ཀྲུང་གོ་བོད་ཀྱི་དྲ་བ།

ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་ཀྱིས། འགྲོ་བ་མིའི་དང་ག་གསར་པ་ཚིམས་པར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2025-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧོང་ཁྲང་ཞན(1910 — 1994)ཀྲུང་གོའི་སིལ་སྡོང་གི་ཆེད་མཁས་པ་ཡིན། ཁོང་གི་ཕ་ཡུལ་ཀོང་ཏུང་ཧྲན་ཐིའུ་ཡིན་པ་དང་། 1938ལོར་འཛམ་གླིང་སྟེང་ཐོག་དང་པོར་འཚར་ལོངས་སྐུལ་རྒྱུས་ཐག་གཅོད་པའི་ལག་རྩལ་སྤྱད་དེ་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་གསོ་སྤེལ་བགྱིས་པས། ཨ་རིའི་གསེར་གྱི་ལྡེ་མིག་བྱ་དགའ་ཐོབ།

གནའ་ནས་ད་ལྟའི་བར་དུ། རང་བྱུང་ཁམས་སུ་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་ཞིག་མེད་མོད། འོན་ཀྱང་དུས་རབས20པའི་སྐྱེ་དངོས་ལག་རྩལ་གྱིས་སིལ་ཏོག་རིགས་གསར་པ་འདི་གསར་སྐྲུན་བགྱིས་ཏེ། དེང་རབས་ཀྱི་སྐྱེ་བོ་རྣམས་ཀྱི་དང་ག་གསར་པ་ཚིམས་པར་བྱས།

1938ལོར། ཨ་རིར་རབ་འབྱམས་པའི་བསླབས་གནས་བརྩོན་སྦྱོང་བྱེད་བཞིན་པའི་ཀྲུང་གོ་པ་ཧོང་ཁྲང་ཞན་གྱིས་འཚར་ལོངས་སྐུལ་རྒྱུ་སྤྱད་དེ་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་ཐོག་དང་པོར་ལམ་དུ་ལྷོང་བའི་ངང་གསོ་སྤེལ་བྱས། སྐབས་ཐོག་དེར་ཨ་རིའི་ཚགས་པར་མང་པོའི་སྟེང་དུ་ཧོང་ཁྲང་ཞན་གྱི་བྱས་རྗེས་དང་འདྲ་པར་བཀོད་དེ།ཁོང་ཉིད་ནི"ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་ཀྱི་ཡབ"དང་། "ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་ཀྱི་མཁས་དབང"ཞེས་བསྔགས་བརྗོད་བྱས་ཤིང་། ཨ་རིའི་ཚན་རིག་ཡར་སྐུལ་ཚོགས་པས་ད་རུང་རྩི་ཤིང་སྐུལ་རྒྱུ་བཀོལ་སྤྱོད་བྱས་ཏེ་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་གསོ་སྤེལ་བྱས་པ་དེ་ལོ་དེའི་འཛམ་གླིང་གི་སྲོག་ལྡན་དངོས་པོའི་གྲུབ་འབྲས་ནང་གི་གཅིག་ཏུ་བཀོད་ཡོད་དོ། །

ཆུ་ཀུབ་ཡོད་དོ་ཅོག་གི་ཁྲོད་དུ། ཆུ་ཀུབ་ཀྱི་ཁོག་གི་ཁུ་བ་ནི་ཆེས་མང་བ་དང་།ཁུ་བའི་ཚད96.6%ལ་སླེབས་པའི་རྐྱེན་གྱིས། མི་རྣམས་ཟ་འདོད་ཆེ་བའི་དུས་ཚིགས་རང་བཞིན་གྱི་སིལ་ཏོག་ཅིིག་ཏུ་གྱུར་ཡོད། ཡིན་ན་ཡང་ཆུ་ཀུབ་ཞིམ་ཡང་འབྲུ་གུ་ཕྱིར་འཕེན་པར་སུན་སྣང་སྐྱེ་བས། དེ་ཡང་ངང་ལག་དང་འདྲ་བར་ཁོག་ན་འབྲུ་གུ་མེད་པ་བཟོ་ཐུབ་བམ། དེའི་ཕྱིར་མི་རྣམས་ཀྱིས་སྐྱེ་དངོས་ལག་རྩལ་བེད་སྤྱད་དེ་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་གསོ་སྤེལ་བྱེད་མགོ་བརྩམས།

