སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན།

གཅིག  ཅི་ཞིག་ལ་སྒྲུང་གཏམ་ཟེར།

   ལན། མི་སྣའི་སྣང་བརྙན་གསར་སློང་བྱེད་པ་དང་བྱུང་རིམ་དང་ཁོར་ཡུག་བཀོད་འབྲི་བྱས་པ་བརྒྱུད་ནས་འཚོ་བའི་ཁྲོད་ཀྱི་འགལ་བ་དང་འབྲེལ་བ་སྣ་ཚོགས་མཚོན་པའི་སྒྱུ་རྩལ་གྱི་རྩོམ་ལུས་བྱེ་བྲག་པ་ཞིག་ལ་སྒྲུང་གཏམ་ཟེར།

གཉིས། སྒྲུང་གཏམ་ལ་ཁྱད་ཆོས་ཅི་ཞིག་ཡོད།

   ལན། དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་ཤིག་ཡིན་ན། དེ་ནི་མི་སྣ་དང་བྱུང་རིམ། ཁོར་ཡུག་གསུམ་དང་འབྲལ་ཐབས་མེད།སྒྲུང་གཏམ་ཡང་དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་གྲས་སུ་གཏོགས་པ་ན། དེ་ལ་མི་སྣ་དང་བྱུང་རིམ། ཁོར་ཡུག་བཅས་རྩ་བའི་གྲུབ་ཆ་གསུམ་ཚང་དགོས་པ་མ་ཟད།གྲུབ་ཆ་དེ་དག་སྣང་བརྙན་གསལ་བ་དང་གཟུགས་རིས་ལྡན་པའི་ངང་ནས་མཚོན་དགོས་པ་ན། རྩོམ་ལུས་བྱེ་བྲག་པ་འདི་ལ་ཁྱད་ཆོས་ནི་ལྔ་ཡོད་དེ། བྱུང་རིམ་ཆ་ཚང་བ་དང་། མི་སྣའི་སྣང་བརྙན་གསལ་བ་དང་། ཁོར་ཡུག་གི་རྣམ་པ་གསལ་བ་དང་། སྒྱུ་རྩལ་གྱི་བདེན་ཁ་མི་འཆོར་བ་དང་། མི་སྣ་ལ་རང་དབང་ལྡན་པ་རྣམས་སོ།།

གསུམ། སྒྲུང་གཏམ་ལ་དབྱེ་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་གྱི་དབྱེ་བ་གླེང་སྐབས། འབྲེལ་ཡོད་མཁས་པ་རྣམས་ལ་གླེང་ལུགས་སྣ་ཚོགས་ཤིག་ཡོད་དེ། རྣམ་པ་དམིགས་སུ་བཟུང་ནས་དབྱེ་ན་ཟིན་བྲིས་སྒྲུང་གཏམ་དང༌། འཕྲིན་ཡིག་སྒྲུང་གཏམ། གཏམ་གླེང་སྒྲུང་གཏམ་སོགས་ཡོད་པ་དང༌། བརྗོད་བྱའི་ཆ་ནས་དབྱེ་ན་ཞིང་གྲོང་སྒྲུང་གཏམ།བརྩེ་དུང་སྒྲུང་གཏམ། འཇིགས་བསྐྱེད་སྒྲུང་གཏམ་སོགས་མང་པོ་ཞིག་ཡོད་པ་དང་། སྒྱུ་རྩལ་ཁྱད་ཆོས་ཀྱི་ཆ་ནས་བྱུང་རིམ་གཙིགས་སུ་བཟུང་བ་དང་། གཤིས་ཀ་གཙིགས་སུ་བཟུང་བ་དང་། སེམས་ཁམས་གཙིགས་སུ་བཟུང་བ་བཅས་སུ་དབྱེ་ཆོག་མོད། གོང་ནས་གླེངས་པའི་སྒྲུང་གཏམ་གྱི་རིགས་གང་ཞིག་ཡིན་རུང༌། ཡིག་ཚོགས་ཀྱི་ཡང་ལྕི། མི་སྣའི་མང་ཉུང༌། ནང་དོན་གྱི་ཤོང་ཚད། བྱུང་རིམ་རྙོག་དྲ་ཡིན་མིན་སོགས་ཀྱི་ཆ་ནས་སྒྲུང་ཐུང་ཡིག་བརྒྱ་མ་དང༌། སྒྲུང་ཐུང་དང༌། སྒྲུང་འབྲིང་དང༌། སྒྲུང་རིང་བཅས་བཞི་རུ་དབྱེ་རུང་བར་སྙམ།

བཞི། རྩོམ་ལུས་ཀྱི་ཁྱད་ཆོས་གཞིར་བཟུང་ན་སྒྲུང་གཏམ་ལ་དབྱེ་བ་ག་ཙམ་ཡོད།

   ལན། རྩོམ་ལུས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་དབྱེ་ན་སྒྲུང་གཏམ་ལ་འཕྲིན་ཡིག་སྒྲུང་གཏམ་དང་། ཟིན་བྲིས་སྒྲུང་གཏམ་དང་། རྣམ་ཐར་སྒྲུང་གཏམ་དང་། ཉིན་ཐོ་སྒྲུང་གཏམ་དང་། ཚིགས་བཅད་སྒྲུང་གཏམ་སོགས་མང་པོ་ཞིག་ཡོད་པར་བརྗོད། 

ལྔ། སྒྱུ་རྩལ་མཚོན་སྟངས་གཞིར་བཟུང་ན་སྒྲུང་གཏམ་ལ་དབྱེ་བ་ག་ཙམ་ཡོད།

   ལན། སྒྱུ་རྩལ་མཚོན་སྟངས་གཞིར་བཟུང་ནས་དབྱེ་ན་བྱུང་རིམ་གཙིགས་སུ་བཟུང་བའི་སྒྲུང་གཏམ་དང་། གཤིས་ཀ་གཙིགས་སུ་བཟུང་བའི་སྒྲུང་གཏམ་དང་། སེམས་ཁམས་གཙིགས་སུ་བཟུང་བའི་སྒྲུང་གཏམ་བཅས་གསུམ་ཡོད་པར་སྙམ།

དྲུག བྱུང་རིམ་གཙིགས་སུ་བཟུང་བའི་སྒྲུང་གཏམ་ལ་ཁྱད་ཆོས་ཅི་ཞིག་ཡོད།

   ལན། བྱུང་རིམ་གཙིགས་སུ་བཟུང་སྟེ་བརྩམས་པའི་སྒྲུང་གཏམ་ལ་ཆ་མཚོན་ན། བྱུང་རིམ་ནི་བརྩམས་ཆོས་ཀྱི་སྲོག་ཤིང་དུ་གྱུར་པ་དང་། མི་སྣ་དང་འཁོར་ཡུག་ལ་བྱུང་རིམ་གྱིས་མངའ་དབང་སྒྱུར་བཞིན་ཡོད་པ་མ་ཟད། བྱུང་རིམ་གྱི་འགྱུར་ལྡོག་དང་བསྟུན་ནས་མི་སྣའི་ལས་དབང་ལ་འགྱུར་ལྡོག་འབྱུང་བ་དང་། མི་གཤིས་རྣལ་མ་དེ་དོན་དག་སྣ་ཚོགས་ལ་གདོང་གཏད་ལུགས་ལ་བརྟེན་ནས་མཚོན་བཞིན་ཡོད་ལ།ཁོ་བོའི་སྒྲུང་གཏམ་རྣམས་ལས《ལམ》དང་། 《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》དང་། 《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང་།《ནས》དང་།《འཕྲིན་ལས་རྒྱ་མཚོ》དང་།《ཚངས་དབྱངས་རྒྱ་མཚོ》སོགས་ནི་བྱུང་རིམ་གཙིགས་སུ་བཟུང་བའི་སྒྲུང་གཏམ་གྱི་གྲས་སུ་གཏོགས་པ་འདྲ།

