ཀྲུང་གོ་བོད་ཀྱི་དྲ་བ།

གེགས་མེད་འདྲེན་གཟུགས་ཀྱི་སྣང་ཚུལ། གློ་བུར་དུ་ཡལ་བའི་གློག་གེགས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2025-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧོ་ལན་གྱི་དངོས་ཁམས་རིག་པ་བ་ཁཱ་མོ་ལིན·ཨང་ནེ་སི (1853—1926) ནི་རིམ་འདས་གློག་འདྲེན་གྱི་སྣང་ཚུལ་གསར་རྙེད་བྱེད་མཁན་ཡིན་ལ། དྲོད་ཚད་དམའ་མོའི་དངོས་ཁམས་རིག་པའི་རྨང་གཞི་འདིང་མཁན་ཡང་ཡིན།

རིམ་འདས་གློག་འདྲེན་གྱི་རྒྱུ་ཆ་སོལ།

གློག་གི་རླུང་འཁོར་བསྐོར་ཏེ་ཆུ་ཚོད་རིང་ཙམ་འགོར་ཚེ་རྒྱུན་པར་གློག་ཁུངས་ཀྱི་སྐུད་པ་ངར་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། མ་གཞིར་དེ་ནི་གློག་གེགས་ཀྱིས་འགོག་རྐྱེན་བཟོས་པའི་སྟབས་ཡིན་ལ། དེ་ཡང་གློག་རྒྱུན་གློག་སྐུད་ནང་དུ་རྒྱུག་སྐབས། གློག་གེགས་མེད་པར་བཏང་ན་གློག་ནུས་ཟད་པའི་རྐྱེན་གྱིས་རེད། གློག་འདོན་བཟོ་གྲྭས་བཏོན་པའི་གློག་དེ་གློག་ཐག་བརྒྱུད་དེ་ས་གནས་ཁག་ཏུ་སྐྱེལ་ཚེ། གློག་ནུས་གློག་སྐྱེལ་སྐུད་ལམ་རིང་མོའི་སྟེང་དུ་གྱོང་གུན་དུ་འགྲོ་ཚད་དེ་བས་ཀྱང་མང་བ་རེད། དེས་ན་གློག་སྐྱེལ་སྐུད་ལམ་སྟེང་དུ་གློག་གེགས་མེད་པར་གཏོང་བའི་ཐབས་ཤིག་ཡོད་དམ།

དྲོད་ཚད་དམའ་མོ་ངེས་ཅན་ཞིག་གི་འོག་ཏུ། གློག་གེགས་ལ་འགྱུར་ལྡོག་འབྱུང་བ་ཡིན་ནམ་ཞེ་ན། 1908ལོར། ཧོ་ལན་ལའེ་ཏུན་སློབ་ཆེན་གྱི་དངོས་བརྟག་ཁང་གི་གཙོ་འགན་ཨང་ནེ་སིས་ཞིབ་འཇུག་གི་ལས་གཞི་ཡོད་ཚད་དྲོད་ཚད་དམའ་མོའི་ཕྱོགས་སུ་བཞག་པས། སྐབས་ཐོག་དེའི་ཚན་རིག་པ་སྐད་གྲགས་ཅན་གང་མང་ཞིག་གིས་དེའི་ཧ་གོ་དཀའ་བ་བྱུང་། ཁོ་ཚོས་བལྟས་ན་དྲོད་ཚད་དམའ་མོ་གང་འདྲ་ཞིག་གི་འོག་ཏུའང་ཡ་མཚན་ཅན་གྱི་དོན་དག་ཅིག་འབྱུང་མི་སྲིད་པ་རེད་སྙམ་འདུག

ཡིན་ན་ཡང་ཨང་ནེ་སིས་བློ་བརྟན་འགྱུར་མེད་ཀྱི་ངང་ནས་སྔར་བཞིན་དུ་སྤོབས་པ་ཆེན་པོས་ཞིབ་འཇུག་དོན་དུ་གཉེར། 1911ལོའི་ཟླ4པའི་ཉིན་ཞིག་ལ། ཨང་ནེ་སིས་བློ་རྩེ་གཅིག་སྒྲིམ་གྱིས་དྲོད་ཚད་དམའ་བའི་འོག་དངུལ་ཆུའི་གཤིས་ནུས་ལ་ཞིབ་འཇུག་བྱེད་བཞིན་མཆིས། ཁོང་གིས་ཐོག་མར་གཤེར་གཟུགས་དངུལ་ཆུ་འཁྱགས་ནས་དྲོད་ཚད–40℃ཚད་དུ་བབས་སྐབས།  གཤེར་གཟུགས་དངུལ་ཆུ་དེ་མྱུར་མོར་དཀག་ནས་དངུལ་ཆུའི་སྐུད་པ་ཞིག་ཏུ་ཆགས་པས། ཁོང་གིས་དངུལ་ཆུའི་སྐུད་པ་ལ་གློག་རྒྱུན་བཏང་ནས་མུ་མཐུད་དུ་དེའི་དྲོད་ཚད་མར་འབབ་ཏུ་བཅུག