1938ལོར། ཀྲུང་གོའི་ཧོང་ཁྲང་ཞན་གྱིས་འཚར་ལོངས་སྐུལ་རྒྱུ་སྤྱད་དེ་ཆུ་ཀུབ་ཀྱི་མོ་རིགས་མེ་ཏོག་བཅོས་ནས། ཐེངས་དང་པོར་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་གསོ་སྤེལ་བྱས་མོད། འོན་ཀྱང་ཆུ་ཀུབ་ཆུང་ཞིང་ཐོགས་ཚད་དམའ་སྟབས། ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་རིགས་དེ་ཐོན་སྐྱེད་དུ་བཀོལ་སྤྱོད་མ་བྱས། ལོ་དེར་ཉི་ཧོང་གི་སྐྱེ་དངོས་རིག་པ་བས་ཚོས་རྫས་མང་ལྡན་གྱི་ཆུ་ཀུབ་གསོ་སྤེལ་བྱས།1942ལོར། ཉི་ཧོང་གིས་ཐོག་དང་པོར་ཚོས་རྫས་གསུམ་ལྡན་གྱི་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་གསོ་སྤེལ་བྱེད་ཐུབ་པར་གྱུར།

1950ལོར།ཉི་ཧོང་གིས་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་སྣ་ཁ་དགུ་གསོ་སྤེལ་བྱས། ཕྱིས་སུ་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་རྒྱ་ཁྱོན་ཆེ་བར་འདེབས་པ་ཁྱབ་སྤེལ་བྱེད་ཐུབ་པ་བྱུང་བས།1957ལོར་སླེབས་ཚེ་ཉི་ཧོང་གིས་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་འདེབས་རྒྱ་ཧ་ལམ་སྨི་གྲུ་བཞི་མ་ས་ཡ1ལ་སླེབས་འདུག གནས་ཚུལ་དེ་དག་ལ་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་མཐོང་ཆེན་བྱས་ཏེ། ཧིན་རྡུ་དང་ཨ་རི། ཨི་ཐ་ལི། ཧང་གྷ་རི། རོམ་ཉི་ཡ། ཐེ་ལན་དི་ལ་སོགས་པའི་རྒྱལ་ཁབ་ཀྱི་ཚན་རིག་ལས་བྱེད་མཁན་གྱིས་སྔ་གཞུག་ཏུ་ཆུ་ཀུབ་ཚོས་རྫས་མང་ལྡན་གྱི་ཞིབ་འཇུག་བྱ་བ་དོན་དུ་གཉེར། ཀྲུང་གོ་ནས་དུས་རབས20པའི་ལོ་རབས50པ་ནས་ལོ་རབས60པའི་དུས་མགོའི་བར་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་ཚོད་ལྟས་འདེབས་གསོ་བྱེད་མགོ་བརྩམས། དེའི་ནང་ནས་ཧུའུ་ནན་ཞིང་ཆེན་གྱི་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་ཞང་ཀང་དང་ཨའོ་མོན་གྱི་ཚོང་རར་བཙོངས། ཕྱིས་སུ་ས་ཁུལ་གང་མང་ཞིག་གིས་ཀྱང་ཧུར་བརྩོན་སྒོས་ཁྱབ་སྤེལ་བྱས་ཐོག ས་ཆ་རང་རང་གི་ཁྱད་ཆོས་དང་མཐུན་པའི་སོན་བཟང་བདམས་གསོ་བྱས་པ་རེད།

