ཀྲུང་གོ་བོད་ཀྱི་དྲ་བ།

སྐམ་ས་ཆེན་པོ་འཕྱོ་བསྐྱོད་སྨྲ་བའི་སྐོར་གྱི་གཞུང་ལུགས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2025-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཝེ་ཀི་ནཱ ( 1880 —1930) འཇར་མན་གྱི་གནམ་གཤིས་རིག་པ་བ་དང་སའི་གོ་ལའི་དངོས་ཁམས་རིག་པ་བ་ཡིན་ལ། ཁོང་གིས“སྐམ་ས་ཆེན་པོ་འཕྱོ་བསྐྱོད་སྐོར་གྱི་གཞུང་ལུགས”གསར་གཏོད་མཛད་ཅིང་། ཕྱིས་སུ་དེ་ས་གཞི་བྲག་ལེབ་ཀྱིས་གྲུབ་པའི་གཞུང་ལུགས་སུ་གྱུར།

ལྷོ་སྣེ་གླིང་ལ་མི་རྣམས་ཀྱིས་སྐམ་ས་ཆེན་པོ་ཨང་བདུན་པ་ཟེར་གྱིན་ཡོད་ཅིང་། ཡུལ་གྲུ་དེར་ཁ་བའི་གོས་ཀྱིས་ཡོངས་སུ་གཡོགས་པས་མིག་ལམ་དུ་མངོན་པ་ནི་གངས་འཁྱགས་དང་རྒྱ་མཚོ་འབའ་ཞིག་ཡིན། དུས་ད་ལྟའི་ལྷོ་སྣེའི་འཁྱགས་ཁེབས་ལ་ལོ་ངོ་བྱེ་བ2རིང་གི་ལོ་རྒྱུས་ཡོད།

1915ལོར། འཇར་མན་གྱི་ཚན་རིག་པ་ཝེ་ཀི་ནཱས《རྒྱ་མཚོ་དང་སྐམ་སའི་ཆགས་རབས》ཞེས་པའི་བདག་ཉིད་ཅན་བརྩམས་ཏེ། སྐམ་ས་ཆེན་པོ་ནི་དང་ཐོག་ཕན་ཚུན་སྦྲེལ་འདུག་པ་ཞིག་ཡིན་ཞིང་། ཕྱིས་སུ་རྒྱུ་རྐྱེན་དུ་མའི་དབང་གིས་སོ་སོར་གྱེས་པའི་བཞེད་དགོངས་བཏོན། ཁོང་གི“སྐམ་ས་ཆེན་པོ་འཕྱོ་བསྐྱོད་སྐོར་གྱི་གཞུང་ལུགས”ཀྱིས་དེའི་རྗེས་ཕྱོགས་ཀྱི་མཚོ་གཏིང་རྒྱ་སྐྱེད་སྐོར་གྱི་གཞུང་ལུགས་དང་ས་གཞི་བྲག་ལེབ་ལས་གྲུབ་པའི་སྐོར་གྱི་གཞུང་ལུགས་སོགས་ལ་ཞིབ་དཔྱད་ཀྱི་ལམ་བུ་གསར་གཏོད་བགྱིས་པར་མ་ཟད། འགྲོ་བ་མིས་རང་ཅག་འཚོ་གནས་བྱེད་ཡུལ་སའི་གོ་ལར་ངོས་འཛིན་བྱེད་པར་ཡང་གསེར་གྱི་ལྡེ་མིག་ཅིག་རྙེད་ཡོད་དོ། །

སྐམ་ས་ཆེན་པོ་འཕྱོ་བསྐྱོད་སྐོར་གྱི་གཞུང་ལུགས་ནི་ས་ཤིན་འགུལ་སྐྱོད་དང་། གླིང་ཆེན་དང་རྒྱ་མཚོ་ཆེན་པོའི་ཁྱབ་སྟངས་ལ་འགྲེལ་བཤད་རྒྱག་པའི་བརྟག་པ་མཐའ་བཟུང་ཞིག་ཡིན་ཞིང་། གཞུང་ལུགས་དེ་ཐོག་མར་འདོན་མཁན་ཝེ་ཀི་ནཱས་ཁོང་ཉིད་འཚོ་བཞུགས་བྱེད་པའི་སྐབས་སུ་སྐྱེ་བོ་རྣམས་ལ་ཁོང་གི་བཞེད་པ་དེ་ཁས་ལེན་དུ་འཇུག་མ་ཐུབ་ན་ཡང་། ད་ནི་འཛམ་གླིང་ཡོངས་ཀྱི་སྐྱེ་བོ་ཀུན་གྱིས་ཁོང་ནི་སུ་ཡིན་པ་ཤེས་ཡོད།

