ཀྲུང་གོ་བོད་ཀྱི་དྲ་བ།

​​ཆུ་ལོག་ཡོང་དུས་རང་སྐྱོབ་ཇི་ལྟར་བྱེད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆུ་ལོག་གི་འཇིགས་སྐུལ་ཕོག་ན་ངེས་པར་དུ་སེམས་ཁམས་ལྷོད་འཇགས་ཡོང་བ་བྱེད་དགོས། གལ་ཏེ་དུས་ཚོད་འདང་ངེས་ཡོད་ན་སྔོན་བཀོད་ཀྱི་ལམ་ཐིག་ལྟར་རྩ་འཛུགས་ཡོད་པའི་སྒོ་ནས་རི་ལྡེབས་དང་མཐོ་ས་སོགས་སུ་སྤོ་དགོས།
      (1)ཕྱི་རོལ་དུ་ཆུ་ལོག་གི་འཇིགས་སྐུལ་ཐེབས་སྐབས་ངེས་པར་དུ་སེམས་ཁམས་ལྷོད་འཇགས་ཡོང་བ་བྱས་ཏེ། དུས་རྒྱུན་དུ་ཁོང་དུ་ཆུད་པའི་ས་གཤིས་གནས་ཚུལ་ལ་གཞིགས་ནས་མགྱོགས་མྱུར་ངང་མཐའ་འཁོར་གྱི་ཁོར་ཡུག་ལ་བརྡར་ཤ་གཅོད་པ་དང་། མགྱོགས་མྱུར་ངང་རི་མགོ་དང་ཅུང་མཐོ་བའི་ས་གནས་སུ་སྤོ་དགོས། དུས་མཚུངས་སུ་ཆུའི་གནས་ཚུལ་ཉེན་བརྡའི་བྱང་བུར་དོ་སྣང་བྱས་ནས་ཆུ་ཟབ་ས་དང་ཆུའི་འབུད་སྒོར་ལྷུང་བ་སྔོན་འགོག་བྱེད་དགོས།

རི་ཁུལ་དུ་གལ་ཏེ་བསྟུད་མར་ཆར་ཆེན་བབས་ན་ཆུ་ལོག་འབྱུང་སླ་བ་ཡིན། གནས་ཚུལ་དེ་རིགས་དང་འཕྲད་ཚེ། ཆུ་བོ་བརྒལ་བར་མཉམ་འཇོག་བྱེད་དགོས་པ་མ་ཟད། ཆུ་ལོག་གིས་ཁུར་བར་དོགས་ཟོན་བྱེད་དགོས་ལ། ད་དུང་རི་ཉིལ་བ་དང་རྦབ་རྡོ་འགྲིལ་བ། འདམ་རྡོའི་ཆུ་རུད་བཅས་ལ་དོགས་ཟོན་བྱེད་དགོས།

(2)སྡོད་ཁང་ལ་ཆུ་ལོག་ཐེབས་པའམ་ཡང་ན་ཆུས་བསྣུབས་ཚེ་མགྱོགས་མྱུར་ངང་ཁྱིམ་མི་ཁང་ཀླད་དུ་སྤོ་རུ་འཇུག་དགོས་པར་མ་ཟད། ཐབས་ཤེས་བཙལ་ནས་ཉེན་སྐྱོབ་གྱི་བརྡ་རྟགས་གཏོང་དགོས་ལ། ཆ་རྐྱེན་ཡོད་ཚེ་སྨྱུག་ཤིང་སོགས་ཆུ་གཡེང་དངོས་པོ་བེད་སྤྱད་ནས་བདེ་འཇགས་ཀྱི་གནས་སུ་སྤོ་དགོས།

གལ་ཏེ་ཆུ་ལོག་མུ་མཐུད་དུ་ཇེ་ཆར་སོང་ནས་གནས་སྐབས་གཡོལ་སར་རང་སྲུང་བྱེད་དཀའ་ན། གྲ་སྒྲིག་བྱས་ཟིན་པའི་སྲོག་སྐྱོབ་ཡོ་བྱད་བེད་སྤྱོད་གང་ལེགས་བྱས་ནས་སྲོག་སྐྱོབ་བྱེད་པའམ་ཡང་ན་མགྱོགས་མྱུར་སྒོས་པང་ལེབ་དང་སྒྲོག་ཙེ། རྐུབ་སྟེགས། ཤིང་ཁྲི། ལྦུ་འགྱིག་ཆེན་པོ་སོགས་ཆུ་གཡེང་ཐུབ་པའི་རྒྱུ་ཆ་བཙལ་ནས་གཟིངས་སུ་བསྒྲིགས་ནས་སྲོག་སྐྱོབ་བྱེད་དགོས།

(3)གལ་ཏེ་ཆུ་ལོག་གིས་མཐའ་བསྐོར་ཚེ་གང་མགྱོགས་ངང་ས་གནས་དེ་གའི་སྲིད་གཞུང་གི་ཆུ་ལོག་འགོག་པའི་སྡེ་ཁག་དང་འབྲེལ་བ་བྱས་ཏེ་རང་ཉིད་ཀྱི་གནས་ཡུལ་དང་ཉེན་ཁའི་གནས་ཚུལ་སྙན་སེང་ཞུ་ནས་རོགས་སྐྱོབ་འཚོལ་བྱེད་དགོས།

གལ་ཏེ་ཆུ་ལོག་གི་ནང་དུ་ཚུད་ཡོད་ན། ངེས་པར་དུ་གཏན་འཇགས་སམ་གཡེང་ཐུབ་པའི་དངོས་པོར་འཛིན་གང་ཐུབ་བྱས་ནས་སྲོག་ཉེན་ལས་ཐར་བའི་གོ་སྐབས་འཚོལ་དགོས།

ཆུ་རྐྱལ་བྱས་ནས་སྲོག་ཉེན་ལས་ཐར་བར་བྱེད་མི་རུང་ལ། གློག་ཡོད་པའི་གློག་སྡོང་དང་ལྕགས་སྒྲོམ་ལ་འཛེགས་མི་རུང་ལ། ས་ཕག་ཁང་བའི་ཁང་ཀླད་དུ་ཡང་འཛེགས་མི་རུང་།

མཐོ་གནོན་གློག་སྐུད་ལྕགས་སྡོང་གསེག་པའམ་གློག་སྐུད་ཀྱི་སྣེ་ཆད་ནས་ཐུར་དུ་འཕྱང་བའི་སྐབས་སུ་ངེས་པར་དུ་མགྱོགས་མྱུར་ངང་དེར་གཡོལ་གང་ཐུབ་བྱས་ཏེ། ཐད་ཀར་གློག་ལ་འཕྲད་པའམ་ཡང་ན་ས་ངོས་སུ“གོམ་སྟབས་བརྒལ་བའི་གློག་གནོན”གྱི་གློག་ལ་འཕྲད་པར་སྔོན་འགོག་བྱེད་དགོས།

(4)ཆུ་ལོག་ཉམས་རྗེས། རིམས་འགོག་མི་སྣར་ཟས་རིགས་དང་འཐུང་ཆུའི་འཕྲོད་བསྟེན། རིམས་འགོག་གི་ལས་ཀ་ལེགས་པར་བསྒྲུབ་རོགས་བྱ་དགོས། ཟས་རིགས་གྲང་མོ་དང་སྲོག་ཆགས་ཀྱི་ཤི་རོ་ཟ་མི་རུང་ལ། ཆུ་ཁོལ་རྗེས་ད་གཟོད་འཐུང་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།