སྤྱིར་བཏང་གི་སྐྱེ་དངོས་ཕྲ་ཕུང་གི་ཚོས་ལེན་རྫས་ཕྲ་ནི་དུས་ནམ་ཡིན་ཡང་ཆ་འགྲིག་ཉིས་འགྲིག་ཡིན་ཏེ། དཔེར་ན་མི་ལ་ཚོས་ལེན་རྫས་ཕྲ་ཆ23བསྡོམས་པས46 ཡོད་པ་རེད། ཚོས་ལེན་རྫས་ཕྲ་ཆ་རེའི་རིང་ཚད་འདྲ་མཉམ་ཡིན་པས། ཕར་བལྟས་ན་ཕྲུ་གུ་མཚེ་མ་ཞིག་དང་མཚུངས། དེ་འདྲའི་སྐྱེ་དངོས་ལ་ཚོས་རྫས་གཉིས་ལྡན་མ་ཟེར། དཔེར་ན་སྤྱིར་བཏང་གི་ཆུ་ཀུབ་དང་རི་དྭགས་སྤྲེའུ་སོགས་ནི་མི་དང་འདྲ་བའི་ཚོས་རྫས་གཉིས་ལྡན་མའི་ཁོངས་སུ་གཏོགས། ཤིང་ཏོག་ངང་ལག་ལ་སོགས་པའི་རང་བྱུང་གིས་ཁོག་ན་འབྲུ་གུ་མེད་པའི་ཤིང་ཏོག་ནི་དམིགས་བསལ་ཡིན་པས་ཚོས་རྫས་གསུམ་ལྡན་མའི་ཁོངས་སུ་གཏོགས། དེ་ཁོག་ན་ཚོས་ལེན་རྫས་ཕྲ་ནི"མཚེ་མ"མིན་པར་གསུམ་ཅན་ཡིན། "མཚེ་གསུམ་ཅན"དེ་དག་གི་ཕྲ་ཕུང་ཉུང་འགྱུར་གྱེས་འཕེལ་ལས་སྐྱེ་འཕེལ་ཕྲ་ཕུང་ཆགས་སྐབས། དེའི་ཚོས་ལེན་རྫས་ཕྲ་ནི་དུས་ནམ་ཡིན་ཡང་ཆ་འགྲིག་ཉིས་འགྲིག་གིས་འདྲ་མཉམ་དུ་བགོ་མི་ཐུབ་པར་མང་འགྲོ་བ་མིན་ན་ཉུང་འགྲོ་བ——དེ་འདྲའི་སྐྱེ་འཕེལ་ཕྲ་ཕུང་གིས་ཤིང་ཏོག་འཚར་སྐྱེ་དང་མགོ་ཚོས་པར་གོ་ཆོད་ན་ཡང་། ཟེའུ་འབྲུ་བླངས་ཤིང་འབྲུ་གུ་ཐོགས་ནས་ས་བོན་དུ་འགྱུར་མི་ཐུབ་པས། དཔེ་ཞིག་བཞག་ན་མི་ལ་ལ་ལུས་ཀྱི་ཁོ་ལག་ཡོངས་སུ་རྫོགས་ན་ཡང་ཕྲུ་གུ་མི་སྐྱེ་བ་དང་མཚུངས་པ་རེད།

ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་གསོ་སྤེལ་བྱེད་པའི་གནད་འགག་ནི། ཚོས་རྫས་གཉིས་ལྡན་མའི་ཆུ་ཀུབ་དེ་ཚོས་རྫས་གསུམ་ལྡན་མའི་ཆུ་ཀུབ་རུ་བསྒྱུར་བ་དེ་ཡིན།དེའི་ཐབས་ཤེས་གཙོ་བོ་ནི་འདི་ལྟ་སྟེ། ལྗང་བུའི་སྐབས་སུ་མིང་ལ་འཕྲུལ་མིག་ལྷ་མོའི་སྐུལ་རྒྱུ་ཞེས་པའི་རྫས་འགྱུར་གྱི་སྨན་རྫས་ངོ་མཚར་ཆེ་བ་ཞིག་ཡོད་པ་དེས་རྒྱུན་ལྡན་ཅན་གྱི་ཚོས་རྫས་གཉིས་ལྡན་མའི་ཁོག་ན་འབྲུ་གུ་ཡོད་པའི་ཆུ་ཀུབ་ལ་མིའི་ཐབས་ཀྱིས་བསླུས་འགྱུར་བྱས་ཏེ། དེའི་ཁོག་གི་ཚོས་ལེན་རྫས་ཕྲའི་གྲངས་ཀ་ལྡབ་འགྱུ ཧོང་ཁྲང་ཞན་ ར་ཡོང་བར་བྱས་ནས་ཚོས་རྫས་བཞི་ལྡན་མའི་ཆུ་ཀུབ་གསོ་སྤེལ་བྱེད་པ་དང་།དེའི་རྗེས་སུ་ཚོས་རྫས་བཞི་ལྡན་མའི་ཆུ་ཀུབ་ཀྱི་སྡོང་རྐང་མ་སྡོང་དུ་འཇོག་ཅིང་། དུས་རྒྱུན་གྱི་ཚོས་རྫས་བཞི་ལྡན་མའི་ཁོག་ན་འབྲུ་གུ་ཡོད་པའི་ཆུ་ཀུབ་དེ་ཕ་སྡོང་དུ་འཇོག་པ།དེར་མེ་ཏོག་བཀད་པའི་དུས་སུ་མིའི་ཐབས་ཀྱིས་ཟེའུ་འབྲུ་ཕོ་མོ་སྦྱོར་ཐབས་སྤྱད་དེ་རྒྱུད་འདྲེས་པར་བྱས་ན་ཚོས་རྫས་གསུམ་ལྡན་མའི་ཆུ་ཀུབ་ཀྱི་ས་བོན་ལོན་པ་རེད། དེའི་ཕྱི་ལོར་ཚོས་རྫས་གསུམ་ལྡན་མའི་ཆུ་ཀུབ་ཀྱི་ས་བོན་བཏབ་ནས་དེར་མེ་ཏོག་བཀད་པ་ལ་ཚོས་རྫས་གཉིས་ལྡན་མའི་ཁོག་ན་འབྲུ་གུ་ཡོད་པའི་ཆུ་ཀུབ་ཀྱི་མེ་ཏོག་གིས་ཟེའུ་འབྲུ་ཕོ་མོ་སྡེབ་སྦྱོར་བྱས་ན།ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་ཐོགས་པ་རེད།ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་ཀྱི་ཕྲ་ཕུང་གི་ཚོས་ལེན་རྫས་ཕྲ་ནི་ཆ33 ཡིན་སྟབས། དེ་སྐྱེ་འཕེལ་གྱི་བརྒྱུད་རིམ་ཁྲོད་དུ་ཆ་མཉམ་གྱིས་ཆ་སྒྲིག་མི་ཐུབ་པ་ཆགས་པས་ང་ཚོས་རྒྱུན་ལྡན་དུ་མཐོང་བའི་དཀར་ཞིང་སྙི་བའི་འབྲུ་གུ་ཁོག་སྟོང་སྲ་ཆགས་མེད་པ་དེ་མ་གཏོགས་མེད། དེ་གསལ་པོར་བཤད་ན་ཟེའུ་འབྲུའི་སྙིང་པོ་ས་བོན་དུ་འགྱུར་བར་འཚར་སྐྱེ་བྱེད་མ་ཐུབ་ཀྱང་ཤིང་ཏོག་རྒྱུན་ལྡན་ངང་ནས་འཚར་སྐྱེ་བྱས་ཏེ་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་ཐོགས་པ་རེད།

ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་ལ་ས་བོན་མེད་པའི་རྐྱེན་གྱིས་རྗེས་རབས་རྒྱུད་སྤེལ་བྱེད་མི་ཐུབ། དེའི་ཕྱིར་ངེས་པར་དུ་ལོ་རེར་འདེབས་གསོའི་ཐབས་ཤེས་བཀོལ་སྤྱོད་བྱེད་དགོས་པས་མ་གནས་རང་ཤུགས་ཀྱིས་ཅུང་ཟད་མཐོ་བ་རེད།   རྒྱུ་མཚན་དེའི་དབང་གིས་ཁོག་ན་འབྲུ་གུ་མེད་པའི་ཆུ་ཀུབ་ཀྱི་རིན་གོང་ཡང་སྤྱིར་བཏང་གི་ཆུ་ཀུབ་ལས་ཅུང་ཙམ་མཐོ་བ་ནི་གནས་ལུགས་དང་མཐུན་པ་ཡིན་ནོ། །   

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།