དབྱར་ཁའི་དུས་སུ་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེ་བས། གལ་ཏེ་ང་ཚོ་ཕྱི་རོལ་ནས་དྲག་ཆར་དང་འཕྲད་ཚེ་ཆུ་ལོག་དང་རི་ཉིལ་བ། འདམ་རུད་སོགས་ཀྱི་ཉེན་ཁར་ཇི་ལྟར་གཡོལ་དགོས།
གཅིག མྱུར་དུ་ཉེན་ཁ་ཆེ་སར་རྒྱང་ཐག་གྱེས་དགོས།
རྫིང་བུ་དང་ཆུ་རྐ། ཆུ་མཛོད། གྲོག་རོང་སོགས་དང་རིང་དུ་གྱེས་ཏེ་མཐོ་སར་འབྲོ་རྒྱུ་ལས་སྡོང་བོའི་འོག་ཏུ་གཡོལ་མི་རུང་། གལ་ཏེ་རི་ཁུལ་དུ་རྐང་ཐང་དུ་འགྲོ་ཚེ། མྱུར་དུ་ས་བབ་ཡངས་ཤིང་མཐོ་ལ་ཁོད་སྙོམས་པའི་གནས་སུ་འབྲོ་དགོས།
གཉིས། མགྱོགས་མྱུར་སྒོས་བདེ་འཇགས་གནས་ཡུལ་འཚོལ་དགོས།
གལ་ཏེ་ཉེ་འགྲམ་དུ་སྡེ་བ་དང་ཁྱིམ་ཚང་སོགས་ཉེན་ཁར་གཡོལ་ས་ཡོད་ཚེ། གང་མགྱོགས་སྒོས་གནས་དེར་འབྲོ་དགོས། ས་ཆ་དེ་དག་ལྟོས་བཅས་ཀྱིས་བརྟན་འཇགས་ཡིན་ལ་བརྡ་རྟགས་ཀྱང་ཡོད་སྲིད། གལ་ཏེ་གནས་སྐབས་སུ་གཡོལ་ས་མ་རྙེད་ཚེ། བྲག་སྲུབས་ཆུང་ཆུང་དང་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པའི་རི་བོའི་གཞོགས་གཉིས། ཡང་ན་ས་བབ་ཅུང་མཐོ་བའི་ཁོད་སྙོམས་སར་འབྲོ་དགོས།
གསུམ། རང་ཉིད་ལ་འགོག་སྲུང་ནན་མོ་བྱེད་དགོས།
དྲག་ཆར་བབས་པ་དང་བསྟུན་གནམ་གཤིས་དྲོད་ཚད་ཀྱང་ཇེ་དམའ་རུ་འགྲོ་སྲིད་ལ། ལྷག་པར་དུ་མཐོ་སྒང་གི་དྲོད་ཚད་དམའ་བས། དུས་ཐོག་ཏུ་ལྭ་བ་མཐུག་པོ་གྱོན་དགོས།
ལག་ཁྱེར་ཁ་པར་གྱི་དགོས་མེད་བྱེད་ནུས་སྣ་ཚོགས་སྒོ་རྒྱབ་སྟེ། གློག་གྲོན་ཆུང་བྱེད་པ་དང་མཉམ་དུ་ཕྱི་རོལ་དང་འབྲེལ་གཏུགས་བྱེད་དགོས། (དཔེར་ན་ས་གནས་ཀྱི་རོགས་སྐྱོབ་ཁ་པར་དང་མཛེས་ལྗོངས་ཁུལ་གྱི་དོ་དམ་ཁང་ལ་ཁ་པར་བཏང་ནས་རང་གི་སྡོད་གནས་དང་གནས་ཚུལ་གསལ་བོར་བཤད་དགོས)།
བཞི། ཉེ་འཁོར་གྱི་ཁོར་ཡུག་ལ་ལྟ་ཞིབ་བྱས་ནས་གནོད་འཚེ་སྔོན་འགོག་བྱེད་དགོས།
གྲོག་ཞབས་ནས་མེ་འཁོར་གྱི་སྒྲ་ལྟ་བུའམ་ཁྲོག་སྒྲ་གྲགས་པ་དང་། ས་ངོས་གས་ཆག་ཤོར་བ། རི་ཉིལ་བ་སོགས་ཀྱི་སྣང་ཚུལ་ཡོད་ཚེ། མྱུར་དུ་བདེ་འཇགས་ཀྱི་གནས་སུ་འབྲོ་དགོས།
ལྔ། དྲག་ཆར་ཇེ་ཆུང་དུ་སོང་ཚེ་ད་གཟོད་འགྲོ་འོང་བྱེད་དགོས།
དྲག་ཆར་ཆེས་ཆེ་དུས་འགྲོ་འོང་མི་བྱེད་པ་དང་། ཆར་ཇེ་ཆུང་དུ་སོང་བ་དང་མཐའ་འཁོར་བདེ་འཇགས་ཡིན་དུས། ལམ་ཐིག་འཆར་འགོད་བྱས་ཏེ་སྔར་ཡོད་ཀྱི་ལམ་དང་ཡང་ན་ལམ་ཆེན་བརྒྱུད་ནས་འབྲོ་དགོས། །