དྲོད་ཚད་མར་བབས་ཏེ–268.98℃ཡི་ཚད་དུ་བབས་སྐབས། གནས་ཚུལ་ངོ་མཚར་ཅན་ཞིག་བྱུང་བ་སྟེ། དངུལ་ཆུའི་གློག་གེགས་གློ་བུར་དུ་ཡལ་སོང—གློག་གེགས་ནི0ཡིན་པ་རེད། སྐབས་དེར་གློག་རྒྱུན་ནི་དངུལ་ཆུའི་སྐུད་ལམ་ནས་ཐོགས་མེད་དུ་རྒྱུག་གིན་ཡོད། ཨང་ནེ་སིས་བལྟས་ན་དེ་ནི་དངུལ་ཆུ་སྐབས་དེར་གློག་གེགས་ཚད0གི་ཚད་དུ་གནས་པའི་ཁྱད་རྟགས་ཀྱི་དངོས་པོའི་རྣམ་པ་གསར་པ་ཞིག་ཡིན་པས། ཁོང་གིས་དེ་ལ“རིམ་འདས་གློག་འདྲེན་གྱི་རྣམ་པ”ཟེར་གྱིན་ཡོད།

ཕྱིས་སུ་ཨང་ནེ་སིས་ལྕགས་རིགས་དང་བསྲེས་ལྕགས་གང་མང་ཞིག་ལ་ཡང་དངུལ་ཆུ་དང་རིགས་འདྲ་བའི་དྲོད་ཚད་དམའ་མོའི་འོག་ཏུ། གློག་གེགས་ཡལ་བའི་དམིགས་བསལ་གྱི་རང་བཞིན་ལྡན་པ་གསལ་རྟོགས་བྱུང་བས། ཁོང་གིས1911ལོའི་ཟླ12པའི་ཚེས28ཉིན་གསར་རྙེད་དེ་ཁྱབ་བསྒྲགས་བྱས་ཐོག གློག་གེགས0ཡིན་པའི་སྣང་ཚུལ་དེ་ལ་རིམ་འདས་གློག་འདྲེན་གྱི་སྣང་ཚུལ་ཟེར་ཞིང་།  རིམ་འདས་གློག་འདྲེན་གྱི་ཚུལ་དུ་གནས་པའི་འདྲེན་གཟུགས་ལ་རིམ་འདས་གཟུགས་ཟེར་གྱིན་ཡོད། གསར་རྙེད་དེའི་སྟེང་ནས་ཨང་ནེ་སི་ལ1913ལོའི་དངོས་ཁམས་རིག་པའི་ནོ་པེར་བྱ་དགའ་ཐོབ། བྱ་དགའ་ལེན་པའི་སྐབས་ཀྱི་གསུང་བཤད་ནང་དུ། ཁོང་གིས་དྲོད་ཚད་དམའ་མོའི་འོག་ལྕགས་རིགས་ཀྱི་གློག་གེགས་ཡལ་བ་དེ་ནི“རིམ་པ་ལྟར་དུ་མིན་པར་གློ་བུར་དུ་ཡལ་བ་རེད”ཅེས་གསུངས།