བདུན། བྱུང་རིམ་གཙིགས་སུ་བཟུང་བའི་སྒྲུང་གཏམ་གསར་རྩོམ་བྱེད་ན་ཕྱོགས་གང་དག་ལ་ཡིད་འཇོག་བྱ་དགོས།

   ལན། བྱུང་རིམ་གཙིགས་སུ་བཟུང་བའི་སྒྲུང་གཏམ་རྩོམ་པའི་ལས་ལ་འཇུག་ན། ཆ་རྐྱེན་འདི་འདྲ་ལྡན་དགོས་པ་འདྲ་སྟེ། གཅིག སྐབས་སུ་བབས་པའི་སྒྲུང་གཏམ་ཡིད་དབང་འཕྲོག་པ་ཞིག་ཡོད་དགོས་པ་མ་ཟད། གཏམ་རྒྱུད་ཀྱི་བྱུང་རིམ་མདུན་ལ་དེད་པའི་འགྲོས་དང་བསྟུན་ཏེ། མི་སྣའི་སྣང་བརྙན་དེ་མི་སྣའི་སྤྱོད་ལ་བརྟེན་ནས་གསར་སློང་བྱེད་ཐུབ་དགོས། གཉིས། གཏམ་རྒྱུད་ཡིད་དབང་འཕྲོག་པ་དེ་ལ་བྱུང་རིམ་ཀྱག་ཀྱོག་ཅིག་ལྡན་པ་དང་། མི་སྣའི་ལས་དབང་དང་གཤིས་ཀར་འགྱུར་ལྡོག་བྱུང་བའི་རྒྱུ་རྐྱེན་སྟོན་ཐུབ་དགོས། གསུམ། སྒྲུང་གཏམ་ལ་བྱུང་རིམ་ཆ་ཚང་བ་ཞིག་ཡོད་དགོས་པ་དང་། མི་སྣ་གཙོ་བོ་ནི་བྱུང་རིམ་ཆ་ཚང་བ་དེ་ཉིད་ཀྱི་སྲོག་ཤིང་དུ་འགྱུར་དགོས།

བརྒྱད། གཤིས་ཀ་གཙིགས་སུ་བཟུང་བའི་སྒྲུང་གཏམ་ལ་ཁྱད་ཆོས་ཅི་ཞིག་ཡོད།

   ལན། གཤིས་ཀ་གཙིགས་སུ་བཟུང་སྟེ་བརྩམས་པའི་སྒྲུང་གཏམ་ལ་ཆ་མཚོན་ན། གསོན་ཉམས་ལྡན་པའི་མི་སྣ་ནི་བརྩམས་ཀྱི་སྲོག་ཤིང་དུ་གྱུར་ཡོད་པ་དང་། བྱུང་རིམ་ནི་འཚོ་བའི་ཁྲོད་ཀྱི་དོན་དག་ཕྲན་བུའམ། སྔ་ཕྱིར་འབྲེལ་བ་དོན་དག་ཕྲན་བུ་སྐོར་ཞིག་ཡིན་པ་མ་ཟད། ཁོར་ཡུག་གི་རྣམ་པའང་མི་སྣའི་གཤིས་ཀ་དང་བསྟུན་ཏེ་བརྩམས་ཆོས་ཁྲོད་ལ་འདྲེན་བཞིན་ཡོད་ལ། སྐུ་ཞབས་ལུའུ་ཞུན་གྱི《ཨQཡི་རྣམ་ཐར》དང《ཁུང་ཡི་ཅི》ཚེ་རིང་དོན་གྲུབ་ཀྱི《ར་ལོ》སོགས་ནི་གཤིས་ཀ་གཙིགས་སུ་བཟུང་བའི་སྒྲུང་གཏམ་ཚད་ལྡན་འབའ་ཞིག་ཡིན་པར་བརྗོད། ཁོ་བོས་མི་སྣའི་གཤིས་ཀ་དམིགས་སུ་བཟུང་ནས་སྒྲུང་གཏམ་ཕུལ་དུ་བྱུང་བ་ཞིག་འབྲི་མ་ནུས་མོད། སྒྲུང་ཐུང《གལ་ཏེ》དང་། སྒྲུང་ཐུང《ཤ་ཡུ་མོ་ཤེའུ》དང་། མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》ལས《ཁྱིམ་མཚེས་ཚང་གི་ཁྱིམ་བདག་མ》དང《རླུང་ལྭ་དམར་པོ》བཅས་ནི་རྩོམ་སྟངས་འདི་ལྟར་བརྩམས་པའི་དཔེར་བརྗོད་དུ་དྲངས་ན་མི་རུང་བ་མེད་པར་སྙམ་མོ།།

དགུ། གཤིས་ཀ་གཙིགས་སུ་བཟུང་བའི་སྒྲུང་གཏམ་གསར་རྩོམ་བྱེད་ན་ཕྱོགས་གང་དག་ལ་ཡིད་འཇོག་བྱ་དགོས།

   ལན། སྒྲུང་གཏམ་འདིའི་རིགས་གསར་རྩོམ་བྱེད་ན། ཆ་རྐྱེན་འདི་འདྲ་ལྡན་དགོས་ཏེ། གཅིག སྐབས་སུ་བབས་པའི་སྒྲུང་གཏམ་གྱི་མི་སྣ་ལ་གཤིས་ཀ་ཐུན་མོང་མ་ཡིན་ཞིག་ལྡན་དགོས་པ་དང་། གཤིས་ཀ་ཐུན་མོང་མ་ཡིན་པ་དེ་ནི་མི་སྣའི་ལས་དབང་འགྱུར་ལྡོག་འབྱུང་རྐྱེན་གཙོ་བོ་ཡིན་དགོས། གཉིས། གཤིས་ཀ་ཐུན་མོང་མ་ཡིན་པ་ལྡན་པའི་མི་སྣ་དེ་ནི་ཚོགས་པ་ཞིག་གི་ལྡོག་ཟླར་ལངས་དགོས་པ་མ་ཟད། དེ་ཉིད་ཀྱི་སྤྱོད་ལམ་འདོད་བློས་ཚོགས་པ་དེ་ལ་སུན་སྣང་དང་བར་ཆད་བཟོ་དགོས། གསུམ། བརྩམས་ཆོས་ཀྱི་བྱུང་རིམ་ནི་མི་དང་མི་བར་གྱི་འགལ་བ་དང་འབྲེལ་བ། མི་དང་ཁོར་ཡུག་བར་གྱི་འགལ་བ་དང་འབྲེལ་བ། མི་སྣ་རང་སྟེང་གི་འགལ་བ་གནད་དུ་བཟུང་ནས་མདུན་ལ་འདེད་དགོས།

