ཀྲུང་གོ་བོད་ཀྱི་དྲ་བ།

སྡུད་དཔྱང་མེ་འཁོར།“འཕུར”ཐུབ་པའི་འགྲུལ་འཁོར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྒྲོ་དཔལ་ཆེན་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2025-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོའི་ཚོང་གཉེར་སྐྱེལ་འདྲེན་གྱི་སྡུད་དཔྱང་མེ་འཁོར་ཨང་དང་པོ།

2006ལོའི་ཟླ4པའི་ཚེས30ཉིན། རང་རྒྱལ་ལ་རང་བདག་ཤེས་བྱའི་རྒྱུ་ནོར་གྱི་བདག་དབང་ཡོད་པའི་མགྱོགས་ཚད་དལ་འབྲིང་ཅན་གྱི་སྡུད་དཔྱང་མེ་འཁོར་ཨང་དང་པོ་དེ་ལ་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་ཁྲིན་ཏུའུ་ནས་ཁང་བའི་ཕྱི་རུ་ཡུལ་དངོས་ནས་འཁོར་སྐྱོད་ཐད་ཀྱི་མཉམ་འབྲེལ་ཚོད་ལྟ་བྱས།

སྡུད་དཔྱང་མེ་འཁོར་ནི་མི་ལོ་སུམ་ཅུ་ནས་བཞི་བཅུའི་ཡར་སྔོན་དུ་བུད་པའི་འགྲིམ་འགྲུལ་ཡོ་བྱད་རིགས་གསར་པ་ཞིག་ཡིན་མོད། འོན་ཀྱང་དུས་སྔ་མོ1911ལོའི་སྐབས་སུའང“སྡུད་སྟན་འགྲུལ་འཁོར”གྱི་དཔེ་དབྱིབས་བཟོས་པའི་མི་ཞིག་ཡོད། དེའི་རྗེས་ཀྱི་བགྲང་བྱ་བཅུ་ཕྲག་དུ་མའི་རིང་ལ། འཇར་མན་དང་ཉི་ཧོང་། ཁ་ན་ཏ། ཨ་རི་ལ་སོགས་པའི་རྒྱལ་ཁབ་ནས་སྡུད་དཔྱང་མེ་འཁོར་ལ་ཚོད་ལྟ་ཡང་ནས་ཡང་དུ་བྱས་པ་རེད། དེང་འདིར་ཆུ་ཚོད་གཅིག་རེའི་མགྱོགས་ཚད་སྟོང་སྨི400ཡན་ལ་སོན་པའི་སྡུད་དཔྱང་མེ་འཁོར་ནི་རྒྱལ་ཁབ་མི་ཉུང་བ་ཞིག་གི་ལྕགས་ལམ་གྱི་མ་ལམ་གསར་པའི་སྟེང་དུ་རྒྱུག་གིན་ཡོད་དོ། །

ཁྱོད་རང་འགྲུལ་བཞུད་མེ་འཁོར་ལ་བསྡད་མྱོང་བ་ཁོ་ཐག་རེད། དེ་ཡང་ཁྱོད་ཀྱིས་འགྲུལ་བཞུད་མེ་འཁོར་སྟེང་ནས“ཁཱང་ལང་ཁཱང་ལང”ཞེས་གྲགས་པའི་མེ་འཁོར་གྱི་སྐད་སྒྲ་ཐོས་ཚེ།  ཁྱོད་ཀྱི་སེམས་ལ་གལ་སྲིད་འདི་འཕུར་ཐུབ་ན་ཅི་འདྲའི་བཟང་བ་ལ་ཞེས་དྲན་མྱོང་ཡོད་ནའང་ཐང་། དོན་དངོས་སུ་སྡུད་དཔྱང་མེ་འཁོར་ནི“འཕུར”ཐུབ་པའི་འགྲུལ་འཁོར་ཞིག་ཏུ་བརྩིས་ཆོག

དུས་སྔ་མོ1911ལོའི་སྐབས་སུ། ཨུ་རུ་སུའི་ཐུའོ་མུའུ་སི་ཁི་བཟོ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཞིག་གིས་གློག་ཤུགས་སྡུད་ནུས་པའི་རྩ་བའི་རིགས་པ་གཞིར་བཟུང་ནས“སྡུད་སྟན་འགྲུལ་འཁོར”གྱི་དཔེ་དབྱིབས་ཤིག་བཟོས་མྱོང་བ་སྟེ། འགྲུལ་བཞུད་མེ་འཁོར་དེ་རིགས་ནི་ལམ་ནས་རྒྱུག་པའི་སྐབས་སུ་འཁོར་ལམ་དང་ཐད་ཀར་ཐུག་མེད་པར་གློག་སྡུད་འབུད་ཤུགས་ལ་བརྟེན་ནས། མེ་འཁོར་འཁོར་ལམ་དང་ཐད་ཀར་ཐུག་མེད་པར་བྱས་ཤིང་གློག་སྒུལ་འཕྲུལ་འཁོར་གྱིས་བསྐོར་ནས་མགྱོགས་ཤིང་མྱུར་བར་རྒྱུག་པ་ཞིག་ཡིན་པས། དེ་ལ“སྡུད་དཔྱང་མེ་འཁོར”ཟེར་གྱིན་ཡོད།