1910ལོའི་ཉིན་ཞིག་ལ། དགུང་ལོ30ཡིན་པའི་ཝེ་ཀི་ནཱ་ནད་ཁྲིའི་སྟེང་དུ་ལོག་ནས་སྡོད་སྐབས་མིག་གིས་ལྟ་ཕྱོགས་ཤིག་གིས་རྩིག་ངོས་སུ་ཡོད་པའི་འཛམ་གླིང་གི་ས་ཁྲ་ཞིག་མཐོང་བ་སྟེ།  ས་ཁྲའི་སྟེང་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་ཤར་འགྲམ་དང་ནུབ་འགྲམ་གཉིས་ཀའི་རགས་དབྱིབས་ནི་དེ་འདྲའི་ཁ་འཕྲོད་པོ་ཞིག་ཡིན་པ་སྤྱི་དང་། ཁྱད་པར་བྷ་རེ་ཟེའི་ཤར་སྣེའི་དྲང་ཟུར་འབུར་ཡོད་པ་དེ་གླིང་ཆེན་ཨ་ཧྥེ་རི་ཁའི་ནུབ་འགྲམ་དུ་དྲང་ཟུར་ཀོང་ཀོང་གི་ཚུལ་དུ་ཆགས་པའི་ཀི་ན་ཡའི་ཁུགས་པ་དང་ཧ་ཅང་ཁ་འཕྲོད་པོ་ཡིན་པ་ལ་མ་བསམ་ས་ནས་མཉམ་པར་བཞག་སོང་།

ཐེངས་དེར་སྟེས་དབང་གིས་མཐོང་བ་དེས་ཝེ་ཀི་ནཱ་ལ་གློ་བུར་དུ་དབང་བསྐུར་བ་ནང་བཞིན་བློ་རིག་སད་པ་སྟེ། སྔོན་ཆད་མི་རྣམས་ཀྱིས་སྐམ་ས་ཆེན་པོ་ནི་ཐོག་མ་ཉིད་ནས་ད་ལྟའི་ཆགས་དབྱིབས་འདི་འདྲ་བ་ཡིན་ལ། ལེབ་མོ་དུ་མར་བྱས་ཏེ་གནས་ཡོད་པར་སྙམ་མོད། འོན་ཀྱང་དོན་དངོས་སུ་མི་ལོ་དུང་ཕྱུར་འགའི་ཡར་སྔོན་དུ་གླིང་ཆེན་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོ་དང་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་སྐམ་ས་ཆེན་པོ་ནི་འདྲེས་ནས་བསྡད་ཡོད་ཤས་ཆེ་སྙམ།

1912ལོར། ཝེ་ཀི་ནཱས་རྩོམ་ཡིག་སྤེལ་ནས་སྐམ་ས་ཆེན་པོ་ནི་དེ་སྔར་ཕན་ཚུན་སྦྲེལ་ཡོད་པ་དང་འཕྱོ་བསྐྱོད་བྱེད་པའི་སྐོར་གྱི་བཞེད་དགོངས་བཏོན། 1915ལོར《རྒྱ་མཚོ་དང་སྐམ་སའི་ཆགས་རབས》ཞེས་པའི་བདག་ཉིད་ཅན་བརྩམས་ཏེ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐམ་ས་ཆེན་པོ་འཕྱོ་བསྐྱོད་བྱེད་པའི་སྐོར་གྱི་གནད་དོན་རྒྱས་བཤད་བྱས། ཁོང་གི་བཞེད་དགོངས་ལྟར་ན། མི་ལོ་དུང་ཕྱུར་གཉིས་ནས་གསུམ་གྱི་ཡར་སྔོན་གྱི་གནའ་བོའི་སྐྱེ་དངོས་ཀྱི་དུས་རབས་ཀྱི་དུས་མཇུག་ཏུ། སའི་གོ་ལའི་སྟེང་གི་དེང་སང་གི་སྐམ་ས་ཆེན་པོ་ནི་དང་ཐོག་ཕན་ཚུན་སྦྲེལ་ནས་འདུག་པའི་སྐམ་ས་ཧྲིལ་པོ་ཞིག་ཡིན་པ་སྟེ། ཝེ་ཀི་ནཱས་དེ་ལ་མཉམ་སྦྲེལ་གྱི་གནའ་བོའི་སྐམ་ས་དང་ཡང་ན་དམིགས་བྱ་དངོས་མེད་པའི་གནའ་བོའི་སྐམ་ས་ཟེར་གྱིན་ཡོད།