བཅུ། སེམས་ཁམས་གཙིགས་སུ་བཟུང་བའི་སྒྲུང་གཏམ་ལ་ཁྱད་ཆོས་ཅི་ཞིག་ཡོད།

   ལན། སེམས་ཁམས་གཙིགས་སུ་བཟུང་སྟེ་བརྩམས་པའི་སྒྲུང་གཏམ་ལ་ཆ་མཚོན་ན། བརྩམས་ཆོས་ཀྱི་བྱུང་རིམ་མང་པོ་ནི་ཕྲེང་བའི་ཕྲེང་རྡོག་རྣམས་དང་ཕྲེང་ཐག་ཤིང་ནི་མི་སྣའི་སེམས་ཁམས་ཡིན་ལ། སྒྲུང་གཏམ་འདིའི་རིགས་གསར་རྩོམ་བྱེད་སྐབས། ཁོར་ཡུག་ལ་བརྟེན་ནས་མི་སྣའི་སེམས་ཁམས་ལ་འགྱུར་ལྡོག་བྱུང་བ་དམིགས་སུ་བཀར་ནས་འབྲི་དགོས་པ་མ་ཟད། སེམས་ཁམས་བཀོད་འབྲི་བརྒྱུད་ནས་ཚོར་བ་ཐུན་མོང་མ་ཡིན་པ་རྣམས་ཞིབ་ཆ་ཡོད་པའི་མཚམས་སྦྱོར་བྱ་དགོས། གསལ་བཤད་བྱ་དགོས་པ་ཞིག་ནི། སེམས་ཁམས་གཙིགས་སུ་བཟུང་བའི་སྒྲུང་གཏམ་གྱི་བྱུང་རིམ་མག་མོག་ཡིན་པ་མ་ཟད། ད་དུང་བྱུང་རིམ་འཕོ་བརྒལ་ཤིན་ཏུ་མང་བ་ན། བརྩམས་ཆོས་ཐོག་མར་ཀློག་དུས་ཅི་ཞིག་བརྗོད་བཞིན་ཡོད་པ་མི་ཤེས་པའི་ཚོར་བ་བསྟེར་མོད། འོན་ཏེ་ཞིབ་ཏུ་བཀླགས་ཤིང་ཞིབ་ཏུ་དཔྱད་ན། བརྩམས་ཆོས་ཁྲོད་ཀྱི་མི་སྣའི་ཚོར་བ་གསར་བ་དག་ལ་བརྟེན་ནས་གནས་ལུགས་འབའ་ཞིག་རིམ་གྱིས་རྟོགས་སྲིད་པ་དང་། འཚོ་བའི་ཉམས་མྱོང་ཐད་ནས་བློ་སྒོ་འབྱེད་པའི་སྐབས་ཀྱང་ཡོད་པ་ཡིན། ཁོ་བོའི་སྒྲུང་གཏམ་རྣམས་ལས《མེ་ལོང་ནང་གི་ཕྱེ་མ་ལེབ》དང་།《རླུང》དང་།《སྒྲོལ་མ་ཉེར་གཅིག》གི་བཅུ་བདུན་པ་སྟེ《དཔྱིད་ཀྱི་ཉི་འོད》སོགས་ཀྱི་བྱུང་རིམ་ནི་མི་སྣའི་སེམས་ཁམས་དམིགས་སུ་བཟུང་ནས་མདུན་ལ་དེད་པ་ཡིན།

བཅུ་གཅིག གཤིས་ཀ་གཙིགས་སུ་བཟུང་བའི་སྒྲུང་གཏམ་གསར་རྩོམ་བྱེད་ན་ཕྱོགས་གང་དག་ལ་ཡིད་འཇོག་བྱ་དགོས།

   ལན། སེམས་ཁམས་གཙིགས་སུ་བཟུང་བའི་སྒྲུང་གཏམ་གསར་རྩོམ་བྱེད་ན་ཆ་རྐྱེན་འདི་འདྲ་ལྡན་དགོས་ཏེ། གཅིག མི་སྣའི་སེམས་ཁམས་ནི་རྙོག་དྲ་ལྡན་པ་དང་འགྱུར་ལྡོག་ཆེ་བ་ཞིག་ཡིན་དགོས་པ་མ་ཟད། སྒྲུང་གཏམ་གྱི་བྱུང་རིམ་ནི་རྙོག་དྲ་ལྡན་པ་དང་འགྱུར་ལྡོག་ཆེ་བའི་སེམས་ཁམས་ལ་བརྟེན་ནས་མདུན་ནས་མདུན་ལ་འདེད་ཐུབ་དགོས། གཉིས། རང་ངོས་སུ་འབྲེལ་བ་མེད་པའི་དོན་དག་རབ་དང་རིམ་པ་ཞིག་ལ་བརྟེན་ནས་མི་སྣའི་སེམས་རྙོག་དྲ་ཅན་དེ་མཚོན་དགོས། གསུམ། སེམས་ཁམས་ཀྱི་འགྱུར་ལྡོག་ལས་མི་སེམས་ཀྱི་གཞན་ལ་བརྗོད་མི་རུང་བའི་གསང་བ་དང་བརྗོད་མི་ཕོད་པའི་ནོངས་པ་དེ་མངོན་དགོས། བཞི། མི་སྣའི་སེམས་ཁམས་ཀྱི་འགྱུར་ལྡོག་དེ་གང་ཟག་ནད་མེད་རྣམས་ལས་རིང་དུ་བརྒལ་བ་བྱུང་ན། བརྩམས་ཆོས་བརྒྱུད་ནས་མི་གཤིས་མཚོན་པ་ལ་ཤིན་ཏུ་ཕན་པར་བརྗོད།

བཅུ་གཉིས། བརྗོད་བྱའི་དོན་གྱི་ཤོང་ཚད་གཞིར་བཟུང་ན་སྒྲུང་གཏམ་ལ་དབྱེ་བ་ག་ཙམ་ཡོད།

   ལན། སྒྲུང་གཏམ་ནི་བརྗོད་བྱའི་དོན་གྱི་ཤོང་ཚད་ལྟར་དབྱེ་ན་བཞི་ཡོད་དེ། སྒྲུང་གཏམ་ཡིག་བརྒྱ་མ་དང་། སྒྲུང་ཐུང་དང་། སྒྲུང་འབྲིང་དང་།  སྒྲུང་རིང་རྣམས་སོ།།

བཅུ་གསུམ། སྒྲུང་གཏམ་ཡིག་བརྒྱ་མ་ཞེས་པ་ནི་ག་འདྲ་ཞིག་ལ་ངོས་འཛིན་དགོས།

   ལན། སྒྲུང་གཏམ་ཡིག་བརྒྱ་མ་ནི་སྒྲུང་ཐུང་ལས་ཀྱང་ཐུང་བའི་སྒྲུང་གཏམ་རིགས་ཤིག་ཡིན་ལ། ལྟ་ཀློག་བྱེད་སྐབས་དུས་ཚོད་མང་པོ་གཏོང་མི་དགོས་པས་རིག་གཞུང་སྨྲ་བ་ལ་ལས་འདི་ལ་སྐར་མ་གཅིག་གི་སྒྲུང་གཏམ་ཡང་ཟེར། སྒྲུང་གཏམ་འདིའི་རིགས་ནི་ཡིག་འབྲུ་ཉིས་སྟོང་ཡན་ལ་བརྒལ་མི་རུང་བ་ན། ཡིག་འབྲུ་ཉུང་ངུ་ཙམ་ལ་བརྟེན་ནས་གཏམ་རྒྱུད་ཆ་ཚང་ཞིག་བརྗོད་པ་དང་མི་སྣའི་སྣང་བརྙན་གསར་བཞེངས་བྱས་ཏེ། རྩོམ་མཁན་གྱི“མྱོང་ཚོར་ཞིག་གམ། བསམ་ཚུལ་ཞིག་གམ། རེ་སྨོན་ཞིག་གམ། ཕུགས་འདོད་གཅིག་མཚོན་པར་བྱ་དགོས་པས།”[1]རྩོམ་པའི་ལས་ལ་འཇུག་སྐབས། རྩོམ་མཁན་གྱིས་རྙོག་དྲ་ཅན་གྱི་བརྗོད་བྱ་དང་བརྗོད་བྱའི་དོན་གྱི་རྙོག་དྲ་ཅན་གྱི་གོ་རིམ་ཡོངས་སུ་སྤངས་ཏེ། སྒྱུ་རྩལ་གྱི་རིན་ཐང་དང་དུས་རབས་ཀྱི་རྟགས་མཚན་གསལ་བའི་དོན་དག་ཕྲན་བུ་གཅིག་གམ་དུ་མ་ལ་བརྟེན་ནས་སྤྱི་ཚོགས་འཚོ་བའི་རྣམ་པ་དེ་མཚོན་དགོས།