ཡིན་ཡང་སྡུད་དཔྱང་ལག་རྩལ་གྱི་ཞིབ་འཇུག་ནི་འཇར་མན་ནས་འགོ་ཚུགས་པ་ཡིན་ཏེ། དུས་སྔ་མོ1922ལོར་འཇར་མན་གྱི་བཟོ་བཀོད་པ་ཧིར་མཱན·ཁིན་ཕེ་ཨར་གྱིས་གློག་ཤུགས་སྡུད་དཔྱང་གི་རིགས་པ་བཏོན་ཐོག 1934ལོར་སྡུད་དཔྱང་མེ་འཁོར་གྱི་ཆེད་ཕན་རེ་འདུན་ཞུས་ཏེ་བླངས། 1970ལོའི་རྗེས་སུ། འཛམ་བུ་གླིང་གི་བཟོ་ལས་ཅན་རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་ཆག་མེད་དུ་དར་རྒྱས་བྱུང་བ་དང་བསྟུན་ནས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་ཤུགས་མཐོ་རུ་བཏེགས་ནས་དཔལ་འབྱོར་ཡར་རྒྱས་གོང་འཕེལ་བྱུང་བའི་དགོས་མཁོ་དང་འཚམ་པར་བྱེད་ཆེད། འཇར་མན་དང་ཉི་ཧོང་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྔ་གཞུག་ཏུ་སྡུད་དཔྱང་སྐྱེལ་འདྲེན་མ་ལག་གསར་སྤེལ་བྱེད་རྒྱུའི་གྲབས་གཤོམ་བྱེད་འགོ་ཚུགས་པ་རེད།

1983ལོར། འཇར་མན་གྱིMMBསྤྱི་གཉེར་ཁང་གིས་འགོ་ཁྲིད་བྱེད་པའི་མགྱོགས་མྱུར་སྐྱེལ་འདྲེན་སྡུད་དཔྱང་ལྕགས་ལམ་གྱི་ཁེ་ལས་པ་སྡེབ་བསྒྲིགས་ཀྱིས་སྡུད་འཐེན་ཤུགས་ཀྱིས་འདྲུད་པའི་རྩ་བའི་རིགས་པ་སྤྱད་དེ་ཞིབ་འཇུག་གསར་བཟོ་བྱས་པའི་སྡུད་དཔྱང་མེ་འཁོར་ལ་འཁོར་སྒྲོམ་ཚན་པ་གཉིས་ཡོད་ཅིང་། འགྲུལ་པ192བསྡད་ཆོག འཁོར་སྐྱོད་ཀྱི་མཐའ་འབྲས་ལས་སྡུད་དཔྱང་ལྕགས་ལམ་ལ་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཉུང་བའི་ཁར། འགྲུལ་འཁོར་ལ་འགྱིག་འཁོར་སྤྲད་ཡོད་པས། འཛེར་སྒྲ་ཆུང་ཞིང་ཡུལ་ཁམས་དྲི་བཙོག་གིས་སྦགས་ཚད་ཤིན་ཏུ་དམའ་སྟབས། མི་རྣམས་ཀྱིས་དེ་གཙིགས་འཛིན་བྱེད་པའི་རྣམ་པ་ཆགས། འཇར་མན་གྱི་རྗེས་སུ། ཉི་ཧོང་དང་ཁ་ན་ཏ། ཨ་རི། དབྱིན་ཇི། སུའུ་ལེན། ཧྥ་རན་སི་ལ་སོགས་པའི་རྒྱལ་ཁབ་ཀྱིས་སྡུད་ཤུགས་ཀྱིས་དཔྱང་བའི་ལྕགས་ལམ་དང་འགྲུལ་འཁོར་ལ་ཕྱོགས་གང་ཐད་ནས་ཚོད་ལྟ་གང་མང་བྱས་པ་རེད།

1984ལོར། དབྱིན་ཇིས་པཱོ་མེན་ཧན་ནས་མགྱོགས་ཚད་དམའ་བའི་སྡུད་ཤུགས་ཀྱི་དཔྱང་རྒྱུག་ལྕགས་ལམ་དང་འགྲུལ་འཁོར་བཟོ་སྐྲུན་བྱས་ཏེ་བཀོལ་སྤྱོད་བྱས། སྡུད་ཤུགས་ཀྱི་དཔྱང་རྒྱུག་ལྕགས་ལམ་སྟེང་གི་སྡུད་དཔྱང་མེ་འཁོར་དེ་རིགས་ལ་ལྕགས་ལམ་ཉིས་གཤིབ་ཅན་ཞིག་ཡོད་ཅིང་། ལྕགས་ལམ་རེའི་སྟེང་དུ་འཁོར་སྒྲོམ་ཚན་པ་གཉིས་ཀྱིས་གྲུབ་པའི་འགྲུལ་འཁོར་ཞིག་ཡོད་ལ་འཁོར་སྒྲོམ་རེའི་སྟེང་དུ་འགྲུལ་པ40ལྷག་བསྡད་ཆོག འགྲུལ་འཁོར་དེ་པཱོ་མེན་ཧན་གནམ་གྲུ་ཐང་ནས་མེ་འཁོར་འབབ་ཚིགས་བར་གྱི་སྨི800ཡི་བར་ཐག་གི་བར་དུ་ཕར་ཚུར་རྒྱུག་པ་ཡིན་ལ། དེར་ཁ་ལོ་བ་མེད་པར་རྩིས་འཁོར་གྱིས་རང་འགུལ་ཚོད་འཛིན་བྱེད་པ་ཡིན། དེའི་མགྱོགས་ཚད་མཐོ་ཤོས་ནི་ཆུ་ཚོད་རེར་སྟོང་སྨི37.5ཙམ་ཡིན་ཡང་། དེས་སྡུད་དཔྱང་མེ་འཁོར་ནི་དངོས་སུ་ལག་ལེན་བསྟར་འཐུས་ཡིན་པར་དོན་དངོས་ཀྱིས་ར་སྤྲོད་བྱས།