ཝེ་ཀི་ནཱས་གསུངས་དོན། གལ་ཏེ་ཚགས་པར་པར་ངོས་གཅིག་གཤགས་ཏེ་གཤགས་མཐའ་ཆ་མི་མཉམ་པའི་གཤགས་མཚམས་ནས་ཡང་བསྐྱར་མཐུད་སྦྱོར་བྱེད་ཐུབ་པར་མ་ཟད། དེའི་སྟེང་དུ་དཔར་འདུག་པའི་ཡི་གེའང་གཤགས་མཚམས་ནས་ཡང་བསྐྱར་མཐུད་སྦྱོར་བྱེད་ཐུབ་པས་ན། མཐུད་སྦྱོར་བྱས་པའི་ཚགས་པར་དེ་ནི་དང་ཐོག་ཚགས་པར་པར་ངོས་གཅིག་ནས་གཤགས་པ་ཡིན་པ་ཁས་མི་ལེན་ཀ་མེད་ཡིན།

ཡིན་ནའང་སུ་ཞིག་གིས་སའི་གོ་ལའི“ཚགས་པར”ཆེན་པོ་འདི་གཤགས་པ་རེད་དམ། དེར་ཝེ་ཀི་ནཱས་བདེན་དཔང་གང་མང་འཚོལ་སྡུད་བྱས་མོད། འོན་ཀྱང་སྐམ་ས་ཆེན་པོ་འཕྱོ་བསྐྱོད་ཀྱི་བྱེད་སྟངས་དང་སྒུལ་ཤུགས་ལ་འགྲེལ་བཤད་བརྒྱབ་པ་དེས་རང་ཁུངས་རང་སྐྱེལ་བྱེད་མི་ཐུབ་པས། མི་རྣམས་ཁོང་ཉིད་ལ་ཡིད་མ་ཆེས་པ་རེད། གནའ་རྫས་རྟོག་ཞིབ་པ་ཞིག་གིས་ཐ་ན་ད་རུང་ཁོང་ལ“ས་ཤུན་འཕྱོ་བསྐྱོད་ཀྱི་ནད་དང་སའི་གོ་ལའི་སྣེ་གཉིས་མགོ་མཇུག་ལོག་པའི་རེ་སྟོང་གི་ནད”ཕོག་འདུག་ཅེས་འཕྱ་སྨོད་བྱས་མྱོང་།

1930ལོར། ཝེ་ཀི་ནཱས་སྐམ་ས་ཆེན་པོ་འཕྱོ་བསྐྱོད་སྐོར་གྱི་གཞུང་ལུགས་ལ་བདེན་དཔང་འཚོལ་ཆེད། ཐེངས་བཞི་པར་གླིང་ཕྲན་ཀི་ལིན་ལན་དུ་མྱུལ་དཔྱད་དང་རྟོག་ཞིབ་བྱེད་དུ་སོང་།   དགུང་ལོ50ཡི་སྐྱེས་སྐར་གྱི་ཉིན་མོ་དེར། ཝེ་ཀི་ནཱས་ཁ་བ་བུ་ཡུག་འཚུབ་པར་མ་འཛེམས་པར་དཀའ་སྡུག་གི་ངང་ནས་མྱུལ་དཔྱད་དང་རྟོག་ཞིབ་བྱེད་པའི་ལམ་དུ་ཐང་ལ་འགྱེལ་ནས་ཡང་བསྐྱར་ཡར་ལངས་རྒྱུ་མེད་པར་གྱུར།