བཅུ་བཞི། སྒྲུང་གཏམ་ཡིག་བརྒྱ་མ་གསར་རྩོམ་བྱེད་སྐབས་ཕྱོགས་གང་དག་ལ་ཡིད་འཇོག་བྱ་དགོས།

   ལན། ཡིག་འབྲུ་ཉུང་ངུ་ཞིག་ལ་བརྟེན་ནས་བརྗོད་དོན་གསལ་ཞིང་མི་སྣར་གཤིས་ཀ་ཡོད་པའི་སྒྲུང་གཏམ་ཞིག་འབྲི་དགོས་ན། གཤམ་གྱི་དོན་ཚན་འགའ་ལ་ཡིད་འཇོག་བྱ་དགོས། གཅིག རྗོད་བྱེད་ཚིག་ལ་ཡིད་འཇོག་བྱས་ཏེ་ཡིག་འབྲུ་རེ་རེས་དོན་རེ་སྟོན་པར་འབད་དགོས། གཉིས། སྒྲུང་གཏམ་བློས་སློང་བྱེད་སྐབས། བརྗོད་བྱའི་དོན་དེ་ཡིག་འབྲུ་ཉུང་ཉུང་ཞིག་ལ་བརྟེན་ནས་བརྗོད་ཐུབ་མིན་ལ་བརྟག་དགོས། གསུམ།སྒྲུང་གཏམ་གྱི་བརྗོད་བྱར་གྱུར་པའི་བརྗོད་དོན་ཕྲན་བུ་དེ་དོན་དག་རྒྱ་ཆེན་པོ་ཞིག་གི་མཚོན་བྱེད་དུ་གྱུར་ཡོད་མེད་ལ་བརྟག་དགོས། བཞི། གསར་རྩོམ་དངོས་ལ་འཇུག་སྐབས། ཚིག་ཉུང་ཉུང་ཞིག་ལ་བརྟེན་ནས་བརྗོད་དོན་རྫོགས་པར་སྟོན་པར་འབད་དགོས། ལྔ། སྒྲིག་གཞི་ཚགས་དམ་པ་དང་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པ་ཐོན་པར་འབད་དགོས།

བཅོ་ལྔ། སྒྲུང་ཐུང་ཞེས་པ་ནི་ག་འདྲ་ཞིག་ལ་ངོས་འཛིན་དགོས།

   ལན། སྒྲུང་ཐུང་ནི་གྲངས་འབོར་ཆེས་མང་བའི་སྒྲུང་གཏམ་གྱི་རིགས་ཤིག་ཡིན་ལ། སྒྲུང་གཏམ་འདིའི་རིགས་རྩོམ་སྐབས། འཚོ་བ་ལས་དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་ཕྲན་བུ་ཁག་ཅིག་གམ་དུ་མ་གནད་དུ་བཟུང་སྟེ། སྣང་བརྙན་གསལ་བའི་ངང་ནས་མི་སྣའི་གཤིས་ཀ་མཚོན་པ་དང་གཟུགས་རིས་གསལ་བའི་སྒོ་ནས་འཚོ་བའི་རྣམ་པ་མཚོན་བཞིན་ཡོད། སྒྲུང་གཏམ་ལས་སྒྲུང་ཐུང་ལ་ཆ་མཚོན་ན་རྗོད་བྱེད་ནི་ཡིག་འབྲུ་སྟོང་འགའ་འམ་ཁྲི་གཉིས་ཡས་མས་སུ་ཚོད་འཛིན་བྱ་དགོས་པ་ན། མི་སྣ་ཉུང་ཉུང་ཞིག་ལས་མེད་པ་དང༌། མི་སྣ་གཙོ་བོའི་དཔེ་མཚོན་རང་བཞིན་ལྡན་པའི་འཚོ་བའི་ཆ་ཤས་ཤིག་དམིགས་སུ་བཟུང་ནས་གཏམ་རྒྱུད་ཀྱི་ལྷུ་ལག་བསྒྲིགས་ཏེ་བྱུང་རིམ་མཚམས་སྦྱོར་དང་ཁོར་ཡུག་བཀོད་འབྲི། མི་སྣའི་སྣང་བརྙན་གསར་སློང་བྱེད་བཞིན་ཡོད།

བཅུ་དྲུག སྒྲུང་ཐུང་གསར་རྩོམ་བྱེད་སྐབས་ཕྱོགས་གང་དག་ལ་ཡིད་འཇོག་བྱ་དགོས།

   ལན། གཅིག སྒྲུང་གཏམ་ལས་དཔེ་མཚོན་རང་བཞིན་ལྡན་པའི་འཚོ་བའི་ཆ་ཤས་ཤིག་མཚོན་པ་ལས་རྙོག་དྲའི་རང་བཞིན་ལྡན་པའི་འཚོ་བའི་གོ་རིམ་རིང་མོ་ཞིག་མཚོན་མི་ནུས། གཉིས། སྒྲུང་ཐུང་ལ་མི་སྣ་ཉུང་བ་མ་ཟད། མི་སྣ་གཙོ་བོར་མ་གཏོགས་ཕལ་བ་རྣམས་ལ་སྣང་བརྙན་མེད།གསུམ།སྒྲུང་ཐུང་ལས་མི་སྣའི་གཤིས་ཀ་མཚོན་པ་མ་གཏོགས། གཤིས་ཀའི་འགྱུར་ལྡོག་དེ་གོ་རིམ་ཡོད་པའི་སྒོ་ནས་མཚོན་དཀའ།

བཅུ་བདུན། སྒྲུང་འབྲིང་ཞེས་པ་ནི་ག་འདྲ་ཞིག་ལ་ངོས་འཛིན་དགོས།

   ལན། སྒྲུང་གཏམ་རྩོམ་པའི་ལས་ལ་ཞུགས་སྐབས། བརྗོད་བྱ་ལ་ལ་ནི་སྒྲུང་ཐུང་བྲིས་ན་མི་ཤོང་བ་དང་སྒྲུང་རིང་བྲིས་ན་མི་ལྡང་བའི་གནས་ཚུལ་བ་བྱུང་ན། བརྗོད་བྱ་དེ་རིགས་ནི་སྒྲུང་འབྲིང་གི་ལམ་ནས་ཡི་གེ་རྣམ་པར་དགོས། སྣང་ཚུལ་འདི་ལ་གཞིགས་ནས་བཤད་ན།སྒྲུང་འབྲིང་གིས་སྒྲུང་ཐུང་ལྟར་འཚོ་བའི་ཆ་ཤས་འབའ་ཞིག་བརྗོད་བྱ་མི་བྱེད་རུང་པ་དང༌། སྒྲུང་རིང་ལྟར་འཚོ་བའི་བརྒྱུད་རིམ་རིང་མོ་ཞིག་ཀྱང་བརྗོད་བྱ་མི་རུང་བས། ཡིག་འབྲུ་ཁྲི་ལྔ་ཡས་མས་ཙམ་ལ་བརྟེན་ནས་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་གཅིག་དུ་མ་གནད་དུ་བཟུང་སྟེ་གོ་རིམ་གསལ་བ་དང་རྙོག་དྲ་ལྡན་པའི་ངང་ནས་མཚམས་སྦྱོར་བྱ་དགོས།

