མི་ཉུང་བ་ཞིག་འབྱུང་གིན་ཡོད། དེ་འདྲའི་སྐབས་སུ་ང་ཚོ་ལས་དང་པོ་བ་རྣམས་ཀྱིས་ལམ་སེང་རང་གི་ཞེན་ཕྱོགས་དམ་དུ་བཟུང་སྟེ་ཨུ་ཚུགས་བྱེད་མི་ཉན་པར། གཅིག་ནས་སྔར་གྱི་ཚད་ལྡན་བསྟན་བཅོས་རྣམས་སུ་ཡིག་སྡེབ་དེ་དག་ཇི་ལྟར་སྤྱོད་པའི་ཚུལ་ལ་བརྟག་དགོས་པ་དང་། གཉིས་ནས་མ་རྟོགས་པ་དང་། ལོག་པར་རྟོག་པ། ཐེ་ཚོམ་གྱི་རྒྱུར་གྱུར་པའི་རིགས་རྣམས་སྤོང་དགོས་པ་ཡིན།

སྐབས་བབ་གསར་དང་སར་ཞེས་པའི་ཡིག་སྡེབ་གཉིས་ལ་མཚོན་ན། ༡ དག་ཡིག་མང་པོའི་ནང་དེ་གཉིས་དོན་མི་འདྲ་བར་སྟོན་པར་དགོངས་ནས་སོ་སོར་བཀྲལ་བ་ལས། གདམ་ང་ཡིན་པར་མི་འདོད་པ་དང་། ༢ ཕྱིས་ཀྱི་དག་ཡིག་འགར་དེ་གཉིས་གདམ་ངར་འདོད་པ་གཉིས་བྱུང་། དེ་ཐམས་ཅད་མཁས་པའི་གསུང་ཡིན་པས་བདག་ལྟ་བུས་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ །ལྟ་བུའི་ཁ་མཚོན་གཅོད་པར་མི་ནུས་ཀྱང་། ཁུངས་བཙན་གྱི་གཞུང་མང་པོར་དེ་གཉིས་གདམ་ང་བྱས་པ་མི་སྣང་བར་གས་འཕུལ་ཐོབ་སར་གས་འཕུལ་ཅན་གྱི་གསར་དང་། གས་འཕུལ་མི་དགོས་སར་གས་འཕུལ་མེད་པའི་སར་བྲིས་པ་འབའ་ཞིག་སྣང་བས། འདིར་དེའི་ཡིན་ལུགས་རྒྱུ་མཚན་དཔེར་བརྗོད་དང་བཅས་ཏེ་སྤྲོ་བར་བྱའོ། །

དེ་ཡང་གསར་ཞེས་པར་གསར་རྙིང་གི་ཟླས་ཕྱེ་བའི་གསར་པར་གོ་ལ། སར་ཞེས་པར་ས་ལ་ཞེས་གོ་བས་དོན་མི་འདྲ་བར་འགྱུར་བ་ཡིན་ཞིང་། དེའི་ཚུལ་དཔེར་བརྗོད་སོ་སོའི་ཐད་དུ་འགྲེལ་པ་དང་སྦྲགས་པའི་གཏན་ཚིགས་ཉུང་ངུ་རེ་བཀོད་ཐོག གཙོ་བོར་ཁ་དང་ལག་པ་ར་སྤྲོད་པའི་དཔེར་བརྗོད་ཀྱིས་བསྟན་ན།