དེའི་རྗེས་སུ་སྐམ་ས་ཆེན་པོ་འཕྱོ་བསྐྱོད་སྐོར་གྱི་གཞུང་ལུགས་ཡུན་རིང་དུ་གྲགས་རྒྱུ་གོ་རྒྱུ་མེད་པར་གྱུར། དུས་རབས20པའི་ལོ་རབས60པའི་རྗེས་སུ། ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་ས་གཤིས་རྟོག་ཞིབ་མང་པོས་གཞུང་ལུགས་དེ་ཡང་དག་ཡིན་པ་བདེན་དཔང་བྱས། 1970ལོའི་ཚུན་དུ། “ས་གཞི་བྲག་ལེབ་ལས་གྲུབ་པའི་གཞུང་ལུགས”ལེགས་ཚུགས་བྱུང་བ་དང་ཆབས་ཅིག་ཏུ།  དུས་རབས20པའི་སའི་གོ་ལའི་སྐོར་གྱི་ཚན་རིག་གི་གྲུབ་ཆ་གཙོ་བོར་གྱུར། གཞུང་ལུགས་དེའི་བཞེད་དགོངས་ལྟར་ན། སའི་གོ་ལ་ནི་བྲག་ལེབ་ཆེན་པོ་དྲུག་སྟེ། ཞི་བདེ་རྒྱ་མཚོ་ཆེན་པོའི་བྲག་ལེབ་དང་ཧིན་རྡུ་རྒྱ་མཚོ་ཆེན་པོའི་བྲག་ལེབ། ཨ་ཤེ་ཡ་ཡོ་རོབ་ཀྱི་བྲག་ལེབ། གླིང་ཆེན་ཨ་ཧྥེ་རི་ཁའི་བྲག་ལེབ། གླིང་ཆེན་ཨ་མེ་རི་ཁའི་བྲག་ལེབ། ལྷོ་སྣེ་བྲག་ལེབ་བཅས་ཀྱིས་གྲུབ་པ་ལས་གཞན། བྲག་ལེབ་དང་བྲག་ལེབ་ཀྱི་བར་དུ་ད་རུང་ལོ་རེར་མྱུར་ཚད་དལ་བའི་ངང་ནས་འཕྱོ་བསྐྱོད་བྱེད་ཀྱིན་འདུག་སྙམ། གཞུང་ལུགས་དེ་མགྱོགས་ཤིང་མྱུར་བའི་སྒོ་ནས་འཛམ་གླིང་ཡོངས་སུ་ཁྱབ།

སྐམ་ས་ཆེན་པོ་འཕྱོ་བསྐྱོད་སྐོར་གྱི་གཞུང་ལུགས་དེ་ད་ལྟའི་བར་དུ་གནའ་བོའི་སྐྱེ་དངོས་དང་གནའ་བོའི་གནམ་གཤིས། ས་གཤིས་ཆགས་ཚུལ། ས་དབྱིབས་ལ་སོགས་པའི་ཁྱབ་ཁོངས་ཡངས་ཤིང་ཆེ་བའི་ནང་གི་དོགས་གཞི་གང་མང་མང་ཞིག་ལ་ལན་འདེབས་པའི་གཞུང་ལུགས་ཤིག་ཡིན་པའི་ཆ་ནས། ཝེ་ཀི་ནཱས་མི་ཚེ་གང་བོར་བདེན་དོན་འཚོལ་བ་དང་དོན་དངོས་ལ་གཙིགས་ཆེན།དཔའ་ངར་ཞུམ་མེད་ངང་ཞིབ་དཔྱད། རང་སྲོག་བློས་གཏོང་ཕོད་པའི་ཚན་རིག་གི་སྙིང་སྟོབས་བཅས་འཇིག་རྟེན་སྐྱེ་བོ་ཀུན་གྱིས་དུས་གཏན་དུ་ཡིད་ནས་མི་བརྗེད་པ་ཡིན་ནོ། །    

(སྒྲོ་དཔལ་ཆེན་རྒྱལ་གྱིས་བསྒྱུར།)

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།