བཅོ་བརྒྱད། སྒྲུང་འབྲིང་གསར་རྩོམ་བྱེད་སྐབས་ཕྱོགས་གང་དག་ལ་ཡིད་འཇོག་བྱ་དགོས།

   ལན། གཅིག སྒྲུང་འབྲིང་གི་བརྗོད་བྱ་སྒྲུང་ཐུང་ལས་ཅུང་རྙོག་དྲ་ཆེ་བ་དང་དོན་དག་ཅུང་ཟད་རྒྱ་ཆེན་པོ་ཞིག་ཀློག་མཁན་གྱི་ལྟད་མོར་བཤམས་ཐུབ། གཉིས། སྒྲུང་འབྲིང་གི་མི་སྣ་སྒྲུང་ཐུང་ལས་མང་བ་མ་ཟད། མི་དང་མི་དང་མི་བར་གྱི་འགལ་བ་དང་འབྲེལ་བའང་ཅུང་རྙོག་དྲ་ཅན་ཞིག་ཡིན། གསུམ། སྒྲུང་འབྲིང་གི་མི་སྣ་མང་པོ་ཞིག་ལ་རང་གཤིས་དོད་པོ་ལྡན་པ་མ་ཟད། མི་སྣའི་གཤིས་ཀའི་འགྱུར་ལྡོག་ཐད་ཀྱི་གོ་རིམ་དེའང་ཅུང་ཟད་བརྗོད་ཆོག

བཅུ་དགུ སྒྲུང་རིང་ཞེས་པ་ནི་ཅི་ལྟ་བུ་ཞིག་ལ་ངོས་འཛིན་དགོས།

   ལན། སྒྲུང་རིང་ནི་དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་རིང་མོ་ཞིག་ཡིན་ལ། སྒྲུང་གཏམ་འདིའི་རིགས་རྩོམ་པའི་ལས་ལ་འཇུག་སྐབས། སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་ངེས་ཅན་ཞིག་ལ་དམིགས་པ་གཏད་དེ། བརྗོད་བྱ་རྒྱ་ཆེ་ཞིང་རྙོག་འཛིང་ལྡན་པ། མི་སྣ་མང་ཞིང་མི་སྣ་ཕལ་མོའི་སྣང་བརྙན་གསལ་བ། མི་སྣ་དང་མི་སྣ་བར་གྱི་འགལ་བ་དང་འབྲེལ་བ་དེ་བྱུང་རིམ་ཕྲ་མོའི་བཀོད་འབྲི་བརྒྱུད་ནས་བསྟན་ཏེ། ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོ་ཞིག་མགོ་མཇུག་ཚང་བ་དང༌། གོ་རིམ་གསལ་བ།གཟུགས་རིས་ཡོད་པའི་སྒོ་ནས་རྒྱས་བཤད་བྱས་ཆོག

ཉི་ཤུ། སྒྲུང་རིང་གསར་རྩོམ་བྱེད་སྐབས་ཕྱོགས་གང་དག་ལ་ཡིད་འཇོག་བྱ་དགོས།

   ལན། སྒྲུང་རིང་མང་པོ་ཞིག་ནི་ཚེག་ཁྱིམ་ཅིག་འབུམ་ཡས་མས་ཀྱིས་གྲུབ་ཡོད་ལ། དེ་ལས་རིང་ན་མི་རུང་བའི་ཚོད་འཛིན་ནི་རྒྱལ་ཁབ་དང་མི་རིགས་ཀུན་ལ་མེད། གང་ལྟར་བརྩམས་ཆོས་ལ་ཁྱད་ཆོས་འདི་འདྲ་བྱུང་ན་སྒྲུང་རིང་ལ་རྩིས་ཆོག  གཅིག སྒྲུང་རིང་གི་བརྗོད་བྱ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་རིང་མོ་ཞིག་ཡིན་པ་དང༌། གོ་རིམ་དེ་ནི་གཟུགས་རིས་ལྡན་པའི་ངང་ནས་བརྗོད་དགོས། གཉིས། སྒྲུང་རིང་དུ་མི་སྣ་མང་པོ་ཞིག་ཡོད་པ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བའང་ཧ་ཅང་རྙོག་དྲ་ཅན་ཞིག་ཡིན་པས། སྒྲུང་རིང་རྩོམ་པའི་ལས་ལ་འཇུག་སྐབས་བྱུང་རིམ་རྙོག་དྲ་སྣ་ཚོགས་ལ་བརྟེན་ནས་མི་སྣའི་སྣང་བརྙན་གསར་བཞེངས་བྱ་དགོས་པ་མ་ཟད། མི་སྣའི་དུས་ཡུན་རིང་པོའི་འཚོ་བའི་བརྒྱུད་རིམ་དེ་ཕྲ་ཞིང་ཞིབ་པའི་ངང་ནས་མཚམས་སྦྱོར་བྱེད་པའི་གོ་རིམ་ཁྲོད་དུ། མི་སྣའི་གཤིས་ཀའི་འགྱུར་ལྡོག་ལ་གོ་རིམ་ཡོད་པའི་སྒོ་ནས་བརྗོད་དགོས། གསུམ། སྒྲུང་རིང་ཁྲོད་དུ་ཁོར་ཡུག་བཀོད་འབྲི་བྱེད་སྐབས། སྒྲུང་ཐུང་འདྲ་བར་དུས་རབས་ཀྱི་རྟགས་མཚན་དང་ཁོར་ཡུག་བྱེ་བྲག་པ་ཙམ་ཞིག་འབྲི་བ་ལས་རིང་དུ་བརྒལ་ཏེ། རང་བྱུང་ཁོར་ཡུག་བཀོད་འབྲི་བྱས་པ་བརྒྱུད་ནས་ཡུལ་གྲུ་ཆེན་པོ་ཞིག་གི་རྣམ་པ་གཟུགས་རིང་ཡོད་པའི་ངང་ནས་བརྗོད་པ་དང༌།  སྤྱི་ཚོགས་ཁོར་ཡུག་བཀོད་འབྲི་བྱེད་སྐབས་དུས་ཡུན་ངེས་ཅན་ཞིག་གི་སྤྱི་ཚོགས་ཀྱི་རྣམ་པ་དེ་གཟུགས་རིས་ཡོད་པ་དང་བདེན་ཁ་མི་འཆོར་བའི་ངང་ནས་མཚམས་སྦྱོར་བྱས་ཆོག

ཉེར་གཅིག ཅི་ཞིག་ལ་སྒྲུང་གཏམ་གྱི་བློས་སློང་ཟེར།

   ལན། སྒྲུང་གཏམ་གྱི་བློས་སློང་ཟེར་བ་ནི་རྩོམ་མཁན་གྱིས་འཚོ་བའམ་འཚོ་བའི་ངོས་ཟིན་རྨང་གཞི་བྱས་ཏེ། རང་གི་གསར་རྩོམ་གྱི་དམིགས་ཡུལ་ལྟར་བརྗོད་སྙིང་དང་བརྗོད་བྱ་གཏན་ལ་འབེབས་པ་དང་།  བྱུང་རིམ་སྣ་ཚོགས་ཕྱོགས་གཅིག་ལ་སྒྲིག་པ།  མི་སྣའི་གཤིས་ཀ་དང་སྣང་བརྙན་གཏན་ལ་འབེབས་པའི་བསམ་གཞིག་གི་གོ་རིམ་དེ་ལ་གོ་བ་ཡིན།  

ཉེར་གཉིས། བློས་སློང་དང་གསར་རྩོམ་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད།