༡ ཐབ་གསར་དང་ཐབ་སར།   

ཐབ་གསར་ཞེས་ཐབ་བཙུགས་མ་ཐག་པའི་ཁྱིམ་གསར་པ་ལ་གོ་སྟེ། དཔེར་ན།

ཁྱིམ་དེ་ཆ་རྐྱེན་ཞན་ཙམ་སྟེ། །ད་ལྟ་ཐབ་གསར་ཡིན་པས་སོ། །ལྟ་བུ།

ཐབ་སར་ཞེས་མེ་ཐབ་ཡོད་ས་དེར་ཞེས་པའི་དོན་ཏེ། དཔེར་ན།

ཐབ་སར་རྟུག་དྲི་མ་གཏོང་ཞིག །ཐབ་ལྷས་གནོད་པ་བསྐྱལ་ཡོང་ངོ་། །ལྟ་བུ།

༢ ལོ་གསར་དང་ལོ་སར།

ལོ་གསར་ཞེས་གསར་དུ་ཚེས་མ་ཐག་པའི་ལོ་ལ་གོ་སྟེ། དཔེར་ན།

ལོ་གསར་ཡིན་པ་ཤེས་ན། །ལུག་མགོ་མགོ་བཤགས་འཁྱེར་ཤོག །ལྟ་བུ།

ལོ་སར་ཞེས་ལོ་ཏོག་ཡོད་ས་དེར་ཞེས་པའི་དོན་ཏེ། དཔེར་ན།

ལོ་སར་ར་ལུག་ཤོར་ཟེར་ན། །བདའ་ས་གཡང་དཔོན་ལས་གཞན་སུ། །ལྟ་བུ།

ལོ་ཞེས་པ་བགྲང་བྱ་ལ་གོ་བ་མ་ཟད། ལོ་ཏོག་ལའང་གོ་སྟེ། ལོ་ཏོག་གི་ཕུད་ལ་ལོ་ཕུད་ཞེས་བརྗོས་པ་ལས་རྟོགས་ནུས།

༣ ཁང་གསར་དང་ཁང་སར།

ཁང་གསར་ཞེས་གསར་དུ་བརྒྱབ་པའི་ཁང་པར་གོ་སྟེ། དཔེར་ན།

ཁང་གསར་ཀ་བཞི་གདུང་བརྒྱད། །ཨ་མའི་ཨོ་ལོས་བརྒྱབ་སོང་། །ལྟ་བུ།

ཁང་སར་ཞེས་ཁང་པ་ཡོད་སའམ། ཁང་པ་རྩིག་སའི་ས་སྟོང་ལ་གོ་སྟེ། དཔེར་ན།

ཁང་སར་ལྕང་མ་མ་འདེབས། །ལྕང་རྩས་ཁང་པར་གནོད་ཡོང་། །ལྟ་བུ།

༤ གནས་གསར་དང་གནས་སར།

གནས་གསར་ཞེས་གསར་དུ་བཏིངས་པའི་གནས་གཞི་ལ་གོ་སྟེ། དཔེར་ན།

རྩིས་ཀྱི་གནས་གསར་ལྷ་ཁང་། །བྱིན་རླབས་མཚན་ཁ་འབར་བ། །ལྟ་བུ།

གནས་སར་ཞེས་དངོས་པོ་གང་ཡིན་པ་ཡོད་ས་དེར་ཞེས་གོ་སྟེ། དཔེར་ན།

ལྷ་ཀླུ་གནས་སར་མ་གཟབ་ན། །ཕོག་ཐུག་སོང་བའི་གནོད་པ་ཡོང་། །

༥ བག་གསར་དང་བག་སར།

བག་གསར་ཞེས་བག་མའི་མིང་གཞན་ཏེ། དཔེར་ན།

ལྷ་སྲས་གྲགས་པ་བསམ་གྲུབ་ལ། །བག་གསར་སྣང་ས་འོད་འབུམ་བླངས། །ལྟ་བུ།

བག་སར་ཞེས་བག་མའི་དགའ་སྟོན་བྱེད་སར་ཞེས་སམ། བག་མའི་གམ་དུ་ཞེས་གོ་སྟེ། དཔེར་ན། བག་བསུ་ཆང་ལ་མ་གཟབ་ན། །བག་སར་ཞབས་འདྲེན་ཞུ་ཉེན་ཡོད། །ལྟ་བུ།

༦ རྐ་གསར་དང་རྐ་སར།

རྐ་གསར་ཞེས་གསར་དུ་བཅོས་པའི་ཆུ་རྐར་གོ་སྟེ། དཔེར་ན།

ཐ་བར་ལུས་པའི་ཞིང་ཁ་དེ། །རྐ་གསར་དྲིན་གྱིས་ཆུ་མར་གྱུར། །ལྟ་བུ།

རྐ་སར་ཞེས་ཆུ་རྐ་ཡོད་ས་དེར་ཞེས་གོ་སྟེ། དཔེར་ན།

ཤྭ་འོད་འབྱུང་དུས་རྐ་སར་མ་སྡོད་ཅིག །བསྡད་ན་ཆུ་གྲིར་ཤི་བའི་ཉེན་ཡོད་དོ། །ལྟ་བུ།

༧ རྟ་གསར་དང་རྟ་སར།

རྟ་གསར་ཞེས་ན་གཞོན་པའི་རྟ་ལ་གོ་སྟེ། དཔེར་ན།

རྟ་གསར་བཅུན་ཏེ་བང་བསླབས་པས། །སེམས་པ་སླེབས་སར་ལུས་པོ་བསྐྱལ། །ལྟ་བུ།

རྟ་སར་ཞེས་རྟ་ཡོད་ས་དེར་ཞེས་གོ་སྟེ། དཔེར་ན། བྱིས་པ་རྟ་སར་མ་ཞོག་ཅིག །ཉིན་ཞིག་རྟ་འཕྲས་གཙེས་ཉེན་གདའ། །ལྟ་བུ།