འཁོར་ལོ་འཁོར་ལམ་སྟེང་དུ་འཕྲོད་པར་བྱས་ནས་རྒྱུག་པའི་སྲོལ་རྒྱུན་གྱི་འགྲུལ་བཞུད་མེ་འཁོར་དང་བསྡུར་ན། སྡུད་དཔྱང་མེ་འཁོར་གྱི་མགྱོགས་ཚད་མཐོར་འདེགས་གཏོང་བའི་བཀག་ཆ་གཙོ་བོ་མེད་པར་བཟོས་ཡོད་པས། མིག་སྔར་རྒྱུན་འདྲེན་སྡུད་དཔྱང་མེ་འཁོར་གྱི་ཆུ་ཚོད་རེའི་མགྱོགས་ཚད་ནི་སྟོང་སྨི400ནས500ཡིན་ལ། གློག་འགོག་མེད་པའི་འདྲེན་གཟུགས་ཀྱི་སྡུད་དཔྱང་མེ་འཁོར་གྱི་ཆུ་ཚོད་རེའི་མགྱོགས་ཚད་ནི་སྟོང་སྨི500ནས600ཡིན་པས། དེ་ནི་མགྱོགས་ཚད་མཐོ་བའི་ལྕགས་ལམ་དང་འདྲ་བར་གྲོང་ཁྱེར་ནས་གྲོང་ཁྱེར་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་འགྲིམ་འགྲུལ་གྱི་ཁོངས་སུ་གཏོགས། གྲོང་ཁྱེར་ནང་གི་ལྕགས་ལམ་གྱི་འགྲིམ་འགྲུལ་ལ་ས་འོག་ལྕགས་ལམ་དང་ཡང་བའི་ལྕགས་ལམ། ལྕགས་ལམ་ཅན་གྱི་གློག་ཤུགས་འགྲུལ་འཁོར་སོགས་ཡོད་དོ། །

སྡུད་དཔྱང་མེ་འཁོར་ལ་དུས་ད་ལྟ་ཤེས་ཟིན་པའི་སྐྱོན་ཆ་ཆེན་པོ་གསུམ་ཡོད་པ་ལས་དང་པོ་ནི། དེའི་འཁོར་སྒྲོམ་སྲོལ་རྒྱུན་གྱི་མེ་འཁོར་ལྟར་ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་ལ་བརྟེན་ནས་ལྕགས་ལམ་གཞན་པའི་སྟེང་དུ་འགྲོ་མི་ཐུབ། གཉིས་ནི་གློག་ཆད་རྗེས་སྡུད་དཔྱང་མེ་འཁོར་གྱི་བདེ་འཇགས་འགན་སྲུང་བྱེད་ཐབས་དུས་ད་ལྟ་རྟིང་ནས་ད་རུང་ཐག་གིས་ཆོད་མེད། གསུམ་ནི་འགྱེད་འཕྲོ་ཤུགས་དྲག་པོ་ལྡན་པའི་སྡུད་ཁྱམས་ཀྱིས་མིའི་བདེ་ཐང་དང་། སྐྱེ་ཁམས་ཁོར་ཡུག་དོ་མཉམ་པོ་ཡོང་བ་དང་གློག་རྡུལ་ཐོན་རྫས་ཀྱི་འཁོར་སྐྱོད་བཅས་ལ་གནོད་པ་ཐེབས་སྲིད་པ་བཅས་རེད།

སླད་མར་སྡུད་དཔྱང་མེ་འཁོར་དེ་མྱུར་བགྲོད་ལྕགས་ལམ་གྱི་འགྲིམ་འགྲུལ་ཡོ་བྱད་གཙོ་བོར་འགྱུར་མི་སྲིད་ན་ཡང་། དེས་མྱུར་བགྲོད་ལྕགས་ལམ་འགྲིམ་འགྲུལ་གྱི་སྲོལ་བཏོད་པའི་ལོ་རྒྱུས་ཀྱི་དོན་སྙིང་ནི་བསུབ་ཐབས་དང་བྲལ་བ་ཞིག་ཡིན། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།