   ལན། གསར་རྩོམ་གྱི་ལག་ལེན་དངོས་ལ་གཞིགས་ན། བློས་སློང་གི་སྐབས་སུ་འཚོ་བའི་ངོས་ཟིན་དེ་གཟུགས་རིས་ཅན་དུ་བསྒྱུར་དགོས་པ་མ་ཟད། འཚོ་བའི་སྣང་ཚུལ་སྣ་ཚོགས་སྒྱུ་རྩལ་གྱི་རྣམ་པར་འདྲེན་དགོས་པས། རྩོམ་པ་པོ་ལ་མཚོན་ན་བློས་སློང་ནི་དཀའ་ཁག་ཆེ་ཞིང་རྙོག་དྲ་ལྡན་པ།  གསར་གཏོད་རང་བཞིན་ལྡན་པའི་ཀླད་ཤུགས་ངལ་རྩོལ་རིགས་ཤིག་ཡིན་པ་དང་། སྒྲུང་གཏམ་གསར་རྩོམ་ལ་མཚོན་ན་བློས་སློང་གིས་བརྗོད་བྱ་དང་བརྗོད་སྟངས་གཉིས་ཀ་གཏན་འབེབས་བྱ་དགོས་འདུག

ཉེར་གསུམ། སྒྲུང་གཏམ་ལ་བློས་སློང་བྱེད་ལུགས་ག་འདྲ་ཡོད།

   ལན། རྩོམ་པ་པོ་རེ་རེའི་གསར་རྩོམ་ལ་འཇུག་པའི་དམིགས་ཡུལ་དང་གོམས་གཤིས་མི་འདྲ་བ་དང་། བརྩམས་ཆོས་རེ་རེའི་བརྗོད་བྱའི་ཁྱབ་རྒྱ་དང་སྒྱུ་རྩལ་མཚོན་ཐབས་མི་འདྲ་བ་ན། སྒྲུང་གཏམ་ལ་བློས་སློང་བྱེད་ལུགས་ནི་སྣ་ཚོགས་ཤིག་ཡོད་ངེས་མོད། འོན་ཏེ་འབྲེལ་ཡོད་མཁས་པའི་ཞིབ་འཇུག་གྲུབ་འབྲས་དང་རང་ཉིད་ཀྱི་གསར་རྩོམ་གསར་རྩོམ་ཉམས་མྱོང་གཞི་གཅིག་ཏུ་བསྡུས་ཏེ་དཔྱད་ན། དེ་ལ་འཆར་སྒོའི་མེ་སྟག་སྐྱེད་པ་དང་།  སྒྲུང་གི་གཞི་རྐང་སྒྲིག་པ། སྒྲུང་གི་སྒྲུང་སྒོ་འཚོལ་བ། སྒྲུང་གི་ཕྲེང་ཐག་འཚོལ་བ་བཅས་གོ་རིམ་བཞི་ཡོད་དོ།།

ཉེར་བཞི། འཆར་སྒོའི་མེ་སྟག་སྐྱེད་པ་ཞེས་པ་ནི་ག་འདྲ་ཞིག་ལ་གོ་དགོས་འདུག

   ལན། སྒྲུང་གཏམ་པ་ནི་བཟོ་གྲྭའི་བཟོ་བ་རྣམས་དང་མི་འདྲ་ཞིང་། རྩོམ་རིག་གསར་རྩོམ་ནི་བཟོ་བས་མཁོ་དངོས་བཟོ་ལུགས་དང་གཏན་ནས་མི་འདྲ་སྟེ།ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། དོན་དག་གློ་བུར་བ་ཞིག་གམ་རྒྱུ་རྐྱེན་གློ་བུར་བ་ཞིག་གིས་ཡིད་སེམས་བསྐྱོམས་པ་ལ་བརྟེན་ནས། སྒྲུང་གཏམ་པ་ལ་རྩོམ་པའི་ལས་ལ་འཇུག་པའི་འཆར་སྒོ་དང་བློ་སྐྱེད་གློ་བུར་བ་ཞིག་བསྐྱེད་ངེས་ཡིན་ལ། སྣང་ཚུལ་འདི་ལ་འཆར་སྒོའི་མེ་སྟག་སྐྱེད་པ་ཞེས་བརྗོད་ཆོག སྐབས་འདིར་གསལ་བཤད་བྱ་དགོས་པ་ཞིག་ནི། སྒྲུང་གཏམ་བློས་སློང་བྱེད་སྐབས་འཆར་སྒོའི་མེ་སྟག་ནི་ཕྱི་རོལ་ཡུལ་གྱི་བྱ་དགོས་སྣ་ཚོགས་ལས་གང་རུང་ཞིག་གིས་བསྐྱེད་དགོས་པ་དང་། རྩོམ་མཁན་གྱིས་ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱིས་བསྐྱེད་པའི་ཚོར་བ་དེ་སྒྲུང་གཏམ་གྱི་རྣམ་པར་བསྒྱུར་དགོས་འདུག་པས། གསར་རྩོམ་ལ་འཇུག་ན་འཆར་སྒོའི་མེ་སྟག་ལ་སྐྱེད་བྱེད་ཅིག་ཅིས་ཀྱང་ཡོད་དགོས་པ་འདྲ། འོན་ཏེ་སྐབས་མང་པོ་ཞིག་ལ་ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱིས་བསྐྱེད་པའི་ཚོར་བ་ནི་རབ་རིབ་ཙམ་དང་། མག་མོག་ཙམ་དང་། སྤྱི་ཁོག་ཙམ་ཞིག་ཡིན་པ་ན། སྒྲུང་གཏམ་པས་སྐབས་སུ་བབ་པའི་བརྗོད་དོན་ལེགས་པར་སྟོན་པའི་དགོས་མཁོ་ལྟར་སྒྲིག་སྦྱོར་དང་འདོར་ལེན། ཁ་གསབ་དང་རྟོག་བཟོ་རབ་དང་རིམ་པ་བྱས་པ་ན། ད་གཟོད་སྔར་གྱི་ཚོར་བ་དེ་རྣམ་པ་ཅན་དང་། གོ་རིམ་ཅན་དང་། གཏན་འཇགས་རང་བཞིན་ལྡན་པ་ཞིག་ཏུ་གྱུར་ཏེ། སྒྲུང་གཏམ་གསར་བ་ཞིག་འབྱུང་བ་ལ་རྨང་གཞི་དང་གོ་སྐབས་བྱུང་བ་ཡིན།

ཉེར་ལྔ། འཆར་སྒོའི་མེ་སྟག་ནི་ཐབས་ལམ་གང་དག་བརྒྱུད་ནས་བསྐྱེད་པ་ཡིན་ནམ།

   ལན། སྒྲུང་གཏམ་གསར་རྩོམ་ལ་འཇུག་སྐབས། འཆར་སྒོའི་མེ་སྟག་ལ་སྐྱེད་ལུགས་སྣ་ཚོགས་ཤིག་ཡོད་ངེས་མོད། དེ་དག་ལས་རྒྱུགས་ཆེ་བ་ནི་བརྟག་པར་བརྟེན་ནས་འཆར་སྒོའི་མེ་སྟག་སྐྱེད་པ་དང་། གཏམ་གླེང་ལ་བརྟེན་ནས་འཆར་སྒོའི་མེ་སྟག་སྐྱེད་པ་དང་།དཔེ་དེབ་སོགས་ལ་བརྟེན་ནས་འཆར་སྒོའི་མེ་སྟག་སྐྱེད་པ་དང་། བསམ་ཚུལ་གློ་བུར་བ་ལ་བརྟེན་ནས་འཆར་སྒོའི་མེ་སྟག་སྐྱེད་པ་རྣམས་སོ།།