༨ ལག་གསར་དང་ལག་སར།

ལག་གསར་ཞེས་བྱ་བ་དེ་ལ་མ་གོམས་པའི་ལས་དང་པོ་བར་གོ་སྟེ། དཔེར་ན།

ལག་གསར་ཀ་ཁའི་ཚོགས་པ་དེར། །བྱང་ཤིང་སློབ་པ་དོན་ཆེན་ཡིན། །ལྟ་བུ།

ལག་སར་ཞེས་ལག་པ་ཡོད་ས་དེར་ཞེས་གོ་སྟེ། དཔེར་ན།

ལག་སར་ཕུ་ཐུང་ལྷོབ་ལྷོབ། །རྐང་སར་དོར་མ་ལྷོབ་ལྷོབ། །ལྟ་བུ།

༩ ཕོ་གསར་དང་ཕོ་སར།

ཕོ་གསར་ཞེས་གཉེན་མ་བསྒྲིགས་པའམ། ལང་ཚོ་དར་ལ་བབ་པའི་སྐྱེས་པར་གོ་སྟེ། དཔེར་ན། རྒྱབ་མདུན་ལ་མིག་ཀྱང་མ་བལྟས་པའི། །ཕོ་གསར་གྱི་མཆོང་དེ་གཡང་ལ་ལྷུང་། །ལྟ་བུ།

ཕོ་སར་ཞེས་སྐྱེས་པ་ཡོད་ས་དེར་ཞེས་སམ། སྐྱེས་པ་འདུག་ས་དེར་ཞེས་གོ་སྟེ། དཔེར་ན།

ཕོ་སར་མོ་དམན་མ་འདུག །བསོད་ནམས་ཟད་པའི་རྒྱུ་རེད། །ལྟ་བུ། དེ་བཞིན་དུ་མོ་གསར་དང་། མོ་སར་ཡང་རིགས་བསྒྲེ་བར་བྱའོ། །

༡༠ ཆང་གསར་དང་ཆང་སར།

ཆང་གསར་ཞེས་གསར་དུ་ལངས་མ་ཐག་པའི་ཆང་ལ་གོ་སྟེ། དཔེར་ན། ཞོ་མ་ལངས་དང་ཆང་གསར་འཕྲོད་མིན་ཅིང་། །ཆང་གསར་ལྕི་ལ་རྙིང་པ་ཡང་བར་བཤད། །ལྟ་བུ།

ཆང་སར་ཞེ་ན། ཁྲུང་ས་བསྐྱོན་ས་དེར་ཞེས་གོ་སྟེ། དཔེར་ན། བུ་མོའི་འདུན་མ་ལན་ཅིག་ཡིན། །ཆང་སར་རྟེན་འབྲེལ་གྲ་རྒྱས་དགོས། །ལྟ་བུ།

༡༡ དམག་གསར་དང་དམག་སར།

དམག་གསར་ཞེས་དམག་མིར་ཞུགས་མ་ཐག་པའི་མི་སྟེ། །དམག་གསར་བློ་ཁོག་ཆེ་ཡང་། །དམག་ཇུས་དེ་ཙམ་མི་ཤེས། །ལྟ་བུ།

དམག་སར་ཞེས་དམག་རྒྱག་ས་དེར་གོ་སྟེ། སྡར་མ་གྲོས་བྱེད་ཚེ་ན་དཔའ། །དམག་སར་རྒྱང་ནས་འབོད་ཅིང་བསྒོ། །ལྟ་བུས་རྒྱ་ཆེར་བསྒྲེ་བས་བྱའོ། །

གཞན་ཡང་།

༡ གསར་འགྲོགས་ཚ་པོ་ཞེས་ཨ་གསར་ཚ་པོའི་མི་ལ་གོ་མོད། སར་འགྲོགས་ཞེ་ན་ས་དང་འགྲོགས་པར་གོ

༢ གསར་བྱུང་ཞེས་གསར་དུ་གཏོད་པའི་དངོས་པོར་གོ་མོད། སར་བྱུང་ཞེ་ན་ས་ལས་བྱུང་བར་གོ

༣ གསར་སྤེལ་ཞེས་གསར་དུ་གཉེར་བའམ། ཐོན་སྐྱེད་བྱས་པར་གོ་མོད། སར་སྤེལ་ཞེ་ན་ས་ཐོག་ཏུ་སྤེལ་བར་གོ