ཨང་ནེ་སིའི་གསར་རྙེད་དེས་ཚན་རིག་པ་སྔར་བས་མང་པོ་ཞིག་འཚོལ་ཞིབ་གཏིང་ཟབ་ཏུ་བྱེད་པར་བཀུག 1933ལོར་འཇར་མན་གྱི་དངོས་ཁམས་རིག་པ་བ་མའེ་སི་ནཱ་དང་ཨོ་སིན་ཧྥེ་ཨར་ཏི་གཉིས་ཀས་ཐུན་མོང་དུ་སྡུད་ཁྱམས་ཆུང་ཆུང་གི་ནང་དུ་ལྕགས་རིགས་འཁྱགས་སུ་བཅུག་ནས་གློག་གེགས་མེད་པའི་རྣམ་པ་ཆགས་སུ་བཅུག་ཚེ། དེའི་ཁོག་གི་སྡུད་ཁྱམས་ཕྱིར་འབུད་བཏང་བ་ཡིན་སྟབས།དེའི་སྟེང་དུ་སྡུད་ཚོར་ཐེབས་པའི་དྲག་ཚད་ནི0ཡིན་པའི་མཐའ་འབྲས་མངོན། སྣང་ཚུལ་དེར“མའེ་སི་ནེའི་ཕན་ནུས”ཟེར་ལ། “སྡུད་ཤུགས་རྩ་བ་ནས་འགོག་པའི་རང་བཞིན”ཡང་ཟེར། གསར་རྙེད་དེ་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་སྟེ། དེའི་རྗེས་སུ་མི་རྣམས་ཀྱིས་མའེ་སི་ནཱའི་ཕན་ནུས་སྤྱད་ནས་དངོས་པོ་ཞིག་ལ་གློག་གེགས་མེད་པའི་རང་བཞིན་ལྡན་མིན་གྱི་དབྱེ་བ་བཀར་བ་རེད།

སྡུད་ཁྱམས་ཀྱི་ཤུགས་དྲག་ཚད་ཚད་ངེས་ཅན་ཞིག་ལ་སླེབས་ཚེ་རིམ་འདས་གློག་འདྲེན་ལ་གཏོར་བཤིག་ཐེབས་ངེས་ཡིན། དེས་མི་ཚད་ད་རུང་རིམ་འདས་གློག་འདྲེན་གཟུགས་ཀྱི་སྡུད་འགོག་རང་བཞིན་བེད་སྤྱད་དེ་སྡུད་ཀྱིས་གཡེང་བར་བྱེད་པ་མངོན་འགྱུར་བྱེད་ཐུབ་པ་སྟེ། སྡུད་ཅིག་རིམ་འདས་གློག་འདྲེན་སྡེར་མའི་སྟེང་དུ་བཞག་ན། རིམ་འདས་གློག་འདྲེན་སྡེར་མས་སྡུད་ཤུགས་ཐེབས་པའི་སྐུད་པ་ནུས་མེད་དུ་གཏོང་བ་ཡིན། སྐབས་དེར་རིམ་འདས་གློག་འདྲེན་སྡེར་མ་དང་སྡུད་ཀྱི་བར་དུ་འབུད་ཤུགས་ཆགས་པས། མཐའ་འབྲས་སུ་སྡུད་དེ་རིམ་འདས་གློག་འདྲེན་སྡེར་མའི་ཀླད་དུ་གཡེང་ནས་འདུག་པ་རེད། རིམ་འདས་གློག་འདྲེན་གཡེང་བ་དེ་རིགས་བཟོ་སྐྲུན་ལག་རྩལ་གྱི་ཁྲོད་དུ་བེད་སྤྱོད་རྒྱ་ཆེན་པོ་བྱེད་ཐུབ་ཅིང་། རིམ་འདས་གློག་འདྲེན་གྱི་སྡུད་གཡེང་རྒྱུག་འགྲུལ་འཁོར་ནི་དེའི་དཔེ་འཇོག་ས་ཞིག་ཡིན་ཏེ། འགྲུལ་འཁོར་གཡེང་བར་བྱས་ཏེ་ལམ་ལྕགས་དང་མི་ཐུག་པ་བཟོ་ངེས། དེ་ལྟར་བགྱིས་ཚེ་འགྲུལ་འཁོར་རྒྱུག་པའི་དུས་སུ་ཕལ་ཆེར་རྡར་ཤུགས་མེད་པར་འགྱུར། 1979ལོར། འཇར་པན་གྱི་རྒྱལ་ཁབ་ལྕགས་ལམ་སྤྱི་གཉེར་ཁང་གིས་རིམ་འདས་གློག་འདྲེན་གྱི་སྡུད་གཡེང་རྒྱུག་དངོས་བརྟག་འགྲིལ་འཁོར་དངོས་སུ་བཀོལ་སྤྱོད་བྱེད་འགོ་ཚུགས་ཏེ། ཆུ་ཚོད་གཅིག་རེའི་མགྱོགས་ཚད་སྟོང་སྨི504ལ་སླེབས།