ཉེར་དྲུག བརྟག་པར་བརྟེན་ནས་འཆར་སྒོའི་མེ་སྟག་སྐྱེད་ལུགས་ནི་ག་འདྲ་ཞིག་ཡིན་ནམ།

   ལན། ཕུལ་དུ་བྱུང་བའི་སྒྲུང་གཏམ་པ་ཞིག་ཡིན་ན། བརྟག་དཔྱོད་ཀྱི་ལས་འཇུག་པའི་འཇོན་ཐང་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ཡིན་ལ། དེ་དག་གིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཐད་ཀར་རྣམ་པ་དང་གནས་ཚུལ་མི་གཅིག་པའི་འཚོ་བ་ཉམས་སུ་མྱོང་སྐབས། ཕྱོགས་གཅིག་ནས་གསར་རྩོམ་ལ་མཁོ་བའི་བརྗོད་བྱ་ཕུན་སུམ་ཚོགས་པ་གྲ་སྒྲིག་བྱེད་ཐུབ་པ་དང་། ཕྱོགས་གཞན་ཞིག་ཏུ་སྐབས་རེར་འཚོ་བའི་རྣམ་པ་དང་སྣང་ཚུལ་ཞིག་གིས་རྩོམ་མཁན་གྱི་འཆར་སྒོའི་མེ་སྟག་བསྐྱེད་དེ་སྒྲུང་གཏམ་ཞིག་གི་བརྗོད་བྱའམ་བརྗོད་སྙིང་། ཡང་ན་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣ་ཞིག་གློ་བུར་དུ་རྙེད་དེ། སྔར་དུས་རྩོམ་གྲབས་མེད་པའི་བརྩམས་ཆོས་གསར་བ་ཞིག་རྩོམ་པའི་འཆར་སྒོ་དང་འདུན་པ་ཡིད་ལ་འཕོ་སྲིད་པ་ཡིན། སྣང་ཚུལ་འདི་ལ་གཞིགས་ན། སྒྲུང་གཏམ་པར་བརྟག་དཔྱད་ཐད་ཀྱི་བློ་རིག་རྣོན་པོ་ཞིག་མཆིས་ན། འཚོ་བས་དེ་ལ་རྩོམ་པའི་ལས་ལ་འཇུག་པའི་གོ་སྐབས་ཡང་ནས་ཡང་དུ་སྐྲུན་སྲིད། ཁོ་བོའི་སྒྲུང་གཏམ་རྣམས་ལས《ལམ》དང་། 《སྒྲོལ་མ་ཉེར་གཅིག》གི་བཅུ་དྲུག་པ་སྟེ《ཆུ་ལེན་བུ་མོ》སོགས་ཀྱི་བརྗོད་བྱ་དང་གསར་རྩོམ་གྱི་འདུན་པ་ནི་བརྟག་པ་ལ་བརྟེན་ནས་བྱུང་བ་ཡིན།

ཉེར་བདུན། གཏམ་གླེང་ལ་བརྟེན་ནས་འཆར་སྒོའི་མེ་སྟག་སྐྱེད་ལུགས་ནི་ག་འདྲ་ཞིག་ཡིན་ནམ།

   ལན། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། སྒྲུང་གཏམ་པ་རྣམས་ཀྱིས་གཞན་གྱི་ངག་ལས་ཡིད་དབང་འཕྲོག་པའི་དོན་དག་མང་པོ་ཞིག་ཐོས་སྲིད་ལ། ཐབས་ལམ་འདི་ནི་རྩོམ་མཁན་རྣམས་ཀྱིས་སྒྲུང་གཏམ་ལ་རྒྱུ་ཆ་བསྡུ་ལུགས་ཆེས་གལ་འགངས་ཆེ་བ་ཞིག་ཀྱང་ཡིན། སྐབས་རེར་རྩོམ་མཁན་གྱིས་གཞན་གྱི་ངག་ལས་དོན་དག་རིན་ཐང་ཅན་རེ་ཐོས་མ་ཐག  སེམས་སུ་འཆར་སྒོའི་མེ་ལྕེ་གློ་བུར་དུ་བསྐྱེད་དེ། སྒྲུང་གཏམ་གསར་བ་ཞིག་རྩོམ་པར་རྨང་གཞི་འབྱུང་སྲིད། ཁོ་བོའི་སྒྲུང་གཏམ་རྣམས་ལས་སྒྲུང་ཐུང《ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ》དང་།    《བསོད་ནམས》དང་།   《མེད》དང་། 《གནས་རི》དང་། མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》གི་བཅོ་ལྔ་པ་སྟེ《རྨ་ཆུ། འདི་ནས་རྒྱང་ལ་འཐེན》དང་བཅུ་དགུ་པ་སྟེ《ས་སྲོས་ཀྱི་འབྲུག་སྒྲ》སོགས་ཀྱི་བརྗོད་བྱ་གཙོ་བོ་དང་གསར་རྩོམ་གྱི་འདུན་པ་ནི་གཏམ་གླེང་ལ་བརྟེན་ནས་བྱུང་བ་ཡིན། 

ཉེར་བརྒྱད། དཔེ་དེབ་སོགས་ལ་བརྟེན་ནས་འཆར་སྒོའི་མེ་སྟག་སྐྱེད་ལུགས་ནི་ག་འདྲ་ཞིག་ཡིན་ནམ།

   ལན། སྤྱིར་བཏང་གི་མི་རྣམས་ལ་ཆ་མཚོན་ན། དཔེ་དེབ་དང་ཚགས་པར་ཀློག་པ་དང་། གློག་བརྙན་དང་བརྙན་འཕྲིན་ལ་ལྟ་བ། རོལ་མོ་དང་གླུ་དབྱངས་ལ་ཉན་པ་ནི་ཤེས་བྱ་ཡིད་ལ་འདྲེན་པ་དང་། བློ་སྒོ་འབྱེད་པ། སྒྱུ་རྩལ་གྱི་མཛེས་པ་ལོངས་སུ་སྤྱོད་པའི་ཆེད་དུ་ཡིན་མོད།  འོན་ཏེ་སྒྲུང་གཏམ་པར་ཆ་མཚོན་ན། ངལ་རྩོལ་ལམ་ཅི་ཞིག་ལོངས་སུ་སྤྱོད་པའི་ལས་འདི་དག་ལ་འཇུག་སྐབས། ད་དུང་ལས་འགན་གཞན་ཞིག་ཡོད་དེ། དེ་ནི་གསར་རྩོམ་ལ་མཁོ་བའི་འཆར་སྒོའི་མེ་སྟག་བསྐྱེད་རྒྱུ་དེ་ཡིན་ནོ།།

ཉེར་དགུ། བསམ་ཚུལ་གློ་བུར་བ་ལ་བརྟེན་ནས་འཆར་སྒོའི་མེ་སྟག་སྐྱེད་ལུགས་ནི་ག་འདྲ་ཞིག་ཡིན་ནམ།