༤ གསར་བཤད་ཅེས་རྟོག་བཟོས་བཤད་པ་ལ་གོ་མོད། སར་བཤད་ཅེ་ན་ས་ལ་གཏམ་སྨྲས་པར་གོ

༥ གསར་འགྱུར་ཞེས་འགྱུར་ཡིག་གསར་པའམ། གནས་ཚུལ་གསར་པ་བཀོད་པར་གོ་མོད། སར་འགྱུར་ཞེ་ན་དངོས་པོ་གཞན་ཞིག་ས་ལ་འགྱུར་བར་གོ

༦ གསར་བཅོས་ཞེས་གསར་དུ་བཅོས་པར་གོ་མོད། སར་བཅོས་ཞེ་ན་དངོས་པོ་གཞན་ཞིག་ས་རུ་བཏང་བར་གོ

༧ གསར་བརྗེ་ཞེས་གསར་དུ་བརྗེ་བར་གོ་མོད། སར་བརྗེ་ཞེ་ན་དངོས་པོ་གཞན་ཞིག་ས་དང་བརྗེ་བར་གོ

༨ གསར་བུ་ཞེས་གཞོན་ནུ་ལ་གོ་མོད། སར་བུ་ཞེ་ན་ས་ཐོག་ན་བུ་ཡོད་པར་གོ

༩ གསར་སྦོལ་ཞེ་ན་ས་རྒོད་གསར་དུ་ཕྲུ་སློག་པར་གོ་མོད། སར་སྦོལ་ཞེ་ན་ས་ཐོག་ཏུ་སྦོལ་བ་ཙམ་དུ་གོ

༡༠ གསར་རྙིང་ཞེ་ན་གསར་པ་དང་རྙིང་པ་ཞེས་གོ་མོད། སར་རྙིང་ཞེ་ན་ས་ཐོག་ཏུ་རྙིང་པ་ཆགས་པར་གོ

༡༡ གསར་སྐྱེས་ཤེ་ན་སེམས་ཅན་ཀུན་གྱི་ཕྲུ་གུར་གོ་མོད། སར་སྐྱེས་ཤེ་ན་ཤིང་དང་། ལྷའི་གླུ་མཁན། གཟའ་མིག་དམར་བཅས་ལ་གོ་བ་ལྟ་བུས་རྒྱ་ཆེར་རྟོགས་པར་བྱའོ། །

ཡང་།

༡ སར་གནས་ཞེས་ས་བཅུ་ལ་གནས་པའི་སངས་རྒྱས་བྱང་སེམས་ལ་གོ་མོད། གསར་གནས་ཞེ་ན་གོ་རྒྱུ་གང་ཡང་མེད།