1911ལོར་ཨང་ནེ་སིས་རིམ་འདས་གློག་འདྲེན་གྱི་སྣང་ཚུལ་གསལ་རྟོགས་བྱུང་བས། མི་རྣམས་ལ་དྲོད་ཚད་དམའ་ཤོས་ཀྱི་འོག་ཏུ་ལྕགས་རིགས་རྒྱུ་ཆའི་གློག་འདྲེན་རང་བཞིན་ལ་ཤེས་རྟོགས་གསར་པ་གསར་རྐྱང་ཞིག་ཡོད་དུ་བཅུག དེའི་རྗེས་སུ་མི་རྣམས་ཀྱིས་རིམ་འདས་གློག་འདྲེན་གྱི་སྣང་ཚུལ་ལ་འཚོལ་ཞིབ་བགྱིད་པ་ཐོག་མཐའ་བར་གསུམ་དུ་མཚམས་མ་བཞག་པ་སྟེ། 1911ལོ་ནས1957ལོའི་བར་དུ།“BCS གཞུང་ལུགས”བུད་ཅིང་།  དེ་ནི་རིམ་འདས་གློག་འདྲེན་འདྲེན་གཤིས་ཀྱི་རྐྱེན་རྩ་ལ་འཚོལ་ཞིབ་བྱེད་པའི་དུས་རིམ་ཡིན། 1958ལོ་ནས1985ལོའི་བར་ནི། འགྲོ་བ་མིས་རིམ་འདས་གློག་འདྲེན་གྱི་ལག་རྩལ་ཉེར་སྤྱོད་ལ་གྲ་སྒྲིག་བྱེད་པའི་དུས་རིམ་ཡིན། 1986ལོ་ནས་བཟུང་། དྲོད་ཚད་མཐོ་བའི་རིམ་འདས་གློག་འདྲེན་གྱི་རྒྱུ་ཆ་གསར་རྙེད་བྱུང་བའི་དབང་གིས། འགྲོ་བ་མིས་རིམ་འདས་གློག་འདྲེན་གྱི་ལག་རྩལ་གསར་སྤེལ་བྱེད་པའི་དུས་རིམ་དུ་གོམ་ཁ་བསྒྱུར་བ་ཡིན་ལ། ཨང་ནེ་སི་ཁོང་ཉིད་མིང་དོན་མཚུངས་པའི“སྲོལ་གཏོད་མེས་པོ”རུ་གྱུར་པ་རེད།

དེང་འདིར། རིམ་འདས་གློག་འདྲེན་ལག་རྩལ་དེ་གློག་ནུས་སྐྱེལ་གཏོང་དང་། གློག་སྒུལ་འཕྲུལ་འཁོར་བཟོ་སྐྲུན། སྡུད་རྒྱུན་གཟུགས་ཀྱིས་གློག་འདོན་པ། རིམ་འདས་གློག་འདྲེན་གྱི་གློག་འདྲེན་སྒྲིལ་སྐུད་ཀྱིས་ནུས་པ་གསོག་ཉར་བྱེད་པའི་ལག་རྩལ། རིམ་འདས་གློག་འདྲེན་གྱི་སྡུད་གཡེང་རྒྱུག་འགྲུལ་འཁོར། རིམ་འདས་གློག་འདྲེན་གྱི་གློག་རྡུལ་རྩིས་འཕྲུལ། རིམ་འདས་གློག་འདྲེན་གློག་རྡུལ་འཕྲུལ་ཆས་ཀྱི་ལྷུ་ལག རིམ་འདས་གློག་འདྲེན་སྡུད་གཟུགས། སའི་གོ་ལའི་དངོས་ཁམས་གཏེར་འཚོལ། ས་འགུལ་འཚོལ་ཞིབ་ཐིག་ལེན། སྐྱེ་དངོས་ཀྱི་སྡུད་རིག་པ། གསོ་རིག་ནད་ཐོག་བཀོལ་སྤྱོད། དམག་དོན་གྱི་ཁྱབ་ཁོངས་སུ་བཀོལ་སྤྱོད་བཅས་བྱེད་ཀྱིན་ཡོད། ཡིན་ན་ཡང་འདི་ནི་འགོ་ཚུགས་པ་ཙམ་ཡིན་ལ། རིམ་འདས་གློག་འདྲེན་ལ་ཞིབ་འཇུག་དང་དེ་བཀོལ་སྤྱོད་བྱེད་པའི་ཐད་དུས་རབས21པའི་ནང་དུ་སྔར་ལས་ལྷག་པའི་མཛེས་སྡུག་ཡིད་དུ་འོང་ཞིང་འོད་སྟོང་རབ་ཏུ་འབར་བའི་མདུན་ལྗོངས་ཤིག་ཅིས་ཀྱང་ཡོད་ངེས་ཡིན། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།