   ལན། སྒྲུང་གཏམ་ལ་རྟོག་བཟོ་གཙོ་བ་དང་། སྒྲུང་གཏམ་པ་ཕུལ་དུ་བྱུང་བ་ཞིག་ཡིན་ན། དེ་ལ་རྟོག་བཟོ་ཐད་ཀྱི་འཇོན་ཐང་ཐུན་མོང་མ་ཡིན་པ་ཞིག་ལྡན་དགོས་འདུག་པས། རྩོམ་པ་པོ་གང་ཞིག་རྩོམ་པའི་འཇུག་སྐབས། ནམ་རྒྱུན་དོན་དག་གམ། སྐད་ཆའམ། དཔེ་དེབ་བམ་ཅི་ཞིག་ལ་བརྟེན་ནས་འཆར་སྒོའི་མེ་སྟག་བསྐྱེད་པར་རེ་ལྟོས་བྱས་ན། སྒྲུང་གཏམ་མང་པོ་འབྲི་མི་ནུས་པ་མ་ཟད། བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཀྱང་འབྱུང་དཀའ་བ་འདྲ། ཁོ་བོར་ཆ་མཚོན་ན། སྒྲུང་གཏམ་ཕལ་མོ་ཆེའི་བརྗོད་བྱ་ནི་བསམ་ཚུལ་གློ་བུར་བ་ཞིག་ལ་བརྟེན་ནས་བྱུང་བ་ཡིན་ལ། རིན་ཐང་ཡོད་པར་འདོད་པའི་བསམ་ཚུལ་གང་ཞིག་བྱུང་སྐབས། བསམ་ཚུལ་ལེགས་པར་མཚོན་པའི་དགོས་མཁོ་དང་བསྟུན་ཏེ་མི་སྣ་དང་། ཁོར་ཡུག་དང་། བྱུང་རིམ་འོས་ཤིང་འཚམ་པ་ཞིག་བཀོད་སྒྲིག་བྱས་པ་ན། བྱུང་རིམ་ཆ་ཚང་བ། མི་སྣའི་སྣང་བརྙན་གསལ་བ།ཁོར་ཡུག་གི་རྣམ་པ་གསལ་བའི་སྒྲུང་གཏམ་ཚད་ལྡན་ཞིག་རྩོམ་ཐུབ།

སུམ་ཅུ། འཆར་སྒོའི་མེ་སྟག་སྐྱེད་ལུགས་ཐད་དུ་གསལ་འདེབས་ཀྱི་གཏམ་རེ་ཡོད་དམ།

   ལན། འཆར་སྒོའི་མེ་སྟག་བསྐྱེད་ལུགས་གླེང་རྗེས། གསལ་འདེབས་ཀྱི་གཏམ་འདི་འདྲ་བརྗོད་དགོས་འདུག་སྟེ། གཅིག སྒྲུང་གཏམ་ཀུན་གྱི་བརྗོད་བྱ་ནི་འཆར་སྒོའི་མེ་སྟག་བསྐྱེད་དེ་བྱུང་བ་ན། འཆར་སྒོ་བསྐྱེད་པ་ནི་བློས་སློང་གི་རྨང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། གསར་རྩོམ་ལ་འཇུག་གྲབས་ཡོད་པ་རྣམས་ཀྱིས་རྟག་ཏུ་འཚོ་བར་བརྟག་པ་དང་། གཞན་གྱིས་གཏམ་གླེང་ལ་ཉན་པ། དཔེ་དེབ་བཀླགས་ཏེ་འཆར་སྒོའི་མེ་སྟག་བསྐྱེད་པར་འབད་ན་གྲུབ་འབྲས་མི་དམན་པ་རེ་འབྱུང་སྲིད། གཉིས། གཏམ་གླེང་སོགས་ལ་བརྟེན་ནས་འཆར་སྒོ་ག་འདྲ་བསྐྱེད་ཀྱང་། སྒྲུང་གཏམ་ཞིག་ལ་མཚོན་ན་ས་བོན་ཙམ་མམ། ཁ་ཕྱོགས་ཙམ་མམ། བྱུང་རིམ་ཕྲན་བུ་ཞིག་གམ། མི་སྣ་དམིགས་གསལ་ཞིག་གམ། ཡང་ན་གཏམ་རྒྱུད་ཙམ་ཞིག་ལས་ཅི་ཡང་མེད་པས།གསར་རྩོམ་གྱི་ལས་ལ་དངོས་གཞུག་དགོས་ན། དམིགས་ཡུལ་ཡོད་པའི་སྒོ་ནས་རྟོག་བཟོའི་ལས་ལ་འབད་དེ། མི་སྣ་དང་། བྱུང་རིམ་དང་། ཁོར་ཡུག་ཐད་ཀྱི་གནད་དོན་མང་པོ་ཞིག་ཐག་གིས་མི་གཅོད་ཐབས་མེད་ཡིན། གསུམ། སྒྲུང་གཏམ་ལ་རྟོག་བཟོ་གཙོ་བས། རྩོམ་པ་པོས་རང་གི་བསམ་ཚུལ་གློ་བུར་བ་རྣམས་གནད་དུ་བཟུང་ནས་རྟོག་བཟོ་འབད་པ་ལས་གཏམ་གླེང་སོགས་ཀྱིས་འཆར་སྒོ་བསྐྱེད་པ་ལ་མ་བསྒུགས་ན་བཟང་བར་འདོད་དོ།།

[1]ལྷག་པ་ཆོས་འཕེལ།  《རྩོམ་རིག་གི་རྩོམ་ལུས་རྣམ་བཞག》   མི་རིགས་དཔེ་སྐྲུན་ཁང་།  1997 ལོའི་ཟླ10པ།   ཤོག་ངོས123ན་གསལ།


རྩོམ་པ་པོ་བཀྲ་བྷའི་ངོ་སྤྲོད་མདོར་བསྡུས།

བཀྲ་བྷ། འབུམ་རམས་པ། སྤྱི་ལོ1963ལོར་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་དུ་སྐྱེས། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཀྲུང་གོ་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ། བོད་ཀྱི་དེང་རབས་རྩོམ་རིག་ཕྱོགས་ཀྱི་འབུམ་རམས་པའི་སློབ་སྟོན་དགེ་རྒན་ཡིན། བཀྲ་བྷས་སྔ་ཕྱིར་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོགས་སུ་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག  རིག་གཞུང་དཔྱད་རྩོམ་སོགས་བརྩམས་ཆོས་ཉིས་བརྒྱ་ཙམ་སྤེལ་མྱོང་བ་མ་ཟད། ད་དུང《སྒྲོལ་མ་ཉེར་གཅིག》དང《འཚུབ་མ་ཁེར་རྐྱང》《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》《བྱ་ལེན་མ》《རླུང》《བོན་གྱི་ལྷ་རབས་ལ་དཔྱད་པ》《ཁྲི་འདུས་སྲོང་གི་མགུར་གླུ་ལ་དཔྱད་པ》《རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་པ》《རྩོམ་པ་ལ་འཇུག་པའི་སྒོ》《གསར་འགྱུར་རྩོམ་པ་ལ་འཇུག་པའི་སྒོ》སོགས་སྒྲུང་གཏམ་དང་། རིག་གཞུང་ཆེད་དེབ། སློབ་དེབ་སོགས་པར་སྐྲུན་བྱས།བཀྲ་བྷའི་སྒྲུང་འབྲིང《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》ཞེས་པར་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི"ན་གཞོན་རྩོམ་རིག་བྱ་དགའ"ཐོབ་པ་དང་། སྒྲུང་འབྲིང《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང《ནས》ལ་སོ་སོར་སྐབས་གསུམ་པ་དང་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། སྒྲུང་འབྲིང་ཕྱོགས་བསྒྲིགས《འཚུབ་མ་ཁེར་རྐྱང》ལ་སྐབས་བཅུ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི“རྟ་མཆོག་བྱ་དགའ”བཅས་ཐོབ། རྩོམ་རིག་གསར་རྩོམ་དང་། རྩོམ་རིག་ཞིབ་འཇུག་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་པའི་རྐྱེན་གྱིས། སྤྱི་ལོ2013ལོར་པེ་ཅིང་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་པ་དང་། སྤྱི་ལོ2014ལོར་པའོ་ཀང་ཕུལ་བྱུང་དགེ་རྒན་ལས་ཁྱད་འཕགས་བྱ་དགའི་མིང་འདོན་བྱ་དགའ་ཐོབ་པ་ཡིན་ནོ།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།