༢ སར་མོས་ཞེས་མེ་ཏོག་ཀུནྡ་ཡིན་པར་གོ་མོད། གསར་མོས་ཤེ་ན་གོ་རྒྱུ་མེད།

༣ སར་དགའ་ཞེས་པའང་ཀུནྡ་ཡིན་མོད། གསར་དགའ་ཞེས་པར་གོ་རྒྱུ་མེད།

༤ སར་ཉལ་ཞེས་མ་ཧེ་ལ་གོ་མོད། གསར་ཉལ་ཞེ་ན་གོ་རྒྱུ་མེད།

༥ སར་འགྲོ་ཞེ་ན་རྨ་བྱར་གོ་མོད། གསར་འགྲོ་ཞེ་ན་གོ་རྒྱུ་མེད།

དེ་དང་དེ་ལ་སོགས་པར་རིགས་བསྒྲེ་བས་གསར་དང་སར་གཉིས་ལ་གནམ་སའི་ཁྱད་པར་ཞུགས་པ་བོད་ཡིག་གི་རྨང་གཞི་ཅུང་ཡོད་པ་ཀུན་གྱིས་མངོན་སུམ་ཚད་མས་རྟོགས་པར་འགྱུར་བས་དེ་ཙམ་གྱིས་ཆོག་པར་བྱའོ། །སློབ་བུ་ཁ་ཅིག གསར་དང་སར་གཉིས་གདམ་ང་ཡིན་པ་དག་ཡིག་གསར་བསྒྲིགས་ལས་བསྟན་པས་ཁུངས་དེ་ལ་བཅོལ་ཟེར། སྤྱིར་བཅོལ་སའི་ཁུངས་དེ་བཙན་པོ་ཞིག་དགོས་གལ་ཆེ་ལ། ལྷག་པར་ཡུལ་ལུང་ཕྱོགས་རེ་བའི་སྐད་ལ་ལྟོས་པའམ། མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་རྒྱུར་གྱུར་པ་རྣམས་ལ་ཁ་ཚོན་བཅད་ནས་རང་གར་དག་ཡིག་བསྒྲིགས་ནས་གཏན་ལ་ཕབ་ན་ཕན་པ་ལས་གནོད་ཚབས་ཆེ་བ་མཁྱེན་དགོས། དག་ཡིག་གསར་བསྒྲིགས་ཞེས་པའི་ནང་གསར་དང་སར་གཉིས་གདམ་ངར་བཤད་ཡོད་པ་བདེན་ན། དག་ཡིག་དེ་རང་གི་མིང་ལ་དག་ཡིག་སར་བསྒྲིགས་ཅེས་མ་བྲིས་པར། དག་ཡིག་གསར་བསྒྲིགས་ཞེས་འབྲི་དོན་ཅི། སར་བསྒྲིགས་ཞེས་བྲིས་ན་གནམ་དུ་བསྒྲིགས་པའི་དག་ཡིག་གི་ལྡོག་ཟླར་མི་འགྱུར་རམ་སྙམ་པའི་ཐེ་ཚོམ་ཞིག་མ་སྐྱེས་སམ། སྐྱེས་ནས་ཀྱང་གསར་དང་སར་གཉིས་གདམ་ངར་འདོད་པའི་རང་གི་དམ་བཅའ་ཤོར་ནས་གསར་བསྒྲིགས་ཞེས་བྲིས་པ་མ་ལགས་སམ།

གཞན་ཡང་། གསར་བསྒྲིགས་ཞེས་བསྒྲིགས་ལ་འདས་ཚིག་སྤྱད་མོད། བརྗོད་པ་བདེ་ན་བྱེད་ཚིག་ད་ལྟར་བས་མིང་འདོགས་དགོས་པས། གསར་བསྒྲིགས་ཞེས་པ་ལས་གསར་སྒྲིག ཅེས་བརྗོད་ན་ལེགས་སམ་སྙམ་པས་བརྡ་སྤྲོད་ཀྱི་གནས་ལ་མཁྱེན་པ་རྒྱས་པ་དག་གིས་གསུང་འབྱོན་པར་ཞུ།

དེའང་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱལ་མཚན་མཆོག་གིས། སྡེ་སྣོད་དཀའ་གནད་བགྲོ་བའི་རྟོག་གེའི་གྲྭར། །ཐལ་ཕྱིར་ཚིག་གི་ཕྲེང་བ་སྤེལ་མཁས་ཀྱང་། །ཐ་སྙད་རིག་པའི་ལེགས་བཤད་སྒྲོགས་པ་ན། །ལྗགས་རྩེ་སྐན་ལ་འཁོར་བ་མང་ཞིག་མཐོང་། །ཞེས་གསུངས་པ་ལྟར། དེང་སང་འགའ་ཞིག་བརྡ་ཐ་སྙད་ཀྱི་རྨང་གཞི་ལེགས་པོ་ཞིག་མ་ཐིངས་པར་དབུ་ཕར་སོགས་གཞུང་ཆེན་མོ་ཤེས་རློམས་ཀྱིས་བོད་ཀྱི་སྔར་ཡོད་བརྡ་དག་ལ་ན་ཡམ་དུ་བཟོ་བཅོས་བྱེད་པ་མ་ཟད། རྒྱབ་རྟེན་གྱི་གཞུང་གསར་པའང་སྒྲིག་ཁུལ་བྱེད་པ་ནི་ཆེས་མི་རིགས་པས་སྔར་གྱི་བརྡ་དག་ཁུངས་བཙུན་རྣམས་ཀྱི་ཞབས་འདེགས་སུ་རེ་བའི་ལྷག་བསམ་དང་བཅས་ཏེ་མ་ཎིའི་མིང་ཅན་དེས་སོ། །

འདི་ཡང་རྨོངས་མུན་སེལ་བའི་རྒྱུ་རུ་གྱུར་ཅིག མངྒ་ལཾ། ༢༠༡༩ལོའི་ཟླ་ཚེས་ལ།

(རྩོམ་པ་པོ་སྤེན་ནོར་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཡིན།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།